ཆོས་འཕེལ་བླ་མ། འཛིན་རིམ་བརྒྱད་པ།
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།
དེ་ཡང་རྒྱལ་བའི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་འགྲེལ་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྐབས་དང་པོར། རྣམ་རྟོག་བཞི་པོ་ལྡན་བརྟེན་པ། །ཞེས་པ་ལས་འཕྲོས་པའི་སྦྱོར་ལམ་གྱི་སྤང་བྱ་རྟོག་པ་བཞི་ཡི་སྐོར་ཅུང་ཙམ་སྤྲོ་བ་ལ། སྤྱིར་གཟུང་འཛིན་རྟོག་པ་དང་འདིར་བསྟན་གྱི་གཟུང་འཛིན་རྟོག་པའི་ཁྱད་པར་ངོས་འཛིན་པ། འདིར་བསྟན་གྱི་གཟུང་འཛིན་རྟོག་པའི་ཚད་འགོད་པ། སྤང་བྱ་ཐམས་ཅད་འདིར་བསྟན་གྱི་རྟོག་པ་བཞིར་སྡུད་མིན་ལ་དཔྱད་པ། འདིར་བསྟན་གྱི་རྟོག་པ་བཞི་ཉོན་སྒྲིབ་དང་ཤེས་སྒྲིབ་གང་གི་ཆར་གཏོགས་མིན་ལ་དཔྱད་པ། སྦྱོར་ལམ་གྱི་སྤང་བྱ་གཟུང་འཛིན་རྟོག་པ་བཞི་དང་མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱ་གཟུང་འཛིན་རྟོག་པ་བཞིའི་ཁྱད་པར་མུ་ཡིས་གོ་བདེར་འགོད་པར་བཅས་ལྔ་ལས།
དང་པོ། སྤྱིར་གཟུང་འཛིན་རྟོག་པ་དང་འདིར་བསྟན་གྱི་གཟུང་འཛིན་རྟོག་པའི་ཁྱད་པར་ངོས་འཛིན་པ།
ཚད་མའི་གཞུང་ལུགས་གཙོ་བོར་གྱུར་པའི་གཞུང་སྤྱིའི་གོ་བའི་བབ་ལྟར་བྱས་ན་ཡུལ་དང་ཡུལ་ཅན་གཉིས་ཀྱི་ཟླས་ཕྱེ་བའི་གཟུང་བ་ཡུལ་གྱི་ཆ་ལ་དམིགས་ནས་དགག་སྒྲུབ་གང་རུང་གི་རྣམ་པར་ཞེན་པའི་རྟོག་པ་ལ་གཟུང་རྟོག་དང་། ཡུལ་དང་ཡུལ་ཅན་གཉིས་ཀྱི་ཟླས་ཕྱེ་བའི་ཡུལ་ཅན་འཛིན་པ་སེམས་ཀྱི་ཆ་ལ་དམིགས་ནས་དགག་སྒྲུབ་གང་རུང་གི་རྣམ་པར་ཞེན་པའི་རྟོག་པ་ལ་འཛིན་རྟོག་ཏུ་གོ་ཡང་། འདིར་བསྟན་ཐེག་ཆེན་སྦྱོར་ལམ་གྱི་སྤང་བྱའི་གཟུང་རྟོག་ནི། གཞུང་ལས། གཞི་དང་དེ་ཡི་གཉེན་པོ་ཡི། །གཟུང་བར་རྟོག་པ་རྣམ་པ་གཉིས། །ཞེས་དང་། རྒྱན་སྣང་ལས། ཀུན་ནས་ཉོན་མོངས་པའི་དངོས་པོ་ལ་བརྟེན་པ་དང་། གཉེན་པོའི་དངོས་པོ་ལ་བརྟེན་པའི་གཟུང་བའི་རྣམ་པར་རྟོག་པ་གཉིས་དང་། ཞེས་དང་། འགྲེལ་པ་དོན་གསལ་ལས། གཟུང་བར་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་དང་གཉེན་པོའི་རྟེན་ཅན་ཉིད་ཀྱིས་རྣམ་པ་གཉིས། ཞེས་པ་ལྟར་དམིགས་ཡུལ་ཀུན་བྱང་གང་རུང་གི་ཆོས་སུ་ངེས་པར་བསྟན་པས། སྤྱིར་གཟུང་རྟོག་ལས་དམིགས་ཡུལ་ཁྱབ་ཆུང་ཞིང་། འཛིན་རྟོག་ཀྱང་། གཞུང་ལས། སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །ཅེས་དང་། རྒྱན་སྣང་ལས། སྐྱེས་བུ་རྫས་སུ་ཡོད་པ་ལ་བརྟེན་པ་དང་། སྐྱེས་བུ་བཏགས་པར་ཡོད་པ་ལ་བརྟེན་པའི་འཛིན་པའི་རྣམ་པར་རྟོག་པ་གཉིས་ཏེ། ཞེས་དང་། འགྲེལ་པ་དོན་གསལ་ལས། གང་ཟག་རྫས་སུ་ཡོད་པ་དང་སྐྱེས་བུ་བཏགས་པར་ཡོད་པ་ལ་དམིགས་པས་འཛིན་པར་རྣམ་པར་རྟོག་པ་ཡང་རྣམ་པ་གཉིས་ཡིན་ལ། ཞེས་པ་ལྟར་འདིར་བསྟན་གྱི་འཛིན་རྟོག་ནི་རང་གི་དམིགས་ཡུལ་གང་ཟག་ཁོ་ན་ལ་དམིགས་པ་དང་། སྤྱིར་འཛིན་རྟོག་ཅེས་པ་དམིགས་ཡུལ་གཙོ་བᨕ་སེམས་ཀྱི་ཆ་ལ་བརྟེན་པར་འཇོག་པས་མི་འདྲ། དེ་བཞིན་སྤྱིར་གཟུང་འཛིན་རྟོག་པ་ལ་དགག་རྟོག་དང་སྒྲུབ་རྟོག་གཉིས་ཀའི་ཆ་ཡོད་ཀྱང་། འདིར་བསྟན་གཟུང་འཛིན་གྱི་རྟོག་པ་ནི་དགག་རྟོག་དང་སྒྲུབ་རྟོག་གཉིས་ལས་སྒྲུབ་རྟོག་ཁོ་ནར་ངེས་ཤིང་། སྤྱིར་གཟུང་འཛིན་གྱི་རྟོག་པ་ལ་མངོན་གྱུར་དང་། བག་ཉལ་བའི་ཆ་གཉིས་ཀ་ཡོད་ཀྱང་། འདིར་བསྟན་སྦྱོར་ལམ་གྱི་སྤང་བྱའི་རྟོག་པ་ནི་མངོན་གྱུར་ཁོ་ན་ལས་གཟུང་འཛིན་བག་ཉལ་གྱི་ངོ་བོར་གནས་པའི་རྟོག་པ་རྣམས་མི་འཇོག་པས་འདི་གཉིས་ཀྱི་ཁྱད་པར་མ་འཛིངས་པར་ཤེས་པ་གལ་ཆེ་སྙམ། སྦྱོར་ལམ་གྱི་སྤང་བྱའི་རྟོག་པར་སྒྲུབ་རྟོག་གིས་ཁྱབ་པ་འོག་ནས་འཆད་འགྱུར་གྱི་གཞུང་ཚིག་དག་གིས་བསྒྲུབས་ཤིང་། བག་ཉལ་གྱི་ངོ་བོར་གྱུར་པའི་གཟུང་འཛིན་རྟོག་པ་རྣམས་ཀྱང་སྦྱོར་ལམ་དང་གནོད་མེད་ལྷན་ཅིག་ཏུ་འགྲོགས་ཏེ་གནས་རུང་བས། སྦྱོར་ལམ་གྱི་སྤང་བྱར་ཆེས་མི་རིགས་ཏེ། གནོད་མེད་ལྷན་ཅིག་གནས་ན་སྤང་གཉེན་གྱི་འཇོག་བྱེད་མི་ལྡན་པའི་ཕྱིར་རོ།།
གཉིས་པ་འདིར་བསྟན་རྟོག་པའི་ཚད།
འདིར་བསྟན་གཟུང་རྟོག་གི་ཚད་ནི། རང་གི་དམིགས་ཡུལ་ཀུན་བྱང་གང་རུང་གི་གཟུང་བའི་ཆོས་ལ་དམིགས་ནས་ལོངས་སུ་སྤྱད་བྱར་ཞེན་ཅིང་འཁོར་གསུམ་མི་རྟོག་པའི་ཡེ་ཤེས་ཀྱིས་རྩིས་མ་ཟིན་པའི་སྒྲུབ་རྟོག་མངོན་གྱུར་པ་ཞིག་ལ་འཇོག་པ་དང་། འདིར་བསྟན་འཛིན་རྟོག་གི་ཚད་ནི། རང་གི་དམིགས་ཡུལ་སེམས་ཅན་ནམ་གང་ཟག་ཅིག་ལ་དམིགས་ནས་ལོངས་སུ་སྤྱོད་བྱེད་དུ་ཞེན་ཅིང་འཁོར་གསུམ་མི་རྟོག་པའི་ཡེ་ཤེས་ཀྱིས་རྩིས་མ་ཟིན་པའི་སྒྲུབ་རྟོག་མངོན་གྱུར་པ་ཞིག་ལ་བཞེད་པ་ཡིན་ནོ། །འདི་དག་གི་ཟུར་རེ་རེའི་གཅད་བྱ་རྣམས་སྨྲས་ན་གསལ་ཁ་ཐོན་ཆེ་ཡང་ཡིག་ཚོགས་མང་བར་དོགས་ཏེ་རེ་ཞིག་སྤྲོས་པ་བསྐྱུངས་སོ།།
གསུམ་པ་སྤང་བྱ་ཐམས་ཅད་འདིར་བསྟན་གྱི་རྟོག་པ་བཞིར་སྡུད་མིན་ལ་དཔྱད་པ།
དེ་ཡང་ཤེར་འགྲེལ་མ་ཕམ་ཞལ་ལུང་ལས། འདིར་བསྟན་གྱི་རྟོག་པ་བཞིས་མཐོང་སྒོམ་ལམ་གྱི་སྤང་བྱ་སྒྲིབ་གཉིས་རྫོགས་པར་བསྡུས་པ་ཡིན་པས། ཞེས་པའི་ལུང་གི་དགོངས་པ་ལེན་ཁུལ་གྱིས་ཆོས་ཀྱི་གྲོགས་པོ་འགས། གང་སྤང་བྱའམ་སྒྲིབ་པ་ཡིན་ན་འདིར་བསྟན་གྱི་རྟོག་པ་ཡིན་པས་ཁྱབ་པར་ཁས་ལེན་འཆའ་མོད། དེ་ལྟར་མི་འཐད་པའི་ཚུལ་འོག་གི་མུ་ཡི་ཁྱད་པར་འཇོག་ཚུལ་རྣམས་ལ་གཞིགས་ན་གསལ་པོར་མངོན་དཔོག་བྱེད་སླ་ཡང་། འདིར་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་རིགས་པའི་རྣམ་གྲངས་གཞན་ཞིག་བསྟན་ན། རྣམ་གྲངས་པའི་དོན་དམ་མེད་དགག་ཙམ་དུ་ཞེན་པའི་རྟོག་པ་ཆོས་ཅན། སྒྲིབ་པ་མ་ཡིན་པར་ཐལ། འདིར་བསྟན་གྱི་རྟོག་པ་བཞི་གང་ཡང་མ་ཡིན་པའི་ཕྱིར། འདོད་མི་རིགས་ཏེ། འཕགས་པ་སྡོམ་པ་གསུམ་བསྟན་པའི་མདོ་ལས། འོད་སྲུང་། མདོར་ན་དམིགས་པ་ནི་རློམ་སེམས་སོ། །གང་དང་གང་དུ་འདུ་ཤེས་འཇུག་ན་ཐ་ན་སྟོང་པ་ཉིད་དོ་སྙམ་པ་དེ་ཐམས་ཅད་ཀྱང་རློམ་སེམས་ཏེ། དགེ་སྦྱོང་དུ་བྱེད་པའི་ཆོས་མ་ཡིན་པ་དང་། བྲམ་ཟེར་བྱེད་པའི་ཆོས་མ་ཡིན་པ་ཐམས་ཅད་ནི་རློམ་སེམས་སོ། །ཞེས་དང་། མདོ་སྡེ་ལས། བདག་ཏུ་འཛིན་པ་རི་རབ་ཙམ་ཡང་སླ་ཡི། སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ཏེ། གསོར་མི་རུང་བའི་ལྟ་བའོ། །ཞེས་དང་། རྩ་ཤེས་ལས། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་བྱེད་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་པས་རྣམ་གྲངས་པའི་དོན་དམ་མེད་དགག་ཙམ་དུ་ཞེན་པའང་མཐར་འཛིན་ནམ་སྤང་བྱའི་སྒྲིབ་པར་བསྟན་པ་དང་འགལ་ལ། རྟགས་མ་གྲུབ་ཅེ་ན། དེ་ཆོས་ཅན། འདིར་བསྟན་གྱི་རྟོག་པ་མ་ཡིན་པའི་ཕྱིར་ཏེ། དགག་རྟོག་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། འདིར་བསྟན་གྱི་རྟོག་པ་ཡིན་ན་སྒྲུབ་རྟོག་ཡིན་དགོས་པ་གཞུང་ཉིད་ཀྱི་དགོངས་པ་ཡིན་པའི་ཕྱིར། ཤེར་འགྲེལ་མ་ཕམ་ཞལ་ལུང་ལས། དགག་རྟོག་དང་སྒྲུབ་རྟོག་གཉིས་ལས་སྒྲུབ་རྟོག་ཏུ་འདོད་དེ། ཆོས་དང་གང་ཟག་ཡོད་པར་རྟོག་པའི་བློ་ཡིན་པའི་ཕྱིར། དགག་རྟོག་མ་ཡིན་ཏེ། ཆོས་དང་གང་ཟག་མེད་པར་རྟོག་པའི་བློ་མ་ཡིན་པའི་ཕྱིར། ཁྱབ་སྟེ། དགག་རྟོག་དང་སྒྲུབ་རྟོག་གི་ཁྱད་པར་ནི་འཛིན་སྟངས་དགག་པ་དང་སྒྲུབ་པའི་རྣམ་པར་ཤར་བ་གཉིས་ཀྱིས་འབྱེད་པའི་ཕྱིར། ཞེས་དང་། དཔལ་སྤྲུལ་སྤྱི་དོན་ལས། སྔ་རབས་པ་ཕལ་མོ་ཆེས་དགག་རྟོག་ཏུ་འདོད་ཀྱང་། རྩ་འགྲེལ་གང་ལས་ཀྱང་དགག་རྟོག་ཏུ་བསྟན་པ་མེད་པས། སྒྲུབ་རྟོག་ཏུ་འདོད་པར་བྱའོ། །ཞེས་དང་། ཤེར་ཕྱིན་ཟིན་བྲིས་ལས་ཀྱང་། དེས་ན་སྐབས་འདིར་བསྟན་པའི་གཟུང་འཛིན་རྫས་བཏགས་ཀྱི་རྟོག་པ་ཐམས་ཅད་སྒྲུབ་རྟོག་ལས་མ་འདས་པར་ཤེས་པར་བྱའོ། །ཞེས་འདིར་བསྟན་རྟོག་པ་སྒྲུབ་རྟོག་ཏུ་ནན་གྱིས་བསྒྲུབས་པའི་ཕྱིར་རོ།།
དེས་ན་དགག་རྟོག་གི་ངོ་བོར་གྱུར་པའི་སྒྲིབ་པ་མཐའ་དག་འདིར་བསྟན་གྱི་རྟོག་པར་འཇོག་མི་རིགས་པས། མཐོང་སྒོམ་གྱི་སྤང་བྱའི་སྒྲིབ་པ་མཐའ་དག་འདིར་བསྟན་གྱི་རྟོག་པར་ཇི་ལྟར་བསྡུ། དེ་བཞིན་སྒྲུབ་རྟོག་གི་ངོ་བོར་གྱུར་པའི་སྒྲིབ་པ་ལའང་འདིར་བསྟན་གྱི་རྟོག་པས་མ་ཁྱབ་སྟེ། འདུས་མ་བྱས་ཀྱི་ནམ་མཁའ་བདེན་གྲུབ་དང་ཡོད་པར་འཛིན་པའི་རྟོག་པ་དེ་མཐར་འཛིན་ཡིན་པས་སྒྲིབ་པར་འདོད་དགོས་ཀྱང་། འདིར་བསྟན་གྱི་རྟོག་པ་བཞི་གང་ཡང་མ་ཡིན་པའི་ཕྱིར་ཏེ། རང་གི་དམིགས་ཡུལ་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་དང་། རྣམ་བྱང་ཕྱོགས་ཀྱི་བདེན་པ་གང་ལའང་མ་བརྟེན་པས་གཟུང་རྟོག་ཏུ་འདོད་མི་རིགས་ལ། རང་གི་དམིགས་ཡུལ་གང་ཟག་གི་ཆོས་ལ་མ་དམིགས་པས་འཛིན་རྟོག་ཏུའང་མི་འཐད་དོ། །གཞན་ཡང་གཞུང་སྤྱིའི་དཀའ་གནད་ལས། དང་པོ་རིགས་པས་ངེས་པ་རྙེད་དུས་གཉིས་སྣང་མངོན་གྱུར་པ་མི་ལྡོག་ཀྱང་དེར་ཞེན་ལྡོག སྦྱོར་ལམ་དུ་མངོན་གྱུར་ལྡོག་ཀྱང་ས་བོན་མི་སྤོང་། འཕགས་སློབ་ཀྱིས་ས་བདུན་དུ་ས་བོན་སྤོང་། དག་སར་བག་ཆགས་སྤོང་ངོ་། །ཞེས་དང་། ཤེར་ཕྱིན་ཟིན་བྲིས་ལས་ཀྱང་།སྐབས་འདིར་བསྟན་པའི་རྟོག་པ་ལ། མངོན་གྱུར་དང་ས་བོན་གཉིས་ལས་དང་པོ་སྦྱོར་ལམ་གྱིས་སྤོང་ཞིང་། ཞེས་བག་ཉལ་ས་བོན་གྱི་ངོ་བོར་གནས་པའི་རྟོག་པ་མཐའ་དག་སྦྱོར་ལམ་གྱི་སྤང་བྱའི་རྟོག་པ་མ་ཡིན་པར་བཞག་པས་འདིར་བསྟན་གྱི་རྟོག་པ་ཡིན་པར་སྡུད་ཚུལ་མེད་དོ། །འོ་ན་ཤེར་ཕྱིན་མ་ཕམ་ཞལ་ལུང་དུ་འདིར་བསྟན་གྱི་རྟོག་པར་མཐོང་སྒོམ་གྱི་སྤང་བྱའི་སྒྲིབ་པ་མཐའ་དག་བསྡུ་བར་གསུངས་པའི་དགོངས་དོན་ཇི་ལྟར་འགྲེལ་ཞེ་ན། འདི་ལྟར་གོ་དགོས་པར་སེམས་ཏེ། ཕར་ཕྱིན་གྱི་གཞུང་ལུགས་རྣམས་སུ་སྡུད་ཚུལ་ལ་ཡིན་པའི་ཚུལ་གྱིས་སྡུད་ཚུལ་དང་། རིགས་སྡུད་ཚུལ། ཁྱབ་ཆེ་ཆུང་གིས་སྡུད་ཚུལ། རྩ་བ་དང་ཡན་ལག་གི་ཚུལ་དུ་སྡུད་ཚུལ་སོགས་ཕྱོགས་དུ་མར་གོ་རུང་བ་བཞིན། འདིར་བསྡུ་ཞེས་པ་ནི་རིགས་བསྡུ་བ་ལ་དགོངས་པ་ཡིན་སྙམ་སྟེ། སྦྱོར་ལམ་གྱི་སྤང་བྱའི་རྟོག་པ་ལ་མཐོང་ལམ་གྱི་སྤང་བྱའི་རིགས་སྒྲིབ་པ་ཀུན་བཏགས་ཀྱི་ཆ་དང་། སྒོམ་ལམ་གྱི་སྤང་བྱའི་རིགས་སྒྲིབ་པ་ལྷན་སྐྱེས་ཀྱི་ཆ་གཉིས་ཀ་ཚང་བའམ་བསྡུས་པས་སོ།།
བཞི་པ་འདིར་བསྟན་གྱི་རྟོག་པ་བཞི་ཉོན་སྒྲིབ་དང་ཤེས་སྒྲིབ་གང་གི་ཆར་གཏོགས་མིན་ལ་དཔྱད་པ།
འདིར་བསྟན་གྱི་རྟོག་པ་དེ་ཉོན་ཤེས་ཀྱི་སྒྲིབ་པ་གང་དུ་འཇོག་ཅེས་པ་ལ། མཁས་གྲུབ་འགས། ཤེས་སྒྲིབ་ཀྱིས་ཁྱབ་པར་བཀྲལ་ཞིང་། ཡང་མཁས་པ་ལ་ལས། ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ཀའི་ཆ་ཡོད་པར་བཞེད་པའི་ལུགས་གཉིས་ལས། རང་ལུགས་ཕྱི་མ་ཉིད་བཟུང་ན་ལུང་རིགས་ཀྱི་འཐད་སྒྲུབ་ཆེ་བར་སེམས་ཏེ། ཤེས་སྒྲིབ་ཀྱི་ཆ་ཡོད་པ་ནི་ཀུན་ཀྱིས་ཞལ་བཞེད་གཅིག་མཐུན་དུ་གྲུབ་པས་སྤྲོས་པའི་ངལ་བ་མི་དགོས་ལ། ཉོན་སྒྲིབ་ཀྱང་ཡོད་པ་ཡིན་ཏེ། གཞུང་ཉིད་ལས། རང་དབང་བདག་སོགས་ངོ་བོ་དང་། །ཞེས་དང་། རྒྱན་སྣང་ལས་ཀྱང་། འདི་ལྟ་སྟེ། རང་དབང་ཅན་གྱི་བདག་ཏུ་རྣམ་པར་རྟོག་པ་དང་། ཞེས་དང་། སློབ་དཔོན་ཀུ་མཱ་ར་ཤྲཱིའི་བསྡུས་དོན་ལས། གང་ཟག་རྫས་སུ་ཡོད་པ་ནི་གང་ཟག་གི་རྫས་ཀྱི་བདག་ཏུ་འཛིན་པའོ། །སྐྱེས་བུ་བཏགས་པར་ཡོད་པ་ནི་ཆོས་ཀྱི་བདག་ཏུ་འཛིན་པའོ། །ཞེས་སོགས་ཀྱིས་རང་དབང་བའི་བདག་ཏུ་འཛིན་པ་གང་ཟག་བདག་འཛིན་གྱི་ངོ་བོར་གྱུར་པའི་རྫས་འཛིན་རྟོག་པ་ཡོད་པ་གསལ་བར་བསྟན་པས། ཉོན་སྒྲིབ་ཀྱི་ཆར་གྱུར་པའི་འཛིན་རྟོག་ཡོད་པ་དོགས་གནས་མ་མཆིས་ཤིང་། དེ་བཞིན་གཟུང་རྟོག་ལའང་ཉོན་སྒྲིབ་ཀྱི་ཆར་གཏོགས་པ་ཡོད་དེ། ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས་ཡིད་འོང་གི་རྣམ་པར་སྲེད་པའི་འདོད་ཆགས་དེ་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་གཟུང་རྟོག་ཏུ་བཞག་ན། མི་འཐད་པའི་ལུང་རིགས་ཀྱི་གནོད་འགལ་ཅི་ཡང་མི་དམིགས་པས་ཀུན་ཉོན་གཟུང་རྟོག་ཡིན་པར་སྤོབས་སེམས་མཐོན་པོས་ཁས་ལེན་རིགས་སོ།།
ཁོ་ན་རེ། འདིར་བསྟན་གྱི་རྟོག་པར་ཉོན་སྒྲིབ་ཀྱི་ཆའང་ཡོད་ན་རྟོག་པ་བཞི་སྤོང་བ་ཐེག་ཆེན་སྦྱོར་ལམ་གྱི་ཁྱད་ཆོས་སུ་ཇི་ལྟར་འགྲོ་སྙམ་ན། དེ་ནི་འདིར་བསྟན་གྱི་རྟོག་པ་ཤེས་སྒྲིབ་ཁོ་ནར་ངེས་པའི་དབང་གིས་ཐེག་དམན་སྦྱོར་ལམ་ལས་འཕགས་པར་བསྟན་པ་མིན་གྱི། ཐེག་ཆེན་སྦྱོར་ལམ་གྱི་སྤང་བྱའི་རྟོག་པ་བཞི་ལ་ཐེག་པ་གསུམ་ཆར་གྱི་སྤང་བྱའི་རིགས་མཐའ་དག་ཚང་བས་ན་ཁྱད་དུ་འཕགས་པར་འཇོག་པ་ཡིན་སྙམ་མོ།།
ལྔ་པ་སྦྱོར་ལམ་གྱི་སྤང་བྱ་གཟུང་འཛིན་རྟོག་པ་བཞི་དང་།
མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱ་གཟུང་འཛིན་རྟོག་པ་བཞིའི་ཁྱད་པར་མུ་ཡིས་བསྟན་པ།
ཤེར་ཕྱིན་གྱི་རྩ་འགྲེལ་དག་ལས་རྟོག་པ་བཞི་ཡི་སྤྱི་ལྡོག་གི་གོ་དོན་ཙམ་ལས་རྟོག་པ་ནང་ཕན་ཚུན་གྱི་ཁྱད་པར་ཞིབ་ཕྲའི་ཚུལ་གྱིས་བསྟན་པ་མི་སྣང་བས། དེ་དག་གི་ནང་གསེས་ཀྱི་ཁྱད་པར་དག་མུ་ཡི་སྒོ་ནས་བསྒྲིགས་ན་གཞུང་དོན་ལ་ཁེལ་མིན་ཇི་ལྟར་ཡང་། ལས་དང་པོ་བ་རྣམས་བརྗོད་གཞི་འདིར་རྟོག་དཔྱོད་འཇུག་བདེ་བ་སོགས་ཀྱི་དགེ་ཕན་ཅུང་ཟད་ཡོད་རེ་ཆེ་སྙམ་པས་འདིར་མུ་ཡི་སྒོ་ནས་ཁྱད་པར་རོབ་ཙམ་བསྟན་པར་བྱ་སྟེ།
སྦྱོར་ལམ་གྱི་སྤང་བྱ་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་གཟུང་རྟོག་དང་། མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱ་ལྡོག་པ་གཟུང་རྟོག་ལ་ཁྱད་པ་མུ་བཞི་ཡོད་དེ། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་གཟུང་རྟོག་ཡིན་ན་ལྡོག་པ་གཟུང་རྟོག་ཡིན་པས་མ་ཁྱབ། རང་གི་དམིགས་ཡུལ་སྡུག་བདེན་གྱི་ཕུང་པོ་ལ་དམིགས་ནས་ལོངས་སུ་སྤྱད་བྱར་ཞེན་པའི་རྟོག་པ་མངོན་གྱུར་པ་ལྟ་བུ་དང་། ལྡོག་པ་གཟུང་རྟོག་ཡིན་ན་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་གཟུང་རྟོག་ཡིན་པས་མ་ཁྱབ། རང་གི་དམིགས་ཡུལ་ཉན་ཐོས་ཀྱི་མཐོང་ལམ་ལ་དམིགས་ནས་དེ་ཉིད་དོར་བྱར་ཞེན་པའི་རྟོག་པ་ཀུན་བཏགས་ལྟ་བུ་དང་། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་གཟུང་རྟོག་ཡིན་ན་ལྡོག་པ་གཟུང་རྟོག་མ་ཡིན་པས་ཀྱང་མ་ཁྱབ། རང་གི་དམིགས་ཡུལ་ཉན་ཐོས་ཚོགས་སྦྱོར་གྱི་ལམ་ལ་དམིགས་ནས་དེ་ཉིད་དོར་བྱར་ཞེན་པའི་རྟོག་པ་མངོན་གྱུར་པ་ལྟ་བུ་དང་། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་གཟུང་རྟོག་མ་ཡིན་ན་ལྡོག་པ་གཟུང་རྟོག་ཡིན་པས་ཀྱང་མ་ཁྱབ། རང་གི་དམིགས་ཡུལ་ཐེག་ཆེན་མཐོང་སྒོམ་གྱི་ལམ་ལ་དམིགས་ནས་དེ་བླང་བྱར་ཞེན་པའི་རྟོག་པ་ལྟ་བུའོ།།
སྦྱོར་ལམ་གྱི་སྤང་བྱ་རྣམ་བྱང་གཟུང་རྟོག་དང་། མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱ་འཇུག་པ་གཟུང་རྟོག་ལ་ཁྱད་པར་མུ་བཞི། རྣམ་བྱང་གཟུང་རྟོག་ཡིན་ན་འཇུག་པ་གཟུང་རྟོག་ཡིན་པས་མ་ཁྱབ། ཉན་ཐོས་ཀྱི་མཐོང་སྒོམ་ཟག་མེད་ཀྱི་ལམ་ལ་དམིགས་ནས་ལོངས་སུ་སྤྱད་བྱར་ཞེན་པའི་རྟོག་པ་མངོན་གྱུར་པ་ལྟ་བུ་དང་། འཇུག་པ་གཟུང་རྟོག་ཡིན་ན་རྣམ་བྱང་གཟུང་རྟོག་ཡིན་པས་མ་ཁྱབ། ཐེག་ཆེན་ཚོགས་སྦྱོར་གྱི་ལམ་ལ་དམིགས་ནས་དེ་ཉིད་བླང་བྱར་ཞེན་པའི་རྟོག་པ་ཀུན་བཏགས་ལྟ་བུ་དང་། རྣམ་བྱང་གཟུང་རྟོག་ཡིན་ན་འཇུག་པ་གཟུང་རྟོག་མ་ཡིན་པས་ཀྱང་མ་ཁྱབ། ཐེག་ཆེན་གྱི་ཟག་མེད་ལམ་མཐོང་སྒོམ་གཉིས་ལ་དམིགས་ནས་དེ་ཉིད་བླང་བྱར་ཞེན་པའི་རྟོག་པ་མངོན་གྱུར་པ་ལྟ་བུ་དང་། རྣམ་བྱང་གཟུང་རྟོག་མ་ཡིན་ན་འཇུག་པ་གཟུང་རྟོག་ཡིན་པས་ཀྱང་མ་ཁྱབ། ཕྱི་རོལ་པའི་གཞི་ལམ་འབྲས་གསུམ་གང་རུང་ལ་དམིགས་ནས་དེ་ཉིད་དོར་བྱར་ཞེན་པའི་རྟོག་པ་ལྟ་བུའོ།།
དེ་བཞིན་སྦྱོར་ལམ་གྱི་སྤང་བྱའི་རྫས་འཛིན་རྟོག་པ་དང་། མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱར་གྱུར་པའི་རྫས་འཛིན་རྟོག་པ་གཉིས་ལ་ཁྱད་པར་མུ་བཞི་ཡོད་དེ། སྦྱོར་ལམ་གྱི་སྤང་བྱར་གྱུར་པའི་རྫས་འཛིན་རྟོག་པ་ཡིན་ན་མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱར་གྱུར་པའི་རྫས་འཛིན་རྟོག་པ་ཡིན་པས་མ་ཁྱབ། སྤང་བྱ་ལྷན་སྐྱེས་ཀྱི་ངོ་བོར་གྱུར་པའི་རྫས་འཛིན་རྟོག་པ་མངོན་གྱུར་པ་ལྟ་བུ་དང་། མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱའི་རྫས་འཛིན་རྟོག་པ་ཡིན་ན་སྦྱོར་ལམ་གྱི་སྤང་བྱར་གྱུར་པའི་རྫས་འཛིན་རྟོག་པ་ཡིན་པས་མ་ཁྱབ། བག་ཉལ་གྱི་ངོ་བོར་གྱུར་པའི་རྫས་འཛིན་རྟོག་པ་ཀུན་བཏགས་ལྟ་བུ་དང་། སྦྱོར་ལམ་གྱི་སྤང་བྱར་གྱུར་པའི་རྫས་འཛིན་རྟོག་པ་ཡིན་ན་མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱ་མ་ཡིན་པས་ཀྱང་མ་ཁྱབ། སྤང་བྱ་ཀུན་བཏགས་ཀྱི་ངོ་བོར་གྱུར་པའི་རྫས་འཛིན་རྟོག་པ་མངོན་གྱུར་པ་ལྟ་བུ་དང་། སྦྱོར་ལམ་གྱི་སྤང་བྱར་གྱུར་པའི་རྫས་འཛིན་རྟོག་པ་མ་ཡིན་ན་མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱར་གྱུར་པའི་རྫས་འཛིན་རྟོག་པ་ཡིན་པས་ཀྱང་མ་ཁྱབ། བག་ཉལ་གྱི་ངོ་བོར་གྱུར་པའིི་རྫས་འཛིན་རྟོག་པ་ལྷན་སྐྱེས་ལྟ་བུའོ།།
སྦྱོར་ལམ་གྱི་སྤང་བྱར་གྱུར་པའི་བཏགས་འཛིན་རྟོག་པ་དང་། མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱར་གྱུར་པའི་བཏགས་འཛིན་རྟོག་པ་གཉིས་ལ་མུ་བཞི་ཡོད་དེ། སྦྱོར་ལམ་གྱི་སྤང་བྱར་གྱུར་པའི་བཏགས་འཛིན་རྟོག་པ་ཡིན་ན་མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱར་གྱུར་པའི་བཏགས་འཛིན་རྟོག་པ་ཡིན་པས་མ་ཁྱབ། སྤང་བྱ་ལྷན་སྐྱེས་ཀྱི་ངོ་བོར་གྱུར་པའི་བཏགས་འཛིན་རྟོག་པ་མངོན་གྱུར་པ་ལྟ་བུ་དང་། མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱར་གྱུར་པའི་བཏགས་འཛིན་རྟོག་པ་ཡིན་ན་སྦྱོར་ལམ་གྱི་སྤང་བྱར་གྱུར་པའི་བཏགས་འཛིན་རྟོག་པ་ཡིན་པས་མ་ཁྱབ། བག་ཉལ་གྱི་ངོ་བོར་གྱུར་པའི་བཏགས་འཛིན་རྟོག་པ་ཀུན་བཏགས་ལྟ་བུ་དང་། སྦྱོར་ལམ་གྱི་སྤང་བྱར་གྱུར་པའི་བཏགས་འཛིན་རྟོག་པ་ཡིན་ན་མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱར་གྱུར་པའི་བཏགས་འཛིན་རྟོག་པ་མ་ཡིན་པས་ཀྱང་མ་ཁྱབ། སྤང་བྱ་ཀུན་བཏགས་ཀྱི་ངོ་བོར་གྱུར་པའི་བཏགས་འཛིན་རྟོག་པ་མངོན་གྱུར་པ་ལྟ་བུ་དང་། སྦྱོར་ལམ་གྱི་སྤང་བྱར་གྱུར་པའི་བཏགས་འཛིན་རྟོག་པ་མ་ཡིན་ན་མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱར་གྱུར་པའི་བཏགས་འཛིན་རྟོག་པ་ཡིན་པས་ཀྱང་མ་ཁྱབ། སྤང་བྱ་ལྷན་སྐྱེས་ཀྱི་ངོ་བོར་གྱུར་པའི་བཏགས་འཛིན་རྟོག་པ་བག་ཉལ་བ་ལྟ་བུའོ།།
འདིར་རྣམ་དཀར་གྱི་ཕུང་པོ་ཅུང་མཆིས་ན་མཁའ་ཁྱབ་སེམས་ཅན་ཡོངས་ཀྱི་དོན་དུ་ཞེ་ཐག་པ་ནས་བསྔོའོ།།
དགེའོ། །དགེའོ། །དགེའོ།།