ཐུབ་བསྟན་དབང་གྲགས། འཛིན་རིམ་ལྔ་པ།
ནངས་པའི་ཉི་མ་ཤར་རིའི་རྩེ་ལ་ཕོག།
བ་མོའི་རྣམ་ཤེས་རྩྭ་མགོའི་ཟིལ་པར་འཕོ།།
ཚོར་བ་སྐྱེན་པོས་འདས་དོན་ལས་ལ་བསྔོགས།།
དྲན་གདུང་ཟུག་རྔུའི་ཟུར་ཞིག་རླུང་ལ་བསྐུར།།
ཆུ་བོའི་གཉེར་མ་རེ་རེ་ཚུར་ཚུར་རྒྱུ།།
སེམས་ཀྱི་མི་བུ་རེ་རེ་ཕར་ཕར་བུད།།
ཕར་བོས་ཚུར་བསུ་མེད་པའི་ཡིད་ལུས་ཤིག།
རྒྱ་མཚོའི་ཕ་རོལ་ཅེར་བཞིན་ཕ་རོལ་གླེང་།།
བྱང་མཐའི་སྤྲིན་པ་སེར་པོའི་གོས་འདབས་ན།།
རྣམ་ཤེས་ལྷག་མ་ཞིག་གིས་ང་ལ་འཁྲེང་།།
དྲན་པ་སྨྲེང་གླུ་རིང་མོས་གཟུགས་རིས་བྲིས།།
སྙིང་གི་ཟབ་ས་དེ་ན་གསང་བ་སྦས།།
ངོ་གདོང་བྱང་ལ་གཏད་ནས་རླུང་བུ་བརྔུབས།།
རླུང་བུས་སེམས་པ་ཁྱེར་ཏེ་ཕ་ཡུལ་སོང་།།
ཕ་ཡུལ་རི་ལུང་ཐང་གསུམ་སྙན་ངག་བྲིས།།
སྙན་ངག་པིར་གྱིས་སེམས་པ་སྲབ་མོ་བཤགས།།
དབུགས་རིང་ལྷོད་པོས་སེམས་པ་བྱིལ་བྱིལ་བྱས།།
དྲན་པའི་ན་ཟུག་དབུགས་ཀྱི་དང་ག་འགག།
སྐྱོ་གདུང་སྐྱུར་མོ་ལྷོ་མཐའི་བུ་ཡིས་མྱོང་།།
ཉི་འོད་ཚ་པོས་ཁྲེལ་དགོད་ང་ལ་ཤོར།།
༢༠༡༧/༩/༤