གྲུབ་པའི་འབྲས་བུ་ལས་འགའ་ཞིག་ལ་བརྟག་པ་ཀུན་མཁྱེན་བླ་མའི་གསུང་གསང་སེང་གེའི་ང་རོ།

ཕུར་པ་རྡོ་རྗེ། འཛིན་རིམ་བརྒྱད་པ།

ན་མོ་གུ་རུ་བཛྲ་སཏྭ་ཡེ།

བླ་མ་དང་གཉིས་སུ་མེད་པའི་དཔལ་ལྡན་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་དངོས་པོ་ཀུན་ཀྱིས་བཏུད་དེ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་གཞན་གྱི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ།

དེ་ཡང་ཐབས་མཆོག་བླ་མེད་གསང་བའི་ལམ་གྱི་ཚུལ་ལ་མོས་པ་མཆོག་དང་ལྡན་པའི་གང་ཟག་གང་ཞིག་ཐོག་མ་ཉིད་དུ་གསང་སྔགས་ལམ་གྱི་འཇུག་སྒོ་རིགས་གཏད་དང་རྗེས་གནང་། དབང་ལ་སོགས་པའི་དང་པོ་ཕུན་ཚོགས་ཀྱི་རྒྱུས་རྒྱུད་ལེགས་པར་སྨིན་པར་བྱས་ནས། བར་དུ་རིམ་གཉིས་ལམ་གྱི་རྣལ་འབྱོར་ལ་བརྩོན་པས་གནས་སྐབས་དང་མཐར་ཐུག་གི་གྲོལ་བ་འབྲས་བུ་རིག་འཛིན་བཞི་འཐོབ་པའི་ཚུལ་ནི། གསང་སྙིང་ལས། [1]ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །མ་ཉམས་འཇུག་ལ་རབ་བརྩོན་ན། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཞེས་པས། ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་ཟིན་པ། དེ་ལས་ཟབ་མོའི་དབང་ཐོབ་པ། དམ་ཚིག་དང་སྡོམ་པ་ལ་གནས་པ། སྒྲུབ་པའི་མན་ངག་ལ་མཁས་པ། བརྩོན་འགྲུས་ཕུན་སུམ་ཚོགས་པས་བསྒྲུབ་ནུས་པ་སྟེ། རིག་འཛིན་གྱི་དངོས་གྲུབ་སྒྲུབ་པའི་རྒྱུ་ཆོ་ག་ལྔ་དང་། སྒྲུབ་པའི་གནས་བར་ཆད་མེད་ཅིང་ཡིད་དང་མཐུན་པ། གྲོགས་མཚན་ཉིད་ཚང་ཞིང་སྐལ་བ་བཟང་བ། འཚོ་བའི་ཡོ་བྱད་མཐའ་གཉིས་སུ་མ་ལྷུང་ཞིང་ལོག་འཚོ་མེད་པ། དངོས་གྲུབ་ཀྱི་རྫས་ཚང་ཞིང་ཉམས་པ་མེད་པ། དམ་ཚིག་གི་རྫས་ཚོགས་ཤིང་རྟེན་དུ་ཡོད་པ་སྟེ། མཐུན་རྐྱེན་ཡོ་བྱད་ལྔ་ཡོངས་སུ་རྫོགས་པར་ལྡན་པ་དང་། བདག་དང་ལྷ། གསང་སྔགས། བཟླས་བརྗོད། འཕྲོ་འདུའི་དེ་ཁོ་ན་ཉིད་དེ། གསང་སྔགས་ཀྱི་སྒྲུབ་པའི་ཡན་ལག་ལྔ་རྫོགས་པས་ཚུལ་བཞིན་སྒྲུབ་ལ་རབ་ཏུ་བརྩོན་པར་བྱས་ན་འབྲས་བུ་མྱུར་དུ་འགྲུབ་པའི་དུས་དང་བཅས་པ་གསལ་བར་བསྟན་ཅིང་། དེ་ཡང་དབང་སྒྱུར་རིག་འཛིན་གྱི་དམ་པ་ཚེ་དབང་དང་། སྐུ་ལྔ་ལྷུན་གྱིས་རྫོགས་པ་གྲོལ་བ་མཐར་ཐུག་གི་འབྲས་བུ་ལྷུན་གྲུབ་རིག་འཛིན་གཉིས་ཚིག་ཟིན་གྱིས་དངོས་སུ་བསྟན་པ་དང་། དེ་ཡི་ཤུགས་ཀྱིས་འབྲས་བུ་དང་པོ་རྣམ་སྨིན་དང་། གསུམ་པ་ཕྱག་ཆེན་རིག་འཛིན་གཉིས་ཀྱང་བསྟན་པར་གཞུང་གི་དགོངས་པར་གྲུབ་བོ། །དེ་བཞིན་དུ། གསང་སྙིང་ལེའུ་བཅུ་གཉིས་པར། [2]ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པ་ལྟར། གང་ཞིག་གྲུབ་པའི་འབྲས་བུ་དེ་ཉིད། གང་གིས་སྒྲུབ་པའི་རྒྱུ་དང་རྐྱེན། ཇི་ལྟར་སྒྲུབ་པའི་ཚུལ་དང་བཅས་པ་བསྟན་ཏོ།།

དེ་ལ་ཀུན་མཁྱེན་ཟུར་པའི་བཀའ་སྲོལ་འཛིན་པ་རྣམས་ནི། གྲུབ་པའི་འབྲས་བུ་བཞི་པོ་ཐམས་ཅད་ལམ་གྱུར་འཕགས་པ་སློབ་པའི་གནས་སྐབས་ཀྱི་འབྲས་བུའི་ཚུལ་དུ་རྣམ་པར་བཞག་ཅིང་། དེ་དག་རེ་རེ་ལའང་ཆོས་བདུན་བདུན་གྱི་སྒོ་ནས་འཆད་པར་མཛད་ལ། ཀུན་མཁྱེན་ཀློང་ཆེན་ནི། འབྲས་བུ་དང་པོ་མོས་སྤྱོད་དང་། བར་པ་གཉིས་འཕགས་པ་སློབ་པའི་དང་། མཐའ་མ་མཐར་ཕྱིན་ལྷུན་གྲུབ་ཀྱི་ས་ལ་སྦྱར་ནས་འབྲས་བུ་རིག་འཛིན་གྱི་གང་ཟག་བཞི་པོ་འདི་དག་མ་གི་སོ་སྐྱེའི་ལམ་ནས་ཡ་གི་མཐར་ཐུག་འབྲས་བུའིི་སའི་བར་ཅི་རིགས་པར་སྦྱོར་དུ་ཡོད་པའི་ཚུལ་གྱིས་ལེགས་པར་འགྲེལ་བར་མཛད་དོ། །དེ་ཡང་རྨད་བྱུང་གི་བཀའ་སྲོལ་གཉིས་པོ་གནས་སྐབས་འབྲས་བུའི་འཇོག་ཚུལ་ཐ་དད་ཀྱིས་ཚིག་གི་སྦུན་པ་ཙམ་མི་འདྲ་བ་ལྟར་སྣང་ཡང་། སྙིང་པོ་དོན་གྱི་དགོངས་པའི་བཞེད་ཕུགས་རོ་གཅིག་པའི་ཚུལ་ནི། དམ་པ་དེ་དག་གི་གཞུང་གོང་འོག་གི་ཁོག་བསྒྲིགས་ནས་ཁོང་དུ་ཆུབ་པར་མཛོད་ལ། འདིར་ནི་ལུགས་ཕྱི་མ་འཇམ་དཔལ་མི་ཡི་སེངྒེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་རྟོགས་པའི་འདྲ་འབག་གཞུང་བཟང་མུན་སེལ་སྐོར་གཉིས་དང་། སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲ་གཙོ་བོར་གྱུར་པའི་ནང་གསུངས་པའི་དགོངས་དོན་རང་བློའི་ནུས་པ་དང་བསྟུན་ནས་ཚོད་ལྟའི་སྦར་སྙོབ་ཀྱིས་དོན་བསྡུས་ལ་ཚིག་ཚོགས་སྤངས་ཤིང་། ཉུང་ངུའི་ངག་གིས་གསལ་བར་བརྗོད་པར་འདོད་པ་ནི་དགེ་བ་དང་པོས་དྲངས་པའི་ཆེས་ཐོག་མའི་གཏམ་གྱི་ཆ་ཤས་སོ།།

དེ་ལ་ལུགས་འདིར་འབྲས་བུ་རིག་འཛིན་ལུས་སེམས་གང་གི་ཐོག་ནས་འཇོག་མིན། རྣམ་སྨིན་རིག་འཛིན་གྱི་འཇོག་མཚམས་དང་དབྱེ་བ། རྣམ་སྨིན་རྟེན་ཅན་ལམ་གོང་མར་འཕོ་ཚུལ། ཕྱག་རྒྱའི་དངོས་གྲུབ་དང་དེའི་རིག་འཛིན་གཅིག་ཡིན་མིན། ཁྱད་པར་གྱི་སས་བསྡུས་ཚུལ་ཏེ། བརྟག་པ་ལྔ་ཡིས་བཤད་པར་བྱ་སྟེ།

ལུགས་འདིར་འབྲས་བུའི་འཇོག་མཚམས་ལུས་སེམས་གང་གི་ཐོག་ནས་འཇོག་མིན་ལ་བརྟག་པ།

འབྲས་བུ་རིག་འཛིན་དེ་དག་ལུས་སེམས་གང་གི་ཐོག་ནས་འཇོག་ན། གཙོ་བོ་སྟེ་ཕལ་ཆེར་ལུས་ཀྱི་ཐོག་ནས་འཇོག་པར་མངོན་ཏེ། དེ་ཡང་རྣམ་སྨིན་རིག་འཛིན་དང་། ཚེ་དབང་རིག་འཛིན། ཕྱག་ཆེན་རིག་འཛིན་གསུམ་གནས་སྐབས་ཀྱི་དང་། བཞི་པ་ལྷུན་གྱིས་གྲུབ་པའི་རིག་འཛིན་མཐར་ཐུག་གི་འབྲས་བུའི་ཚུལ་དུ་རྣམ་པར་བཞག་ནས་གྲུབ་པའི་འབྲས་བུའི་རང་བཞིན་རྒྱས་པར་ཕྱེ་བར་མཛད་དོ། །དེ་ཡིད་ལྷ་ཡི་རྣལ་འབྱོར་དུ་སྨིན་པ་རྩ་བའི་ཁྱད་ཆོས་སུ་བཟུང་ཞིང་། ལམ་རྟེན་ཅན་གྱི་གང་ཟག་རིག་པ་འཛིན་པའི་རྩ་བའི་ལུས་ཀྱི་ཆ་བྱད་གཙོ་བོར་འཇོག་བྱེད་དུ་བྱས་ནས་རིག་འཛིན་གོང་འོག་གི་ཐ་སྙད་འདོགས་པར་མཛད་དེ། དཔེར་ན་ཚེ་དབང་དང་ཕྱག་ཆེན་རིག་འཛིན་གཉིས་ཀ་འཕགས་ལམ་མངོན་གྱུར་གྱི་ཕྱག་རྒྱའི་དངོས་གྲུབ་མཚན་ཉིད་པ་ཐོབ་པ་ལ་ཁྱད་པར་མེད་ཀྱང་། འོད་གསལ་ལ་ཆེར་སྦྱངས་པ་གསལ་བརྟན་དག་གསུམ་གྱིས་དྲངས་པའི་རྩ་བའི་ལུས་ཀྱི་ཆ་བྱད་རང་ཉིད་གང་སྒོམ་པའི་ལྷའི་སྐུར་གནས་གྱུར་པ་ལ་ཕྱག་ཆེན་དང་། རྩ་བའི་ལུས་ཀྱི་ཆ་བྱད་སྔོན་ལྷ་མི་གང་ཡིན་པའི་ལུས་སུ་སྣང་ཞིང་ངོ་བོ་རྡོ་རྗེའི་ལུས་སུ་སྨིན་ཟིན་པ་ལ་ཚེ་དབང་རིག་འཛིན་ཞེས། གཙོ་བོ་ལུས་ཀྱི་སྒོ་ནས་བཞག་པ་དེས་མཚོན་ནས་གཞན་ལའང་རིགས་པ་དེའི་འགྲོས་ཀྱིས་འཕུལ་ནས་ཤེས་པར་བྱའོ། །དེ་ལ་འབྲས་བུ་བཞི་པོ་དེ་དག་གི་འཇོག་བྱེད་གཙོ་བོ་ལུས་ཀྱི་དངོས་གྲུབ་ཅེས་པ་རྩ་བའི་ལུས་ཀྱི་ཆ་བྱད་ཀྱི་ཐོག་ནས་བཞག་ཀྱང་། ཡན་ལག་སྤྲུལ་པའི་ལུས་ལ་འབྲས་བུ་དང་པོ་སྨོན་ལམ་དང་། གཉིས་པ་དང་གསུམ་པར་སྐྱེ་བ་རང་མཚན་པ་མེད་ཀྱང་ཏིང་ངེ་འཛིན་གྱི་སྐྱེ་བས་གཞན་གྱི་དོན་བྱེད་ལ། འབྲས་བུ་མཐའ་མ་ལྷུན་གྲུབ་ནི་དབང་འབྱོར་བའི་སྐྱེ་བ་གང་ལ་གང་འདུལ་སྣང་བའི་སྤྲུལ་པ་འགྱེད་པས་དོན་བྱེད་པ་ཡིན་ནོ། །དེ་ལ་ལུས་ཀྱི་དངོས་གྲུབ་གཙོ་བོར་སྨོས་པའི་དོན་ཡང་གནས་སྐབས་ཀྱི་འབྲས་བུ་དང་པོ་གསུམ་བསྒྲུབ་བྱར་བཟུང་ནས་གསུངས་པ་ཡིན་ཀྱང་། མཐར་ཕྱིན་ལྷུན་གྲུབ་ཀྱི་འབྲས་བུ་མཐའ་མའི་དབང་དུ་ན་ལུས་མིན་པར། ལུས་སེམས་གཉིས་ཀྱི་མཐའ་མའི་དངོས་གྲུབ་ཁོ་ནའི་སྟེང་ནས་འཇོག་པའི་ཚུལ་བཟུང་ན་འཆད་བདེ་བ་ལྟར་སྣང་ཞིང་། ཀུན་མཁྱེན་ཆེན་པོའི་གཞུང་ལུགས་ལ་དངོས་ཤུགས་ཀྱི་དོན་གང་ནས་ཀྱང་མི་འགལ་བར་སེམས་ཀྱང་དཔྱོད་ལྡན་རྣམས་ཀྱིས་བརྟག་པར་མཛོད་ཅིག

རྣམ་སྨིན་རིག་འཛིན་གྱི་འཇོག་མཚམས་དང་དབྱེ་བ་ལ་བརྟག་པ།

དེ་ལ་རྣམ་སྨིན་རིག་འཛིན་མོས་སྤྱོད་པར་གསུངས་པའི་ཚིག་ཐད་ཀར་གྱིས་ཚོགས་ལམ་དང་སྦྱོར་ལམ་རྟེན་ཅན་གྱི་རྣམ་སྨིན་པ་ཞིག་ཡོད་པ་ལྟ་བུར་གོ་ཡང་། དོན་ལ་སྦྱོར་ལམ་བཞི་ཡི་མཐའ་མ་གཉིས་ལས་དེ་མན་གྱི་ལམ་རྟེན་ཅན་གྱི་རྣམ་སྨིན་རིག་འཛིན་ཞིག་ཡོད་པར་ནི་མི་འདོད་དེ། འབྲས་བུ་བཞི་པོ་ཟག་པ་མེད་པས་བསྡུས་ཚུལ་བཤད་པ་ན། རྣམ་སྨིན་རིག་འཛིན་ཚོགས་སྦྱོར་བ་མཐར་ཐུག་གི་སས་བསྡུས་ཚུལ་དང་། འོག་ནས་འཆད་འགྱུར་གྱི་འབྲས་བུ་བཞི་པོ་ཕྱིར་མི་ལྡོག་པ་ཁྱད་པར་གྱི་སས་བསྡུས་ཚུལ་གྱིས་ཤེས་པར་འགྱུར་རོ། །དེ་ལ་ཚོགས་སྦྱོར་བ་ཞེས་པའི་ཚོགས་ཚོགས་ལམ་དང་། སྦྱོར་སྦྱོར་བའི་ལམ་གྱི་ངོ་བོ་ཐ་དད་གཉིས་ཀྱི་དོན་དུ་མི་གོ་བར་འཕགས་ལམ་མངོན་དུ་བྱེད་པའི་ཐབས་ཚོགས་ཀྱི་སྒོ་དུ་མ་ལ་སྦྱོར་བར་བྱེད་པའི་སྦྱོར་ལམ་ལ་གོ་བ་བཟུང་ན། ཚོགས་སྦྱོར་བ་མཐར་ཐུག་གི་ས་ཞེས་པའི་དོན་ལའང་ཐུན་མིན་གྱི་གོ་རྒྱུ་ཞིག་ཡོད་པར་སྣང་ངོ་། །གཞན་དུ་ན་ཚོགས་སྦྱོར་གྱི་མཐར་ཐུག་ཅེས་པ་མོས་པས་སྤྱོད་པའི་ལམ་གཉིས་ཀ་དང་། དེ་ལྟར་མིན་ཡང་གང་ལ་ངོས་འཛིན་མེད་པར་སྐབས་རེར་ཚོགས་ལམ་དང་རེས་འགའ་སྦྱོར་ལམ་དུ་འཐེན་འཁྱེར་བྱེད་པ་ལ་གོ་རྒྱུ་ལྷག་པོ་གང་ཡང་མེད་པར་མ་ཟད། ཁྱད་པར་ས་ལ་གནས་འགྱུར་ཡིན། །ཞེས་པའི་དོན་འགྲེལ་བ་ན། ཁྱད་པར་གྱི་ས་བཅུ་གསུམ་པ་དེར་མངོན་དུ་བྱས་པ་སྟེ། ཞེས་གསུངས་པའི་དོན་དེ་ལ་གཞིགས་ན། སྦྱོར་ལམ་བཟོད་པ་དང་ཆོས་མཆོག་གཉིས་མིན་པའི་མོས་སྤྱོད་ཀྱི་ལམ་འོག་མ་དག་ལ་དོན་དེ་བསྒྲིག་དཀའ་བར་སྣང་བས། ཚོགས་སྦྱོར་མཐར་ཐུག་ཅེས་པ་སྦྱོར་ལམ་མཐའ་མ་གཉིས་ལ་ངོས་འཛིན་བྱེད་པ་ནི་ཀུན་མཁྱེན་ནས་ལམ་རིམ་སོགས་ཀྱི་གཞུང་ཁུངས་སུ་བྱས་པའི་དགོངས་དོན་དྲི་མ་མེད་པ་ཞིག་ཏུ་སེམས་སོ།།

དེ་ལ་ཆོས་མཆོག་སྦྱོར་བ་མཐར་ཐུག་གི་ས་ཡིན་པར་འཐད་ཀྱང་བཟོད་པ་ནི་དེ་ལྟར་མིན་པས་ག་ལ་འཐད་ཅེ་ན། བརྗོད་པར་བྱ་སྟེ། ཀུན་མཁྱེན་གྱིས་འགྲེལ་པ་ཕྱོགས་བཅུའི་མུན་སེལ་དུ་གསུངས་པའི་དོན་བསྡུས་ཏེ་བརྗོད་ན། འདི་ལྟར་བཟོད་པ་རྟེན་ཅན་ཚེ་འདིར་ཆོས་མཆོག་ཐོབ་ན་རྟེན་དེ་ལ་རྡོ་རྗེ་ལུས་ཅན་གྱི་ཚེ་དབང་རིག་འཛིན་འཐོབ་པ་དང་། དེ་ལྟར་མིན་པར་བར་ཆད་ན་ལུས་བོར་མ་ཐག་ཏུ་འཕགས་པའི་ས་འཐོབ་པས་སྦྱོར་ལམ་མཐར་ཐུག་དང་གཅིག་པའི་ཕྱིར་དང་། འདིར་བརྗོད་ཀྱི་འབྲས་བུ་རིག་འཛིན་བཞི་པོ་ཕྱིར་མི་ལྡོག་པ་ཁྱད་པར་གྱི་སས་བསྡུས་ཚུལ་གསུངས་པ་ན། འབྲས་བུ་བཞི་པོ་དེ་དག་གི་ལམ་ཐམས་ཅད་ཀྱི་རྟེན་དེར་ས་བཅུ་གསུམ་པ་མངོན་དུ་བྱེད་པའི་ཚུལ་གསུངས་པ་དེའི་གནད་ཀྱིས་བཟོད་པ་སྦྱོར་བ་མཐར་ཐུག་གི་ས་ཡིན་པར་ཐ་སྙད་ཚིག་གིས་སྙོད་ཚུལ་ལ་མི་འགྲིག་པ་ལྟ་བུར་སྣང་ཡང་། དོན་ལ་གོང་གསལ་འཕགས་ས་འཐོབ་པར་སྦྱོར་ལམ་མཐར་ཐུག་དང་གཅིག་པའི་རྒྱུ་མཚན་གྱིས་ཤིན་ཏུ་ནས་ཀྱང་འཐད་པ་ཉིད་དོ། །དེ་ལྟར་བཤད་པའི་འཇོག་མཚམས་ཀྱིས་རྣམ་སྨིན་རིག་འཛིན་ལ་དོན་གྱི་དབྱེ་བའང་བཟོད་པ་རྟེན་ཅན་བར་དུ་ཆད་ནས་ཕྱག་རྒྱ་ལ་སྦྱོར་བའི་མཚན་ཉིད་གསུམ་ལྡན་གྱི་རིགས་ཤིག་དང་། བར་དུ་མ་ཆད་པར་ཆོས་མཆོག་ལ་སྦྱོར་ནས་རྟེན་དེའི་ཚེ་ལ་མཐོང་ལམ་ཚེ་དབང་རིག་འཛིན་ལ་ལྡང་བར་ངེས་ཅན་གཉིས་ཡོད་དོ། །དེ་ལྟར་ཡིན་པའི་གནད་དེ་མ་གོ་བས། ཁ་ཅིག་གིས། རྔམ་གློག་སོགས་ཀྱི་གཞུང་ཆེན་མོ་རྣམས་ནས། ཡིད་ལྷ་ཡི་རྣལ་འབྱོར་དུ་སྨིན་པ། ལུས་རྣམ་སྨིན་གྱི་གཟུགས་ལས་གནས་མ་གྱུར་པ། ལུས་རྒྱ་དང་བྲལ་ནས་ཕྱག་རྒྱ་ཆེན་པོའི་སྐུ་འཐོབ་པ། ཞེས་མཚན་ཉིད་གསུམ་ལྡན་གྱི་རྣམ་སྨིན་རིག་འཛིན་ཞིག་ཀྱང་ཡོད་པར་གསུངས་པ་དེ་ཉིད་འཁྲུལ་གཞིར་བྱས་ནས། རྣམ་སྨིན་རིག་འཛིན་ཡིན་ན་མ་ཤི་བར་དུ་ཕྱག་རྒྱ་ལ་མི་སྦྱོར་བ་དང་། ཚེ་དབང་མི་འཐོབ་པ་སོགས་ཀྱི་ཁྱབ་མཐའ་འཆའ་བའི་རིགས་བྱུང་ཡང་དོན་ལ་རྣམ་སྨིན་རིག་འཛིན་གང་ནས་འཇོག་པའི་ས་མཚམས་དང་། དོན་གྱི་དབྱེ་བའི་རྣམ་གཞག་གི་ཚུལ་ཞིབ་ཏུ་མི་ཤེས་པའི་རང་མཚང་ངོམ་པ་ཙམ་དུ་ཟད་དོ།།

རྣམ་སྨིན་རྟེན་ཅན་ལམ་གོང་མར་འཕོ་ཚུལ་ལ་བརྟག་པ།

རྣམ་སྨིན་རིག་འཛིན་ལ་གོང་གསལ་ལྟར་དོན་གྱི་དབྱེ་བ་གཉིས་ཀྱིས་ལམ་གོང་མ་མཐོང་ལམ་ལ་འཕོ་ཚུལ་ཡང་གཉིས་སུ་སྣང་སྟེ། དང་པོ་ཚེ་འདིར་ཆོས་མཆོག་མ་ཐོབ་པར་བར་ཆད་ན་བར་དོར་ཕྱག་རྒྱར་བཞེངས་ནས་སྦྱོར་བར་བྱེད་ལ། དེ་ལྟར་འཕོས་པའི་རྣམ་སྨིན་རིག་འཛིན་དེ་མཐོང་ལམ་ལ་སོན་དུས་འབྲས་བུ་རིག་འཛིན་བཞི་ཡི་དང་པོ་གཉིས་དང་། མཐའ་མ་གསུམ་པོ་མིན་པར་དོགས་པ་མེད་མོད། གསུམ་པ་ཕྱག་ཆེན་རིག་འཛིན་དུ་འདོད་མཁན་འགའ་བྱུང་ཡང་། དེ་ནི་ལམ་དང་དེ་འཛིན་པའི་འབྲས་བུའི་ཁྱད་པར་ཏེ། ཕྱག་རྒྱའི་དངོས་གྲུབ་དང་ཕྱག་ཆེན་རིག་འཛིན་གཉིས་ཀྱི་ཁྱད་པར་ཙམ་ཡང་མི་ཕྱེད་པར་གྱ་ཚོམ་དུ་སྨྲ་བའི་སྐད་ངན་ལས་ཁྱད་པར་འཕགས་པའི་ཡོན་ཏན་འགའ་ཡང་མི་སྣང་ངོ་། །དེས་ན་འོག་གི་བརྟག་པ་ལས་འབྱུང་བ་ལྟར་གྱི་ཕྱག་རྒྱའི་དངོས་གྲུབ་དང་དེའི་རིག་འཛིན་གཉིས་ལ་ཐ་དད་ཅན་གྱི་དོན་ལ་ངེས་པར་བྱས་ན། དེ་ཙམ་གྱིས་དོན་མེད་ཐེ་ཚོམ་གྱི་སྒྲོག་ལས་གྲོལ་བར་འགྱུར་བས་ཚིག་ཙམ་གྱི་ངལ་བ་དང་དུ་ལེན་པར་མི་སྤྲོའོ། །དེ་ལྟ་བུའི་མཐོང་ལམ་པ་དེ་འཕགས་ལམ་ཐོབ་པས་སེམས་ལ་ལྟོས་ནས་ཕྱག་ཆེན་རིག་འཛིན་དུ་རུང་ཡང་། ལུས་ལ་ལྟོས་ནས་རིག་འཛིན་བཞི་པོ་གང་ཡང་མིན་ཞེས་པ་དེས། རིག་འཛིན་གྱི་འབྲས་བུ་གཙོ་བོ་ལུས་ཀྱི་དངོས་གྲུབ་ཀྱི་སྟེང་ནས་བཞག་པ་དང་། ལམ་ལྔ་ཀ་འབྲས་བུ་རིག་འཛིན་གྱིས་མ་བསྡུས་པའི་དོན་ཡང་དེའི་སྟེང་ནས་ཤེས་པར་འགྱུར་རོ། །གཉིས་པ་ནི་བར་དུ་མ་ཆད་པར་ཆོས་མཆོག་ཐོབ་ནས་རྟེན་དེར་ཚེ་ལ་དབང་བའི་རིག་འཛིན་གྱི་སྐུར་ལྡང་བའི་མཐོང་ལམ་པ་སྟེ་འཕགས་ལམ་རྟེན་ཅན་གྱི་འབྲས་བུ་རིག་འཛིན་གྱི་ཐོག་མ་དེའོ། །གཞན་ཡང་། ནུས་པ་ཐོབ་དང་མ་ཐོབ་ལས། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་པའི་དོན་ཡང་རྣམ་སྨིན་ལ་དོན་གྱི་དབྱེ་བ་རིགས་མི་འདྲ་བ་གཉིས་ཀྱིས། ལམ་གོང་མར་འཕོ་ཚུལ་ལ་གཉིས་སུ་སྣང་བས། དེ་ལས་ཐོབ་པའི་མཐོང་བའི་ལམ་ལའང་ནུས་ཅན་དང་ནུས་མེད་གཉིས་སུ་འབྱུང་བའི་དོན་གྱི་འགག་ཀྱང་དེ་ལ་ཐུག་པ་ཡིན་ནོ། །དེའི་ཕྱིར་ན་ཀུན་མཁྱེན་གྱི་ལུགས་ལ་ནུས་པ་ཐོབ་དང་མ་ཐོབ་ཅེས་པའི་དོན་ཡང་། མཐོང་བའི་ལམ་ལ་གཉིས་སུ་འགྱུར་བའི་ཚུལ་ལས། ལུགས་གཞན་ནས་འབྱུང་བ་ལྟར་མཐོང་ལམ་རྟེན་ཅན་གྱི་འབྲས་བུ་རིག་འཛིན་གཉིས་སུ་ཡོད་པའི་དོན་དུ་གོ་བར་བྱ་བ་ནི་མ་ཡིན་ནོ།།

ཕྱག་རྒྱའི་དངོས་གྲུབ་དང་དེའི་རིག་འཛིན་ལ་བརྟག་པ།

སྤྱིར་ཕྱག་རྒྱའི་དངོས་གྲུབ་ཅེས་པ་འཕགས་ལམ་རིལ་པོའི་དོན་དུ་གཞུང་ཆེན་མོ་རྣམས་ནས་གསུངས་པས། དེ་དང་དེའི་རིག་འཛིན་གཉིས་ལ་ཁྱད་པར་འདི་ཡོད་དེ། ཕྱག་རྒྱའི་རིག་འཛིན་ནི་རང་ལུས་གང་སྒོམ་པའི་ལྷ་ཡི་ཆ་བྱད་དུ་གནས་གྱུར་པའི་མཐོང་སྒོམ་གྱི་རྟོགས་པ་ཁྱད་པར་ཅན་གྱི་འབྲས་བུ་ལ་གནས་པའི་རིག་འཛིན་དང་། ཕྱག་རྒྱའི་དངོས་གྲུབ་ནི་འཕགས་པའི་ཡེ་ཤེས་མངོན་གྱུར་གྱི་ལམ་ཞིག་ལ་གོ་བས། སློབ་མི་སློབ་ཀྱི་འཕགས་ལམ་ཐམས་ཅད་ཕྱག་རྒྱའི་དངོས་གྲུབ་ཀྱི་ཁོངས་སུ་བསྡུས་པ་ཡིན་ཀྱང་། དེ་ཐམས་ཅད་ཕྱག་ཆེན་རིག་འཛིན་ཡིན་པས་མ་ཁྱབ་པ་ནི་གོང་གསལ་མཚན་ཉིད་དེའི་སྟེང་ནས་ངེས་པར་འགྱུར་རོ། །དེ་བས་ན་ཕྱག་རྒྱའི་དངོས་གྲུབ་ཅེས་པ་ནི་འཕགས་པའི་ལམ་གྱི་ངོ་བོའི་ཆ་ནས་དང་། ཕྱག་ཆེན་རིག་འཛིན་ནི་དམིགས་བསལ་གྱིས་དེ་རྟེན་ཅན་གྱི་གང་ཟག་སྒོམ་ལམ་པ་ལ་གོ་དགོས་པ་ཡིན་ནོ། །དེ་དག་གི་རྣམ་དབྱེ་ལེགས་པར་ངེས་ན། སྐབས་རེར་གཞུང་ཆེན་མོ་རྣམས་ནས་འཕགས་པ་སློབ་མི་སློབ་ཀྱི་ལམ་ཐམས་ཅད་ཕྱག་རྒྱའི་མིང་གིས་བསྙད་པ་ན། འབྲས་བུ་རིག་འཛིན་བཞི་ཡི་གསུམ་པ་ཕྱག་ཆེན་རིག་འཛིན་དང་ནམ་ཡང་འཁྲུལ་བའི་གནས་མི་སྲིད་དོ། །དེ་ལས་གཞན་ཡང་། ཀུན་མཁྱེན་གྱིས་མཐོང་ལམ་ལྟ་བུ་ལ་མཚོན་ནས་འཕགས་པའི་ཡེ་ཤེས་ཐོབ་པའི་ཆ་ནས་ཕྱག་རྒྱ་དང་། སྐྱེ་འཆི་མེད་པའི་ཆ་ནས་ཚེ་དབང་ཞེས་ངོ་བོ་གཅིག་ལ་ལྡོག་པས་དབྱེ་བར་གསུངས་པ་ཡང་། རིག་འཛིན་བར་པ་གཉིས་ཀྱི་དོན་དུ་གོ་བའི་གསུང་མིན་པར་འཕགས་པའི་ལམ་ཐམས་ཅད་འཆི་མེད་ཚེ་ལ་དབང་བའི་དངོས་གྲུབ་དང་། འཕགས་པའི་ཡེ་ཤེས་མངོན་གྱུར་གྱི་ཕྱག་རྒྱའི་དངོས་གྲུབ་གཉིས་ལ་དབང་འབྱོར་བའི་ཡོན་ཏན་གྱི་ལྡོག་པས་རྣམ་པ་གཉིས་སུ་བརྗོད་དུ་ཡོད་པའི་དོན་དུ་གོ་བར་བྱའོ། །དེ་ལྟར་གྱི་དོན་གནད་ལ་སྤུ་རིས་མི་འབྱེད་ན། ཚེ་དབང་གི་མཐར་ཐུག་མཐར་ཕྱིན་ལྷུན་གྲུབ་ཀྱི་ས་ལ་གསུངས་པས། དེ་འབྲས་བུ་བཞི་ཡི་གཉིས་པ་ཚེ་དབང་རིག་འཛིན་ཡིན་པར་འདོད་ན། ཀུན་མཁྱེན་གྱིས་འབྲས་བུ་བཞི་ཟག་པ་མེད་པས་བསྡུས་ཚུལ་གསུངས་པའི་དོན་དང་དངོས་སུ་འགལ་ཞིང་། རིག་འཛིན་མཐའ་མ་གསུམ་གྱི་འཇོག་མཚམས་འཆོལ་ནས་གཞུང་གནད་ས་འཛིན་གྱི་དོན་དཔྱིས་ཕྱིན་པ་ཞིག་རྙེད་པའི་སྐབས་ནམ་ཡང་མི་སྲིད་པར་འགྱུར་རོ། །དེས་ན་ལམ་དང་དེ་འཛིན་པའི་འབྲས་བུ་གཉིས་ལ་ལེགས་པར་ཤན་ཕྱེ་ནས་སྨྲ་བའི་ཚུལ་ལ་མཁས་དགོས་པ་ནི་ཆེས་གཅེས་པའི་དོན་གནད་ཅིག་ཏུ་འཁུམས་སོ། །དེ་བཞིན་ཚེ་དབང་མཐོང་ལམ་ཡིན་པར་འཐད་ཀྱི། མཐོང་ལམ་ཁོ་ན་ཚེ་དབང་ཡིན་པར་མི་འཐད་པར་གསུངས་པའི་དོན་གྲོལ་མི་འགྲོལ་གྱི་གནད་ཀྱང་རྩ་བ་དེ་ལ་ཐུག་པས། དེའི་དོན་མི་ཤེས་པའི་རྩ་བ་ཅན་གྱི་སྨྲ་བ་མང་དུ་བྱུང་བའང་ཚུལ་འདི་མི་ཤེས་པའི་སྐྱོན་དུ་བལྟའོ།།

ཁྱད་པར་གྱི་སས་བསྡུས་ཚུལ་ལ་བརྟག་པ།

དེ་ལ་རིག་འཛིན་གྱི་འབྲས་བུ་དེ་དག་ལས། དང་པོ་གསུམ་རྒྱུའི་སས་བསྡུས་ཤིང་། བཞི་པ་འབྲས་བུའི་སས་བསྡུས་སོ། །དེ་ཡང་རྒྱུ་ཡི་སས་བསྡུས་ཚུལ་ལ། འབྲས་བུ་དང་པོ་རྣམ་སྨིན་རིག་འཛིན་རྒྱུའི་མོས་སྤྱོད་ཀྱི་ས་དང་། ཚེ་དབང་དང་ཕྱག་ཆེན་གཉིས་རྒྱུའི་འཕགས་ས་སྟེ་འཕགས་པ་སློབ་པའི་སས་བསྡུས་ལ། གཅིག་ཏུ་ན་དེ་ཐམས་ཅད་ཀྱང་ཁྱད་པར་གྱི་སས་བསྡུས་པར་གསུངས་ཏེ། གསང་སྙིང་ལས། [3]ཁྱད་པར་ས་ལ་གནས་འགྱུར་ཡིན། །ཕ་རོལ་ཕྱིན་པ་ཀུན་ཏུ་རྫོགས། །ཞེས་པའི་དོན་ཡང་། རོང་ཟོམ་ཆེན་པོས། [4]དེ་ལ་ཁྱད་པར་གྱི་ས་ནི། གསང་སྔགས་ཀྱི་ཚུལ་ལས་སངས་རྒྱས་ཀྱི་ས་བཅུ་གསུམ་པ་ཞེས་གྲགས། དེ་བཞིན་དུ་རྡོ་རྗེ་འཛིན་པའི་ས་ཞེའམ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཞེའམ། རིག་པ་འཛིན་པའི་ས་ཞེས་བྱ་བ་ལ་སོགས་པར་གྲགས་ཏེ། ས་འདི་དག་གིས་བསྡུས་པའི་ཚུལ་ནི། དཔེར་ན་ཉ་མཆིལ་པས་ཟིན་པ་ནི་ཆུའི་ཁམས་དང་མ་བྲལ་བཞིན་དུའང་སྐམ་སར་གཏོགས་པས་བསྡུ་བ་དེ་བཞིན་དུ། རྒྱུ་རྐྱེན་ནུས་པ་ཅན་དུ་གྱུར་པ་དེ་དག་ནི་སྲིད་པའི་ས་དང་མ་བྲལ་བཞིན་ཡང་། ཡེ་ཤེས་ཀྱི་སས་ཟིན་པར་གྱུར་པས་ཡེ་ཤེས་ཆེན་པོ་ཉིད་ཀྱི་སར་གཏོགས་པར་བསྡུའོ། །ཞེས་གསུངས་པ་དང་། ཀུན་མཁྱེན་ཀློང་ཆེན་པས། [5]ཕྱིར་མི་ལྡོག་པ་ཁྱད་པར་གྱི་སས་བསྡུས་ཚུལ་བཤད་ན། རིག་འཛིན་བཞི་པོ་ཐམས་ཅད་འབྲས་བུའི་རིག་འཛིན་ལ་གནས་པར་ངེས་པས་ཁྱད་པར་གྱི་ས་ལ་གནས་པར་གྱུར་པ་ཡིན་ཏེ། ས་དེ་ཉིད་གྲུབ་པའི་ངོ་བོ་རྒྱུ་དང་འབྲས་བུའི་ཕ་རོལ་ཏུ་ཕྱིན་པ་ཀུན་ཏུ་རྫོགས་པར་བསྒྲུབ་པའི་རིམ་པ་དཔེར་ན་ལྕགས་ཀྱུས་ཟིན་པའི་ཉ་སྐམ་སར་བཏོན་པ་བཞིན་ཞེས་པའོ། །ཞེས་དང་། [6]དེ་ཐམས་ཅད་ཕྱོགས་གཅིག་ཏུ་ཁྱད་པར་གྱིས་བསྡུས་ཏེ། དེར་ངེས་པར་མཐོང་དུ་བྱེད་པ་སྟེ། དཔེར་ན་ལྕགས་ཀྱུས་ཟིན་པའི་ཉ་ཆུ་ནང་ན་ཡོད་ཀྱང་སྐམ་སར་བཏོན་པ་དང་འདྲའོ། །ཞེས་གསུངས་སོ། །དེ་ལ་ཁྱད་པར་གྱི་ས་ཞེས་པ་ནི། ཀུན་མཁྱེན་རོང་ཀློང་གཉིས་ཀྱིས་སངས་རྒྱས་ཀྱི་ས་བཅུ་གསུམ་པ་ལ་གསུངས་པ་དང་། དེས་འབྲས་བུ་དེ་དག་བསྡུས་ཚུལ་ཡང་ལྕགས་ཀྱུས་ཟིན་པའི་ཉ་ཆུ་དང་མ་བྲལ་བཞིན་ཡང་སྐམ་སར་གཏོགས་པའི་དཔེ་དོན་གཅིག་པར་གསུངས་པ་ན། ཁྱད་པར་གྱི་སས་བསྡུས་ཚུལ་དེ་ཡི་དབང་གིས་འབྲས་བུ་བཞི་ཡི་དང་པོ་རྣམ་སྨིན་རིག་འཛིན་གྱི་འཇོག་མཚམས་ཀྱང་སྦྱོར་བ་མཐར་ཐུག་བཟོད་པ་དང་ཆོས་མཆོག་གཉིས་ལས་དེ་མན་གྱི་ལམ་ལ་མི་འཐད་པའི་དོན་ཡང་དེའི་སྟོབས་ཀྱིས་གོ་ནུས་པ་དང་། སྐབས་འདིར་ས་དེ་དང་དེས་བསྡུས་ན་ས་དེ་དང་དེ་ཡིན་དགོས་མིན་གྱི་དོན་ཡང་ཚུལ་དེའི་སྟེང་ནས་རྟོགས་པར་འགྱུར་བ་ཁོ་ནའོ། །དེས་ན་བརྟག་པ་དེའི་དོན་ལ་ཀུན་མཁྱེན་རོང་ཀློང་གཉིས་ཀྱི་གཞུང་ནས་གསལ་པོར་གསུངས་འདུག་པ་དེ་མཇལ་བས་ཆོག་ཅིང་། དེ་ནས་བཤད་པ་ལ་དོན་གྱི་བསྐྱེད་འདོན་མེད་པའི་ཉག་ཉོག་ཚིག་ཙམ་གྱི་ངལ་བ་ལས་མི་སྣང་བས་རེ་ཞིག་ཀུན་རྟོག་གཡོ་བའི་འདུ་བྱེད་བསྐྱུངས་སོ།།

འདི་ན་གོང་མའི་གསུང་གསང་ཁྱད་འཕགས་རྣམས། །དོན་ལ་རང་བློར་མཛའ་མིན་ཇི་ལྟར་ཡང་།།

འདི་སྣང་ཐོས་བསམ་གྱི་ནའི་ཉེར་ལེན་ལས། །ཡིད་འོང་ཨུཏྤལ་མིན་ཡང་དད་པས་བསྒྲུབས།།

ཚིག་དོན་ཉེས་པའི་སྤྲིན་ཕུང་གཡོ་བ་གང་། །སྙིང་ནས་ཆོས་སྤྱན་ཡངས་པའི་མདུན་དུ་བཤགས།།

རྣམ་དཀར་ཆ་ཤས་ཡོངས་གང་པདྨོའི་གཉེན། །འགྲོ་ཚོགས་འཁྲུལ་སྣང་མུན་པའི་གཤེད་མར་བསྔོ།།

དགེའོ། །དགེའོ། །དགེའོ།།


[1]  ཐཱའི་ཝན་པར་མ། དེབ་གཟུགས། ཀློང་ཆེན་གསུང་འབུམ། དེབ་ཕྲེང་། ༢༣ ཤོག་གྲངས། ༢༥ པར་གསལ།

[2]  ཐཱའི་ཝན་པར་མ། དེབ་གཟུགས། ཀློང་ཆེན་གསུང་འབུམ། དེབ་ཕྲེང་། ༢༣ ཤོག་གྲངས། ༣༠ པར་གསལ།

[3]  ཐཱའི་ཝན་པར་མ། དེབ་གཟུགས། ཀློང་ཆེན་གསུང་འབུམ། དེབ་ཕྲེང་། ༢༣ ཤོག་གྲངས། ༣༠ པར་གསལ།

[4]  ཐཱའི་ཝན་པར་མ། དེབ་གཟུགས། རོང་ཟོམ་གསུང་འབུམ། པོད་དང་པོ། ཤོག་གྲངས། ༡༨༩ པར་གསལ།

[5]  ཐཱའི་ཝན་པར་མ། དེབ་གཟུགས། ཀློང་ཆེན་གསུང་འབུམ། དེབ་ཕྲེང་། ༢༣ ཤོག་གྲངས། ༤༠༠ པར་གསལ།

[6]  ཐཱའི་ཝན་པར་མ། དེབ་གཟུགས། ཀློང་ཆེན་གསུང་འབུམ། དེབ་ཕྲེང་། ༢༥ ཤོག་གྲངས། ༤༤ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།