སྟོན་ཟླ་མཐའ་མའི་སྙན་ངག

གླིང་ཚང་རིག་པའི་སྙེ་མ། (བོད་ནང་།)

མཛེས་སྡུག་ལང་ཚོ་བཀྲ་བའི་དབྱར་གཞུང་གི་དཔལ་ཡོན།།
པིར་གྱིས་བྲིས་པའི་ཚོན་མདངས་ཇི་བཞིན་དུ་མངོན་ཀྱང་།།
མི་སྡོད་སྐད་ཅིག་དུས་ཀྱི་འཕོ་འགྱུར་གྱི་དབང་གིས།།
ཡིད་ཀྱི་གཏད་སོ་བྲལ་བའི་ངང་ཚུལ་ལས་མི་འདུག།

སྐྱི་སེར་རླུང་བུས་བདེ་བའི་དྲོད་ཁོལ་ཡང་འཕྲོགས་ཐལ།།
ཡོམ་ཡོམ་སྒུལ་བའི་སྟོན་ལོ་ཕྱོགས་ཀུན་ཏུ་བཀྲམ་སོང་།།
སྨུག་སྤྲིན་ལང་ལོང་འཐིབས་པའི་རི་ལུང་གི་དར་རྒུད།།
མཐོང་ན་ཡིད་ཀྱི་གསེང་ལ་ཤུགས་རིང་ཞིག་འབྱུང་གི།

མ་བརྟགས་འཁོར་བའི་ཆོས་ལ་བདེན་སྣང་ཞིག་འདུག་ཀྱང་།།
བརྟགས་ན་ཡོད་ཚད་བདེན་པའི་ར་བ་ལས་བརྒལ་བའི།།
འདི་སྣང་གང་བྱས་ལས་ཀྱི་གྲུབ་འབྲས་ལ་བསམས་ན།།
ཀྱེ་མ་ཀྱེ་ཧུད་ཡིད་གཏན་ཁེལ་བ་ཞིག་འདུག་གམ།།

འབྲས་བུ་ཁུར་དུ་ལྕི་བའི་ལྗོན་ཤིང་གི་ཚོགས་ཀྱང་།།
ད་ནི་ན་ཚོད་རྒ་བའི་རྒན་པོ་དང་འདྲ་བར།།
སྐྱེས་ནས་རྒུད་པའི་སྣང་བ་མངོན་སུམ་དུ་མཐོང་དུས།།
ཀུན་ལ་རྟག་བརྟན་མེད་པའི་ཆོས་ཉིད་ཅིག་རྟོགས་བྱུང་།།

བྱ་བྱེའུ་མགྲིན་གླུ་སྣ་ཚོགས་རི་ལུང་ཀུན་མཆེད་ཀྱང་།།
ཡུན་རིང་མ་མ་དྲན་པའི་བུ་ཆུང་དང་འདྲ་བར།།
རྒྱང་ནས་རྒྱང་དུ་བཞུད་པའི་གནས་ཚུལ་འདི་མཐོང་ན།།
གནས་ལ་ངེས་གཏན་མེད་པའི་ཆོས་ཉིད་ཅིག་རྟོགས་བྱུང་།།

ཚེ་འདིར་བེམ་གོག་འདི་ཡང་གྲྭ་གཟུགས་སུ་མཆིས་ཀྱང་།།
རིང་ལ་ཐུང་བའི་ལོ་ཟླའི་རྨི་ལམ་གྱི་ནང་དུ།།
སྣང་བ་གང་ཞིག་འཆར་མིན་ཡིད་གཉིས་སུ་གྱུར་ནས།།
རང་ཉིད་རང་ལ་དབང་བའི་ཡིད་ཆེས་ཀྱང་མི་འདུག།

གྱ་གྱུ་སེམས་ཀྱི་ཆུ་རིས་གང་འདྲ་ཞིག་བྲིས་ཀྱང་།།
མི་སྡོད་མྱུར་མོའི་གོམ་འགྲོས་རྒྱུ་ཕྱོགས་ལ་བལྟས་ན།།
ཡུན་རིང་ཕྲག་ཏུ་བཀལ་བའི་གཡག་རྒན་གྱི་ཁུར་པོ།།
ཅུང་ཟད་ངལ་བའི་རྔུལ་ཆུ་དོན་མེད་རང་རེད་འདུག།

དེའི་ཕྱིར་བླ་མ་མཆོག་དང་ཡི་དམ་གྱི་ལྷ་ལ།།
སྙིང་ནས་འོ་དོད་བྱེད་པའི་ཐབས་ཉིད་ལ་རེ་ན།།
མི་མངོན་དབྱིངས་ནས་གཟིགས་པའི་སྐྱབས་ཡུལ་གྱི་ཚོགས་རྣམས།།
དམན་བུ་ཐུགས་ཀྱིས་མ་འདོར་ཡིད་མཁའ་རུ་བཞུགས་མཛོད།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།