ལོ་རིམ་གསུམ་པའི་སློབ་གཉེར་བ། ཚེ་རིང་བཀྲ་ཤིས།
དུ་བ་སྔོ་ལོང་ཕྱུར་བའི་ཞོགས་པའི་ལྗོངས་ན།།
རི་མགོའི་ཆུ་འཛིན་ནག་ནོག་ཡུལ་ལ་འབབ་བཞིན།།
ཉི་འོད་གངས་ལ་ཟུག་པའི་འོད་མདངས་འཚེར་དུས།།
གངས་རིའི་ཕྲེང་བས་བསྐོར་བའི་རང་ཡུལ་དྲན་བྱུང་།།
ཐོ་རངས་ས་གཞི་སྨུག་པས་ཡོངས་སུ་ཁེབས་ནས།།
སྡོང་བུའི་བྱིའུ་ཆུང་གསུང་སྐད་དབྱངས་སུ་གྱེར་བཞིན།།
མཐའ་མཚམས་རྒྱ་མཚོའི་འགྲམ་ནས་བསིལ་རླུང་ལྡང་དུས།།
ལྷོ་མཐའི་རྣམ་གླིང་དགོན་གྱི་ཡུལ་ལྗོངས་དྲན་བྱུང་།།
བསིལ་ལྡན་གངས་རིའི་ཡུལ་དུ་གཟུགས་སྐུ་བཞད་ཅིང་།།
རང་དོན་ཐོས་བསམ་སྒོམ་པའི་འོད་སྟོང་འབར་ནས།།
གཞན་དོན་རྒྱ་གར་ལྷོ་ཕྱོགས་འོད་ཀྱིས་འགེངས་དུས།།
བི་མའི་ཡང་སྤྲུལ་ཁྱེད་ཉིད་ལྷག་ཏུ་དྲན་བྱུང་།།
གཞི་མེད་སྐྱོན་འཛུགས་ང་རོ་འབྲུག་ལྟར་བསྒྲགས་ཀྱང་།།
འཚེ་མེད་ཞི་བདེའི་སྤྱན་གྱིས་གཟིགས་སྟངས་རེ་ཡིས།།
འཛམ་གླིང་མགུ་བར་བྱས་པའི་གཟེངས་རྟགས་བཞེས་དུས།།
ཕྱག་ན་པད་མོ་ཁྱེད་ཉིད་ཡང་ཡང་དྲན་བྱུང་།།
ཀ་ཁའི་རྨང་གཞི་འདིང་བའི་དགེ་རྒན་བཟང་པོས།།
དཀའ་སྡུག་གང་ལ་འཕྲད་ཀྱང་གདོང་ལེན་ཡོད་པའི།།
ཐོས་བསམ་སྒོམ་པའི་བླང་དོར་མིག་གཅིག་སྦྱིན་དུས།།
མཐོ་སློབ་དགེ་རྒན་ཁྱེད་རྣམས་མང་དུ་དྲན་བྱུང་།།
ཟླ་དགུ་མངལ་དུ་ཁྱེར་ཏེ་འོ་མས་བསྐྱངས་ཤིང་།།
ཟས་གོས་གང་ལ་གང་ཡག་ཕུད་ཀྱིས་གཡོག་དུས།།
བྱམས་བརྩེ་མངའ་བའི་ཨ་མའི་ཞལ་གྱི་དཀྱིལ་འཁོར།།
ཡིད་ལ་ལྷང་ལྷང་འཁོར་བའི་བརྩེ་མདངས་ཤར་བྱུང་།།
སོ་ནམ་ཞིང་ལས་བྱས་ཏེ་ཟས་གོས་བཙལ་ནས།།
ནང་མི་སྐྱོང་བའི་ཕ་རྒན་ཁྱེད་ཀྱི་དྲིན་ལས།།
ཀྱག་ཀྱོག་མི་ཚེ་སྐྱེལ་བའི་ཚུགས་ཀ་མཐོང་དུས།།
བདག་ལ་ལམ་སྟོན་བྱེད་པའི་ཕ་རྒན་དྲན་བྱུང་།།
རང་མདངས་འཚེར་བའི་ཁོ་བོའི་དྲིན་པོ་ཁྱེད་རྣམས།།
རང་མདངས་སླད་ནས་སླད་དུ་འཆར་བར་བྱེད་ཅིང་།།
རང་མདངས་འཚེར་བའི་ངང་ནས་འཚོ་བ་ཁྱོལ་ཏེ།།
རང་མདངས་གདོད་མའི་དབྱིངས་སུ་མཇལ་བར་སྨོན་ནོ།།
༢༠༢༣/༠༩/༢༥