ལྷུན་གྲུབ། འཛིན་རིམ་ལྔ་པ།
བདེན་པ་བདེན་པ་ཡིན་པའི་ར་སྤྲོད་དང་།།
རྫུན་མ་རྫུན་མ་ཡིན་པའི་རྒྱུ་མཚན་བཤད།།
དངོས་ཡོད་གནས་ལུགས་གང་ཡིན་བསྟན་པ་ལས།།
ཧམ་པས་གདུལ་བྱ་མ་བསྐྱངས་གཽཏམ་མཁྱེན།།
༡
གླེང་སློང་།
སྤྱི་ལོ་ ༢༠༡༦ ལོའི་སྐྱོར་དཔོན་ཞིག་གི་རྩོམ་ཤོག་དམ་བཅའི་སྐབས། ང་རང་ངོས་ནས་རྩོམ་ཤོག་གི་བརྗོད་གཞི་དང་མཐུན་པའི་དྲི་བ་ཞིག་འདྲི་ཁུལ་བྱས། སྐབས་དེ་དུས་དམ་བཅའ་བས་ངའི་དྲི་བ་མ་ཚར་སྔོན་ནས་ཁྲེལ་རྒོད་དང་བཅས་འཁོར་བ་ལ་ཐོག་མ་ག་པ་ཡོད་རེད་ཟེར་ནས། ངའི་དྲི་བ་ལ་སྣང་མེད་སྣང་རྐྱང་བཏང་བྱུང་བས་མི་ཚད། དམ་བཅའ་བ་ཁོ་རང་གིས་ལོ་མང་པོའི་བར་དུ་བརྟགས་ནས་ངེས་ཤེས་ཡོད་པའི་བཟོ་འདྲ་ཞིག་བྱས་ཏེ་བཤད་བྱུང་། མ་གཞི་ད་ཡོད་བོད་བརྒྱུད་ནང་བསྟན་འཛིན་མཁན་བྱིངས་ལ་སྐྱོན་ཆ་ཆེ་ཤོས་གཅིག་ཡོད་པ་འདི་ཡིན་འདུག་སྟེ། དམ་པ་ཆེ་གེ་མོ་ཞིག་གིས་གསུངས་ཡོད་ཚེ་དེ་ག་རང་ཚད་མར་བཟུང་ནས་རང་གི་རིགས་པ་བེད་སྤྱོད་མི་གཏོང་བ་དང་། དངོས་ཡོད་བདེན་དཔང་མེད་བཞིན་དུ་ཨུ་ཚུགས་མཐར་སྐྱེལ་བྱེད་རྒྱུ་དགའ་བ། བློ་ལྡན་རྣམས་ཀྱི་རིགས་པའི་མེལ་ཚེས་དལ་གྱིས་གནོད་ཚེ་ད་གཟོད་བྱོལ་ས་དང་གབ་ས་འཚོལ་མི་ནུས་པ་དང་། རང་ངོས་ནས་ཡིན་ལུགས་ཚུལ་ལྡན་གྱི་ལན་པོ་གང་ཡང་སློག་མི་ཤེས་པར་མཁས་པ་ཆེ་གེ་མོ་ཞིག་གིས་གསུངས་པའི་ཕྱིར་ཙམ་ལ་ཁ་གཡོར་ཨེ་ཐུབ་བྱེད། ད་དུང་ཡང་མ་ནུས་ན་དེ་ལ་ག་ཚོད་ཐུབ་ཐུབ་ཁྲེལ་རྒོད་བྱེད་ཅིང་། ལྟ་ལོག་པ་དང་ཅི་ཡང་མི་ཤེས་མཁན་གྲས་སུ་རྩི། ཞིབ་མོའི་བློ་ཡིས་བསམས་ན་སྔོན་བྱོན་རྒྱ་བོད་མཁས་པ་རྣམས་ཀྱི་མཛད་སྟངས་དེ་འདྲ་ཡེ་ནས་མ་རེད།
དཔེར་ན། འཕགས་ཡུལ་ནཱལནྡཱའི་དགེ་སློབ་རྣམས་ཀྱི་མཛད་ཚུལ་ལ་ཕྱིར་མིག་བལྟས་ན། དངོས་ཡོད་དང་མི་མཐུན་པ་བཤད་ཚེ་བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་ཡིན་རུང་ཡང་དག་རིགས་པའི་ལམ་ནས་ཚར་བཅད་པའི་ལོ་རྒྱུས་མང་། འོན་ཀྱང་འདིའི་བརྒྱུད་འཛིན་པ་ཡིན་ཟེར་ནས་ཁྱབ་བསྒྲགས་བྱེད་ཨེ་ཐུབ་ལ་འབད་བཞིན་པའི་ད་ཡོད་བོད་ཀྱི་ཐུབ་བསྟན་འཛིན་མཁན་ཚོ་ནི་གོང་བཤད་བཞིན་སོ་སོའི་ཕྱོགས་ཀྱི་གང་བཤད་བདེན་པ་དང་། ཆོས་བརྒྱུད་གཞན་དག་གི་མཁས་པས་ཅི་གསུངས་རྫུན་དུ་འདོད་ཅིང་། ད་དུང་གོམས་གཤིས་ངན་པ་གཞན་ཞིག་ཡོད་དེ། སྟོན་པ་བཀའ་དྲིན་ཅན་གྱི་གསུང་འགའ་ཤས་ལ་སྣང་མེད་སྣང་རྐྱང་བཏང་དང་གཏོང་གིན་འདུག་ལ། ཡང་ཁ་ཤས་ལ་དཔྱད་པ་ཧ་ཅང་ཤུགས་ཆེ་དྲགས་ནས་ཅི་ཡིན་འདི་ཡིན་མེད་པ་བཟོ་ཡི་འདུག དངོས་གནས་བྱས་ན་ང་ཚོས་ལག་པས་སྙོབ་ཐུབ་ས་གཅིག་དང་མི་ཐུབ་ས་གཉིས་ཡོད། སྙོབ་ནུས་ས་ལ་དོན་དག་མེད་པར་ལག་པ་བསྐུམ་དགོས་ཡ་གང་ཡང་མི་འདུག་ལ། སྙོབ་མི་ནུས་ས་ལ་ཧམ་པའི་ལག་ཟུང་མ་བརྐྱངས་ན་ཡག་ཆེ་ཡི་རེད་མ་གཏོགས། ཁ་ཅིག་ནི་རྦད་དེ་ཐལ་ཆེ་ནས་སུས་གང་གསུངས་དང་དངོས་ཡོད་གང་ཡིན་ལ་མི་གཞིག་པར། རང་དྲན་ཁོ་ན་གཙིགས་སུ་འཛིན་ཅིང་བསམ་གྱིས་མི་ཁྱབ་པའི་ཆོས་ལ་དད་པ་ལོག་སོང་བའི་ཐ་ཤལ་མི་ཉུང་བ་ཞིག་ཀྱང་འདུག དེས་ན་མཐའ་གཉིས་སུ་མི་ལྷུང་རྒྱུ་དེ་གལ་འགངས་ཆེ་བར་སྣང་ངོ་།།
༢
ད་ནི་བརྗོད་གཞིའི་དཀྱུས་སུ་གཞུག་པར་བྱ་སྟེ། འདིར་གུས་པས་རང་ཉིད་འགྲོ་བ་མི་ཞིག་ཡིན་པ་དང་། སྨྲ་བརྗོད་ལ་རང་དབང་སྟེར་བའི་སྟོན་པ་ཁྱད་པར་ཅན་ཞིག་གི་རྗེས་འཇུག་ཡིན་པ་སོགས་ཀྱི་རྒྱུ་མཚན་མང་པོས་རྐྱེན་བྱས་ཏེ། དངོས་ཡོད་ཡང་དག་རིགས་པ་ལ་རྒྱབ་བསྙེས་ཏེ་ང་ཚོ་དང་ང་ཚོ་གནས་སའི་ཡུལ་འདི་གང་ནས་དང་། ཇི་ལྟར་བྱུང་མིན་ཙམ་བརྗོད་རྒྱུའི་སྤོབས་པ་ཆུང་ཆུང་ཞིག་དུས་དང་རྣམ་པ་ཀུན་ཏུ་ཡོད་པ་འདི། དེ་རིང་ཡི་གེའི་ལམ་ནས་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་འདོད་བྱུང་། ཡིན་ན་ཡང་མི་རེ་ཟུང་གི་ངོར་དོན་མེད་གཏམ་གྱི་ཐང་མ་བཀྲམ་པའི་སྣང་བ་ཞིག་སྟེར་སྲིད་མོད། དངོས་ཡོད་རྗེན་པར་མཐོང་སྙིང་མི་འདོད་པ་ཚོར་རེ་ཞིག་བཟོད་པར་གསོལ་རྒྱུ་ལས་ཐབས་ཤེས་མི་འདུག
དེ་ཡང་དངོས་པོ་གང་དང་གང་ཡིན་ནའང་རང་རྒྱུ་སྔ་མ་ལ་མ་བལྟོས་པར་རང་དབང་ཚུགས་ཐུབ་ཀྱིས་གྲུབ་པ་ཞིག་གར་ཡང་མི་སྲིད་པ་དངོས་འབྲེལ་རེད་ལ། ཆོས་དང་ཆོས་མེད་སྨྲ་བའི་མཁས་དབང་མང་པོ་ཞིག་ཀྱང་ཞལ་འཆམས་པར་སྣང་ངོ་། །དེ་བཞིན་འཁོར་བ་འདི་དངོས་པོ་ཡིན་པ་བློ་ལྡན་ཀུན་ཀྱིས་རྩོད་མེད་དུ་འདོད་ཅིང་། འོན་ཏང་ཐོག་མའི་བྱུང་རིམ་འདོད་སྟངས་ལ་མི་འདྲ་བ་མང་པོ་བྱུང་ཡོད་དེ། དཔེར་ན། ཕྱི་རོལ་པ་མང་ཆེ་བས་ད་ལྟའི་འཇིག་རྟེན་འདི་མ་ཆགས་པའི་སྔ་རོལ་དུ། ས་ཆུ་མེ་རླུང་བཞིའི་རྡུལ་ཕྲ་མོ་མང་པོ་བར་སྣང་སྟོང་པའི་ཁམས་སུ་མི་འཇིག་པར་སོ་སོར་གནས་ཡོད་པ་ལ་དབང་ཕྱུག་ཆེན་པོའི་བློ་ཡི་གཡོ་བ་སྔོན་དུ་བཏང་སྟེ་འཇིག་རྟེན་འདི་བསྐྲུན་དགོས་སྙམ་པ་བཞིན། བཟོ་བ་མཁས་པ་གཅིག་གིས་ཁང་པ་བཟོས་པ་ལྟར་བྱས་པར་འདོད་དོ། །དེ་དང་དེ་ཡིས་མཚོན་འཇིག་རྟེན་བཀོད་པ་པོ་འདོད་མཁན་མང་ཆེ་བའི་བསམ་ཚུལ་འདྲ་སྟེ། ཁོང་ཚོས་ཟེར་ན་འཇིག་རྟེན་འདི་བཟོ་མཁན་གཅིག་མེད་ན་དེ་འདྲའི་གྲ་འགྲིག་པོ་དང་ཆ་སྙོམས་པོ་ཡོང་ཐབས་མེད་ཟེར། ཡང་འཇིག་རྟེན་རྒྱང་འཕེན་པ་རྣམས་ཀྱིས་ནི་རྒྱུ་མེད་ངོ་བོ་ཉིད་ལས་བྱུང་བའོ་ཟེར།
དེ་དག་ལ་ནང་པའི་མཁས་པ་མང་པོས་ཡང་དག་རིགས་པའི་ལམ་ནས་དགག་པ་ཚད་ལྡན་གནང་ཡོད་པས་བསྐྱར་དུ་ཤོད་དོན་མི་འདུག དེང་གི་ཚན་རིག་པ་ཚོས་ནི་གས་ཐོར་ཆེན་པོ་ལས་བྱུང་བར་འདོད། ཚན་རིག་རྒན་པོ་ཚོ་ལ་ཡང་རྒྱུ་མཚན་ཡང་དག་གང་ཡང་མི་འདུག་སྟེ། འཇིག་རྟེན་ཐོག་མ་གས་ཐོར་ཆེན་པོ་ལས་བྱུང་བ་ཡིན་ན་གས་ཐོར་འབྱུང་བྱེད་ཀྱི་རྒྱུ་རྐྱེན་རྣམས་འཇིག་རྟེན་འདི་རང་གི་དངོས་པོ་རེད་དམ་ཡང་ན་གཞན་ཞིག་རེད། འཇིག་རྟེན་འདིའི་དངོས་པོ་ཡིན་ན་ནི་རྒྱུ་རྐྱེན་དེ་དག་གི་དུས་སུ་འཇིག་རྟེན་འདི་ཡོད་དགོས་ཏེ། ཁྱད་གཞི་འཇིག་རྟེན་འདི་མེད་པར་ཁྱད་ཆོས་འདིའི་དངོས་པོ་ཡོད་པའི་སྐབས་མི་སྲིད་པས་སོ། །གཞན་ཞིག་ནས་བྱུང་བར་འདོད་ན་འབྱུང་གཞི་འདི་རེད་ཅེས་ངོས་འཛིན་གསལ་པོ་བྱེད་དགོས་ལ། དེ་ཙམ་མིན་པར་འབྱུང་གཞི་དེ་ཉིད་རྒྱུ་གང་ལས་སྐྱེས་མིན་སོགས་རིགས་པས་ཕར་ཕར་བདས་ན་རྒྱུ་ཐུག་མེད་དུ་ཐལ་བའི་ཞྭ་མོ་ལྷེབ་ལྷེབ་གཅིག་མགོ་ལ་གྱོན་རྗེས་ཁ་རུ་མཛུ་གུ་བཅུག་སྟེ་བསྡད་རྒྱུ་ལས་གདམ་ག་བྲལ།[1]
དེ་བཞིན་དུ་འུ་ཅག་ནང་པ་སངས་རྒྱས་པའི་མདོ་རྒྱུད་བསྟན་བཅོས་ཆེན་མོ་རྣམས་ནས་ཀྱང་གསུང་ཚུལ་མི་འདྲ་བ་དུ་མ་འདུག་སྟེ། མདོ་ཕྱོགས་མང་ཆེ་བ་ནས་འགྲོ་བ་ཐུན་མོང་གི་ལས་དང་། ས་ཆུ་མེ་རླུང་གི་རྡུལ་ཕྲ་རབ་གཉིས་ཚོགས་ལ་བརྟེན་ནས་དང་པོ་ང་ཚོ་གནས་སའི་སྣོད་ཀྱི་འཇིག་རྟེན་དང་། དེའི་རྗེས་སུ་བཅུད་ཀྱི་སེམས་ཅན་ཆགས་པར་འདོད། ཡང་འགའ་ཞིག་ཏུ་མ་རིག་པ་ལས་འདུ་བྱེད་སོགས་རྟེན་འབྲེལ་བཅུ་གཉིས་ཡང་ནས་བསྐྱར་དུ་འཁོར་ཞིང་། ཐོག་མ་དེ་དང་མཐའ་མ་འདི་ཟེར་ནས་ངོས་འཛིན་མེད་པ་ཞིག་ཏུ་འདོད་པའང་ཡོད། གང་ལྟར་མདོ་ཕྱོགས་ནས་ཞལ་གཅིག་གྱུར་གྱིས་སྤྱིར་འཁོར་བ་ལ་ཐོག་མཐའ་མེད་པར་འདོད་ཅིང་། འོན་ཏེ་གང་ཟག་བྱེ་བྲག་པ་གཅིག་ལ་བཀར་ན་ཐོག་མ་མེད་ཀྱང་མཐའ་མ་ཡོད་པར་བཞེད། རྒྱུད་གཞུང་དག་ཏུ་ནི་གཞི་སྣང་ལ་རང་སྣང་ཡིན་པར་མ་ཤེས་པའི་རྒྱུ་མཚན་གྱིས་དང་། ཡང་ན་འཁོར་འདས་ཀྱི་སྣང་བ་ཡོད་ཚད་པོ་ཆོས་ཀུན་ཀྱི་ཆོས་ཉིད་མཐར་ཐུག་པ་ཡེ་ཐོག་གཞི་ཡི་འོད་གསལ་དེའི་ངང་ནས་བྱུང་བར་གསུངས།
༣
དེ་ལྟ་ནའང་ད་ཡོད་བོད་བརྒྱུད་ནང་བསྟན་འཛིན་མཁན་མང་ཆེ་བ་ལ་འཁོར་བར་ཐོག་མ་ཡོད་དམ་ཞེས་པའི་དྲི་བ་གཅིག་སླེབས་མ་ཐག ལམ་སང་མེད་ཅེས་ལན་སློག་པར་བྱེད། ཁྱེད་རྣམ་པའི་ལན་ཡ་མེད་ཚ་པོ་དེ་ལ་ངས་བསམ་གཞིག་ནན་པོ་བཏང་ཡིན་ཏེ། ད་དུང་ཡང་བློ་བདེ་པོ་ཁྱོན་ནས་མི་འདུག དེས་ན་ངས་ནང་པའི་གཞུང་ནས་གསུངས་པ་རྣམས་ལ་དོགས་སློང་ཆུང་ངུ་ཞིག་བྱ་རྒྱུ་ཡིན།
སྤྱིར་འཁོར་བ་ལ་ཐོག་མ་མེད་གསུངས་ན་ད་ལྟའི་འཇིག་རྟེན་འདི་སྤྱིར་འཁོར་བ་ཡིན་ནམ་མ་ཡིན། ཡིན་ན་ང་ཚོས་མཐོང་ཐོས་མྱོང་བཞིན་པའི་འཁོར་བ་འདི་ཐོག་མཐའ་བར་གསུམ་གང་རུང་ཡིན་དགོས་པ་ལས་དེ་གསུམ་གང་ཡང་མིན་པའི་ཡན་གར་བ་ཞིག་དངོས་པོར་ཁས་བླང་རྒྱུ་ཡང་དཀའ་གནས་སུ་འཁུམས། མིན་ན་སྤྱིར་འཁོར་བ་དེ་ཉིད་འདས་པ་དང་མ་འོངས་པ་གཉིས་པོ་གང་ལ་ངོས་འཛིན་ནམ། འདས་མ་གཉིས་གང་ལ་ངོས་བཟུང་ན་ཡང་རིགས་པའི་གནོད་པ་སྔོན་མ་དང་མཚུངས་པར་འཇུག་རྒྱུ་ལས་ཐར་ས་མེད། དེ་གསུམ་གང་ཡང་མིན་པའི་འཁོར་བ་ཡན་གར་བ་ཞིག་ལ་སྤྱིར་འཁོར་བ་ཡིན་གསུངས་ན་མཁས་རྟགས་མིན་པའི་རང་མཚང་ངོམས་པ་ལ་མཇུག་འབྲས་མོ་གཤམ་བུ་བཙའ་བར་ཐེ་ཚོམ་གཡོ། གང་ཟག་བྱེ་བྲག་པ་ལ་བཀར་ན་ཐོག་མ་མེད་ཀྱང་མཐའ་མ་ཡོད་གསུངས་པ་དེ་ཡང་དོན་མཐུན་ཞིག་རྩ་ནས་མ་རེད། ཐོག་མ་མེད་པའི་མཐའ་མ་ནི་དངོས་ཡོད་གནས་ཚུལ་དང་རྦད་དེ་འགལ་ཞིང་། ལྷག་པར་དུ་ནང་པ་ཚོས་ནམ་རྒྱུན་“ཆེན་པོ་ལ་བརྟེན་ནས་ཆུང་ངུ་”དང་། “རིང་པོ་ལ་བལྟོས་ནས་ཐུང་ངུ་”སོགས་མདོར་ན་མེད་སྣང་གློ་བུར་བའི་ཆོས་ཀུན་ལྟོས་གྲུབ་ཀྱི་རང་བཞིན་ལས་མི་འདའ་བར་འདོད་པའི་རྫིག་རྔམ་ཆེ་བའི་དམ་བཅའ་ལ་རྡོག་བརྫིས་ཡིད་ཚིམ་པོ་ཞིག་བཞུས་ནས་རང་ག་བའི་འཛུམ་ཆུང་ལ་མགོ་བོ་འཁོར་ནས་གདའ།
ལར་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་ལས་ཉོན་གཉིས་པོ་འཁོར་བ་ཡིན་པ་དང་དེ་གཉིས་ཐོག་མེད་ཀྱི་མ་རིག་པ་ལས་བྱུང་བར་གསུངས། དེ་ལ་དོགས་པ་འདི་ཡོད་དེ། འོ་ན་རྒྱུ་མ་རིག་པ་ཉིད་གང་ལས་བྱུང་བ་རེད་དམ། རྒྱུ་མེད་ལས་འབྱུང་མི་སྲིད་ཅིང་། རང་གི་རིགས་མཐུན་ཤེས་པ་སྔ་མ་ལ་བརྟེན་ནས་བྱུང་བར་འདོད་ན་རྒྱུ་ཐུག་མེད་དུ་ཐལ་བའི་སྐྱོན་ཆ་ལས་གཡོ་སྐལ་མི་འདུག་ན་ཀུན་མཁྱེན་གྱི་མིང་འཛིན་པ་ཚོ་རེ་ཞིག་དགོངས་པ་མ་འཚོམས་རོགས།
ཀྱོག་མཚམས་འདི་ནས་ངས་ཁྱེད་རྣམ་པ་ལ་གསལ་བཤད་ཉུང་ངུ་ཞིག་མ་ཞུས་ན་འགྲིག་ས་མ་རེད། ཀློག་པ་པོ་ལགས། གུས་པས་གོང་དུ་བཤད་པའི་སྐད་ཆ་ཡོད་ཚད་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་དང་། འཕགས་བོད་ཀྱི་བསྟན་བཅོས་རྣལ་མ་མང་ཆེ་བའི་ནང་དུ་གསུངས་ཡོད་པ་རྣམས་ལ་དམིགས་སུ་བཀར་ནས་སྐྱོན་འཛུགས་པ་ལྟར་སྣང་མོད། དོན་དུ་དེ་ལྟར་མ་ལགས་ཏེ། ངས་འདི་ནས་བརྗོད་འདོད་པ་གཙོ་བོ་ནི། ང་ཚོ་རྗེས་འཇུག་ཚོས་དམ་པ་རྣམས་ཀྱིས་དགོངས་གཞི་གང་ལ་དགོངས་ནས་གསུངས་མིན་ལ་མི་ལྟ་བར་གཡག་ཞར་རྩྭ་ཟའི་རྣམ་ཐར་བསྐྱང་རྒྱུ་དུས་ཡུན་རིང་དྲགས་སོང་བ་དེ་ལ་སུན་སྣང་གི་ངར་སྐད་སྟོན་པ་ཙམ་ཡིན། ཁ་རི་ཁ་ཐུག་བཤད་ན། འཁོར་བ་ལ་ཐོག་མ་དངོས་གནས་མེད་ན་དམ་པས་གསུངས་པའི་ཕྱིར་ཙམ་མིན་པར་རིགས་པ་རྣམ་དག་གི་སྒོ་ནས་མེད་སྟངས་ཤོད་པར་བསྐུལ་བའི་དོན་ཡིན། རིགས་པའི་གཡོག་པོ་ལུང་ཡིན་དགོས་པ་ལས། ལུང་གི་བྲན་གཡོག་རིགས་པས་རྒྱུག་དགོས་ན་མཚན་ཉིད་པ་ཚོའི་རིན་ཐང་བརླགས་སོང་བ་མ་རེད་དམ།
༤
དེ་བས་ན་འཁོར་བར་ཐོག་མ་ཡོད་པར་འདོད་དགོས་པ་ལས་ཐབས་ཤེས་གཞན་མི་འདུག་གོ །འོ་ན་བཀའ་བསྟན་གྱི་གཞུང་རྣམས་སུ་གསུངས་པ་དེ་དག་ཇི་ལྟར་འགྲེལ་ལམ་སྙམ་ན། གོ་བདེ་པོར་བྱས་ནས་ཞུས་ན། ང་ཚོའི་གཞུང་ལ་ལར་གང་ཟག་གི་བདག་ཡོད་པར་བསྟན་པ་ཇི་བཞིན་འཁོར་བ་ཐོག་མཐའ་མེད་པར་གསུངས་པ་ཡང་དེ་མཚུངས་སུ་གོ་བ་ལེན་དགོས་པ་ཡིན། དེ་མིན་བརྗོད་གཞི་གཅིག་ལ་སྐབས་རེར་མ་རིག་པ་ལས་བྱུང་བར་བསྟན་པ་དང་། ཡང་ལན་རེར་ཐོག་མཐའ་མེད་གསུངས་པ། ཡང་འགའ་ཞིག་ཏུ་གཞི་ཡི་འོད་གསལ་ལས་བྱུང་བ་སོགས་སྣ་ཚོགས་གསུངས་འདུག་པས་དེ་དག་ལས་གཅིག་བདེན་པ་ཡིན་རྒྱུ་རེད་དེ། ཚང་མ་བདེན་པ་རེད་ཟེར་ནས་ཨུ་ཚུགས་དང་ཞེན་ཁོག་གི་རིགས་ལམ་ལ་དེ་ཙམ་སྙིང་པོ་མེད། དེས་ན་སངས་རྒྱས་ཀྱི་གསུང་མ་ལུས་པ་ཚད་མར་འདོད་སྟངས་དེ་ཡང་ཡོད་ཚད་བདེན་པ་རེད་ཟེར་བའི་སྐད་ཆ་མ་ཡིན་པ་ཤེས་དགོས། འདིར་མཁྱེན་དགོས་པ་གཅིག་ལ། ཕྱོགས་གླང་ཡབ་སྲས་ཀྱིས་སྟོན་པ་ཚད་མར་གྲུབ་པ་ནི། བདག་ཅག་གི་སྟོན་པ་ཁོང་བསྐལ་པ་མང་པོའི་བར་དུ་གཞན་དོན་བྱང་ཆུབ་ཀྱི་སེམས་བསྒོམས་བསྒོམས་ནས་སྒོམ་པ་མཐར་ཕྱིན་པས་ན། རྒྱུ་རྐྱེན་གང་གིས་ཀྱང་ལྡོག་མི་ནུས་པའི་གོམས་གཤིས་བཟང་པོ་ཞིག་མངའ་བ་དང་། དེའི་མཐུ་ལ་བརྟེན་ནས་ཁོང་གིས་སུ་ལ་གང་གསུངས་ནའང་དེ་དང་དེ་ལ་གནས་སྐབས་དང་མཐར་ཐུག་གི་དོན་འབྲས་ཡིད་དུ་འོང་བ་ཞིག་འཐོབ་རྒྱུ་ངེས་གཤིས་ཚད་མ་ཡིན་ཟེར་བའི་དོན་རེད། གལ་ཏེ་གསུངས་ཚད་བདེན་པ་ཡིན་ན་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་བརྟག་དགོས་པར་མ་བསྐུལ་བར། ངས་བསྟན་ཚད་བདེན་པ་ཡིན་པས་དཔྱད་དགོས་ཡ་གང་ཡང་མེད་ཅེས་གསུངས་ན་ཡག་ཤོས་མིན་ནམ། དོན་མེད་རྗེས་འཇུག་ཚོའི་དུས་ཚོད་ཆུད་ཟོས་བཏང་གནང་བ་ལ་ཁེ་ཕན་གང་ཡང་མི་འདུག་པས་སོ།།
༥
ང་རང་གི་གོ་བ་ལེན་སྟངས་ནོར་མེད་ན། རྒྱུད་ཕྱོགས་ནས་གསུང་ཚུལ་དག་ལ་འཐད་ལྡན་གྱི་ལམ་པོ་ཞིག་ལྷམ་མེར་མཐོང་གིན་འདུག མནོ་བསམ་ལེགས་པར་བཏང་ཚེ་ཐོག་མའི་མ་རིག་པ་ཉིད་འཁོར་བའི་རྩ་བ་ཡིན་ལ། དེའི་སྟོབས་ལ་བརྟེན་ནས་རིམ་གྱིས་ད་ལྟ་ང་ཚོས་མཐོང་ཐོས་རིག་གསུམ་གྱི་དངོས་པོ་ཡོད་ཚད་བྱུང་བའམ་འཆར་བ་རེད་ཅེས་ལབ་ན་མི་འགྲིག་རྒྱུ་གང་ཡང་མེད། འོ་ན་གོང་དུ་ཁྱོད་ཀྱིས་སྐྱོན་བརྗོད་བྱས་པ་ཇི་ལྟར་ལགས་ཟེར་ན། ཐོག་མའི་མ་རིག་པ་དེ་ཤེས་པ་སྔ་མ་ཞིག་ལས་བྱུང་བར་འདོད་ན་སྐྱོན་ཡོད་ཀྱང་། ཡེ་ཐོག་གཞི་ཡི་འོད་གསལ་ལམ་ཡུལ་ཆོས་ཀྱི་དབྱིངས་སྤྲོས་བྲལ་སྟོང་པ་ཉིད་ལས་བྱུང་བར་ཁས་བླངས་ན་གོང་གི་སྐྱོན་རྣམས་རང་སར་ཞི་འགྲོ་རྒྱུ་ལས་འོས་མེད་དོ། །དེ་ལྟར་འདོད་པ་ལ་རིགས་པའི་བུ་ག་དོག་པའི་ཆོས་རའི་ནང་ང་ཡིན་ཁོ་ཡིན་རློམ་པའི་རྟགས་གསལ་བ་ཚོས། འཁོར་གསུམ་གཡག་ཙམ་བསྐོར། ལུང་ཚིག་ལུག་ཙམ་དྲངས། རིགས་ལམ་ཤིག་ཙམ་རེ་བཏང་ནས་ངར་སྐད་དང་ཧབ་སྐད་འདྲེས་མས་ལག་པ་གནམ་ལ་འཕྱར། རྐང་པ་ས་ལ་ཤེད་ཀྱིས་བརྡབས་ཏེ་ཅི་ཞིག་སྒྲུབ་ཁུལ་བྱེད་རུང་། ཁོ་རང་ལ་ཕར་ཁྱོད་ཀྱིས་འཁོར་བ་ལ་ཐོག་མ་ཡོད་པ་འདོད་དམ་མེད་པ་འདོད། ཡོད་པ་འདོད་ན་འབྱུང་གཞི་འདི་ལས་ལྷག་པ་ཞིག་འཇོག་ཏུ་མེད་ལ། མེད་པར་འདོད་ན་གོང་སྨྲས་བཞིན་ད་ཡོད་ང་ཚོས་མཐོང་ཐོས་མྱོང་གིན་པའི་འཁོར་བ་འདི་ཐོག་མ་མེད་པའི་བར་པ་ཞིག་ཏུ་ཐལ་བ་སོགས་རིགས་པ་དེ་ཚོ་ལ་ལན་རྣམ་དག་རེ་བསློག་པར་བསྐུལ་ན། ད་གཟོད་ཁ་མུག་མུག་དང་། མགོ་འཕུར་འཕུར་འདྲ་བྱེད་རྒྱུ་ལས་གནད་ལ་ཁེལ་བའི་དྲི་ལན་ཞིག་མི་སྟེར་ཚོད། ཡང་སྐྱེ་བ་སྔ་ཕྱི་ཁས་ལེན་ན་ངེས་པར་དུ་ཤེས་པ་ཡིན་ན་ཤེས་པའི་འབྲས་བུ་ཡིན་པར་འདོད་དགོས་རབས་བཤད། རང་གི་ཉེར་ལེན་གྱི་རྒྱུ་ནས་འབྲུ་ཡིན་ན་འབྲས་བུའང་ནས་རང་འབྱུང་དགོས་པ་དང་། ཉེར་ལེན་བློ་རྟོག་པ་ཡིན་ན་རྟོག་པ་རང་སྐྱེ་དགོས་པའི་བཅའ་ཁྲིམས་ཨི་ཁུང་ཅན་དེེ་ལའང་བསམ་བློ་ནན་པོ་གཏོང་དགོས་ཀྱི་འདུག གང་ལགས་ཤེ་ན། ཉེར་ལེན་ནས་འབྲུ་དཀར་པོ་དེ་ལས་ནས་ཀྱི་མྱུ་གུ་ལྗང་གུ་ཞིག་སྐྱེ་ཡ་མེད་རེད་ཟེར་ན་སྐད་ཆ་མཐའ་གྲུབ་རེད། ཡང་ན་དེ་ཡང་ནས་རང་རེད་ཟེར་ནས་ཨུ་ཚུགས་རྒྱོབ། དེ་བཞིན་དུ་རྟོག་པས་ཉེར་ལེན་བྱས་ནས་རྟོག་མེད་མི་འབྱུང་བ་བརྒྱ་ཆ་བརྒྱ་ཡིན་ན། སྦྱོར་ལམ་སྐད་ཅིག་མཐའ་མ་ལས་མཐོང་ལམ་སྐད་ཅིག་དང་པོ་བྱུང་བ་ཡང་སྦེད་ས་ཞིག་ཚོལ་ཞིག་གུ ད་དུང་མི་རྟག་པ་ལས་རྟག་པ་འབྱུང་ཡ་མེད་ཐག་ཆོད་ཡིན་ན། རྒྱུད་བླ་སོགས་ནས་རྣམ་མཁྱེན་རྟག་པ་ཡིན་པ་གསལ་པོ་གསུངས་ཡོད་ལ།[2] ཁྱོད་ཀྱི་ཉེར་རྒྱུ་ས་བཅུ་སྐད་ཅིག་མཐའ་མ་ནི་མི་རྟག་པ་རང་ལས་འགྲོ་ས་གཞན་མེད། གལ་ཏེ་བཀའ་མཐའ་མའི་ལུགས་ལྟར་དུ་བྱས་ནས་ཡེ་ཤེས་རྟག་པ་རེད། དེས་ན་ས་བཅུ་པའི་ཡེ་ཤེས་སྐད་ཅིག་མཐའ་མ་དེ་ཡང་རྟག་པ་ཡིན་པས། རྟག་པ་ལས་རྟག་པ་བྱུང་བ་ལས། མི་རྟག་པ་ལས་རྟག་པ་བྱུང་བ་མ་རེད་ཟེར་ན། རིགས་ལམ་ཡ་གཅིག་མ་ཀྱེ། འོ་ན་བཤད་མ་ཐག་པའི་མཐོང་ལམ་སྐད་ཅིག་དང་པོའི་ཉེར་རྒྱུ་སྦྱོར་ལམ་སྐད་ཅིག་མཐའ་མ་རྟག་པར་ཐལ། ཁྱོད་ཀྱི་ཉེར་འབྲས་མཐོང་ལམ་སྐད་ཅིག་དང་པོ་ཡེ་ཤེས་ཡིན་པས་སོ། །དེས་ན་དོན་དམ་དུ་རིགས་པ་དེ་དག་སོ་སོས་གང་ཐག་བཅད་པ་དེ་ཀ་རང་ལས་གཞན་དངོས་བདེན་མིན་པ་སྒྲུབ་བྱེད་ཙམ་ཡིན་འདུག་གོ།
དངོས་གནས་ཁྱོད་དཔལ་ནཱལནྡཱའི་རིགས་བརྒྱུད་རྣལ་མ་ཞིག་ཡིན་ན། རིགས་པ་མང་དག་ཅིག་ནི་ངས་ཀྱང་གོང་དུ་བཀོད་ཡོད་ལ། བཀའ་བསྟན་སོགས་ཀྱི་ལུང་ཡང་མི་ཉུང་བ་དྲང་རྒྱུ་ཡོད་པས།[3]བདེན་ཁ་ཆུང་ངུ་ཞིག་ང་ལ་ཡང་སྤྲད་ན་མི་འགྲིག་རྒྱུ་གང་ཡང་མི་འདུག ཁ་ཕྱོགས་མི་འདྲ་བ་གཅིག་ནས་བཤད་ན། གཡག་ཞར་རྩྭ་ཟའི་ཚུལ་དེ་སྤོངས་ལ། སྔགས་གཞུང་ནས་སྟོན་ཚུལ་དག་ལའང་ཏོག་ཙམ་སྣང་འཇོག་བྱེད་རོགས། ལ་ལས་སྔགས་གཞུང་གླེང་མ་ཐག ཨ་ཧོ་སྐད་ཆ་ཆེན་པོ་ནམ་མཁའ་ཙམ་ཞིག་བཤད་སོང་བའི་སྣང་བ་རང་ཡན་པ་ཞིག་འཁོར་ནས་མི་འདོད་པའི་རྣམ་འགྱུར་ཅི་ཡང་སྟོན་པར་བྱེད། སེམས་ཆུང་དེ་ཚོའི་རིགས་ནི་རི་བོང་གནམ་རྡིབ་པའི་སེམས་ཁྲལ་རྒྱུན་སྐྱོང་ཚོགས་པ་རང་རེད། ངོ་ཐོག་བྱས་ན་སྔགས་ཀྱི་ལྟ་སྤྱོད་རྣམས་ཧ་ཅང་ཟབ་དྲགས་པའི་རྒྱུ་མཚན་གྱིས་ཁྱབ་བརྡལ་བྱ་མི་རུང་ན་ཐང་། འཇིག་རྟེན་ཆགས་རབས་ལ་སོགས་པའི་གཞུང་དོན་རགས་པ་རགས་པའང་གླེང་མི་ཉེན་ཟེར་ན། རྒྱུ་མཚན་མེད་པའི་འཇིགས་སྐུལ་རང་རེད་མ་གཏོགས་ཡོན་ཏན་ཏིལ་འབྲུ་ཙམ་ཡང་མེད།
སྤུན་ཟླ་ཚོ། ཆོག་ཤེས་བྱེད་མི་དགོས་སར་ཆོག་ཤེས་བྱས་ནས་དམ་པ་གོང་མས་གང་གསུངས་དང་། རང་གིས་ཅི་རློམ་ཁོ་ན་མཆོག་གྱུར་ཡིན་བསམས་ན་མི་འགྲིག་རྒྱུ་གང་ཡང་མི་འདུག་མོད། དེང་སང་བློ་ལྡན་མང་པོས་ནང་པ་ལ་དོ་སྣང་ཆེ་རུ་འགྲོ་བཞིན་པའི་དུས་ཚོད་འདིར། འཇིག་རྟེན་འདིའི་ཐོག་མའི་ཆགས་རབས་སོགས་དྲི་བ་ཅི་ཡང་འདྲི་སྲིད་པས། དེ་དུས་ཁྱོད་ཀྱིས་བདེན་པ་ལ་བདེན་པ་བདར་རྒྱུ་ཡོད་པའི་དྲི་ལན་གཙང་མ་འགའ་ཤས་གྲ་སྒྲིག་ཨང་གསར་དགོས་འགངས་ཆེ། ཡང་ལས་བྱ་དེ་ཚོ་མཁས་དབང་འགའ་ཡི་ཆེད་ལས་རེད། ང་ལ་ཇུས་གཏོགས་མེད་སྙམ་ན། བསམ་བློ་འདིའི་རིགས་ནི་ཤིན་ཏུ་ནས་ཀྱང་ཐབས་སྡུག་པོ་དང་ནོར་བ་དངོས་མ་ཞིག་ཡིན་ཏེ། ཁྱོད་ནང་པ་ཞིག་ཡིན་བཞིན་དུ་ནང་པའི་ལས་འགན་མ་ཁུར་བས་སོ། །དཔེར་ན། ཕ་མས་ཕ་མའི་ལས་འགན་དང་། སྨན་པས་སྨན་པའི་ལས་འགན་མི་འཁུར་བའི་ཚུལ་དང་ཕྱོགས་ཀུན་ནས་མཚུངས་པས་སོ།།
རེད་འདུག་ཟེར་ན་མིན་པའི་དོགས་པ་ཞིག།
མ་རེད་ལབ་ན་ཡིན་པའི་བཟོ་འདྲ་འདུག།
དོགས་པས་དོགས་པ་བསུ་བའི་རིང་ལུགས་འདི།།
རྫུན་སྣང་མ་ནུབ་བར་དུ་གནས་རྒྱུ་རེད།།
འོན་ཀྱང་སྣང་བ་ཡན་པོ་ནམ་མཆིས་བར།།
ཡོད་ཚད་ལྷ་ལ་བཅོལ་བའི་དད་པ་དང་།།
ཚང་མ་མངོན་སུམ་དགོས་པའི་རིགས་ལོག་གཉིས།།
དོ་མཉམ་གཡག་ཁལ་བྱུང་ན་དགའ་བ་ལ།།
“གོང་དུ་བཤད་པའི་སྐད་ཆ་དེ་ཚོ་ནི་དཔེ་ཙམ་ལས་ཡོད་ཚད་གླེང་དགོས་ན་དེང་གི་བོད་བརྒྱུད་ནང་བསྟན་ལ་ཐོས་བསམ་བྱེད་སྟངས་དེ་དད་པ་དང་ཞེན་ཁོག་ཆེ་དྲགས་པའི་སྐྱོན་ཆ་ལ་ཚོད་གཞལ་ནུས་ཡ་མི་འདུག་ཟེར་ནའང་ཕལ་ཆེར་མི་འགྲིག་རྒྱུ་མི་འདུག ད་ནི་ང་ཚོ་ཚང་མས་གཟབ་གཟབ་དང་གཟུ་བོར་གནས་རྒྱུ་གལ་འགངས་ཆེ་བ་ལ་ཆེ་ཚོད་མེད་པ་ཞིག་མཐོང་གིན་འདུག”
༢༠༡༧/ ༡༠/ ༥ ཉིན་མཐའ་གྲུབ་པར་བྱས།
[1] སྐད་ཆ་དེ་ཚོ་ང་རང་གི་གོ་བ་ལེན་ཕྱོགས་རེད། གས་ཐོར་ཆེན་མོ་ལ་ཁོ་རང་ཚོས་འགྲེལ་བཤད་རྒྱག་སྟངས་སྐོར་ཡག་པོ་ཞེ་དྲག་ཧ་གོ་མ་སོང་བར་བརྟེན་དེ་ཙམ་སྤུས་ཀ་མེད་ཚོད་ཡིན།
[2] སྐབས་འདིར་རྟག་པ་ནི་ནམ་རྒྱུན་གྱི་རྟག་པ་ལ་གོ་རྒྱུ་མ་ཡིན་པར། རྟག་པ་ཆེན་པོའམ་ཡེ་གདོད་མའི་ཆོས་དབྱིངས་ལ་གོ་དགོས།
[3] རྒྱུད་རྣམས་སུ་ཡེ་ཐོག་གཞིའི་འོད་གསལ་ལས་བྱུང་ཚུལ་ལན་མང་བསྟན་གནང་བ་སོགས་དང་། མདོ་ནས་སངས་རྒྱས་ཀྱིས་རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་གསུང་དུས། རྒ་ཤི་ནས་ཡར་ལྡོག་པའི་མཐར་མ་རིག་པ་རྟེན་འབྲེལ་ལས་བྱུང་བར་གསུངས་ཡོད་པ་དང་། ཟླ་བའི་ཞབས་ཀྱིས། ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པར་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང་། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ལ་སོགས་པའོ།།