སྙན་ངག་པ།


སློབ་དཔོན་འགྱུར་མེད།


སྙན་


༢༠༡༧/༡/༦ ཉིན།
སྙན་ངག་པ་གློ་བུར་དུ་གྲོངས་སོང་བ་དེས། དྷ་སའི་རི་གྲོང་ཆུང་ཆུང་དེར་སྐྱོམ་འགུལ་གང་ཡང་མ་ཐེབས་ནའང་། བོད་ཡིག་དང་འབྲེལ་ཐག་ཉེ་བའི་བོད་མི་ཉུང་ཉུང་ཞིག་གིས་སྙན་ངག་པའི་འཆི་རྐྱེན་ལ་རང་རང་གི་བསམ་ཕྱོགས་རེ་གླེང་དགོས་པ་བཟོས།
སྙན་ངག་པར་རྒྱུས་མངའ་ཅུང་ཟད་ཡོད་པའི་རྒད་པོ་དེས་མ་ལེའི་ཟུར་གྱི་སྤུ་ཡན་འགོག་གིན། “ཁོ་ལ་དགའ་རོགས་བུ་མོ་དེ་འདྲ་ཞིག་ཡོད་པ་ཁྱོན་ནས་བསམས་མ་བྱུང་། ཁོས་རང་སྲོག་བཅད་པ་ནི་བུ་མོ་དེར་ཐུག་ཡོད་རེད་ཟེར། མ་གཞི་ཁོས་མི་ཚེ་བཟོ་མ་ཐུབ་ཡ།” ཞེས་བཤད་པ་ན། ཤེལ་མིག་ལ་ཧ་བཏབ་སྟེ་འབྱིད་ཀྱིན་པའི་རྩོམ་སྒྲིག་པ་དེས། “ཁོང་རླབས་ཆེན་རེད། ཁོང་གྲོངས་པ་ནི་བོད་མི་རིགས་ཀྱི་ཆེད་དུ་གྲོངས་པ་རེད། བོད་ཀྱི་སྐད་ཡིག་གི་ཆེད་དུ་གྲོངས་པ་རེད། ཁོང་ལ་ངེས་པར་དུ་བོད་ཕྱི་ནང་གཉིས་ནས་འདས་མཆོད་བརྩི་སྲུང་བྱ་འོས།” ཟེར་ནས་ཕངས་པའི་རྣམ་འགྱུར་ཞིག་ནང་ལ་ལྷུང་ཟིན་པའི་མིག་མདངས་ལས་མངོན། ཟུར་གྱི་གསར་བུ་དེས་ཚགས་ཤོག་རྒྱ་ལྕོག་སྟེང་གཡུགས་ཏེ་བཤད་རྒྱུར། “རང་སྲོག་བཅད་ཡོད་མེད་སུས་ཤེས། མ་གཞི་ཁོ་གྲོངས་པ་ལ་ཧང་སང་རྒྱུ་གང་ཡང་མེད། སྤྱི་ཚོགས་ནང་མི་ལས་མེད་ཅིག་ཉུང་དུ་ཕྱིན་པ་ཙམ་རེད།” ལབ་པར་ཟུར་གྱི་དགེ་རྒན་དེ་འཐད་པ་འདྲ། “རེད་རེད། དེང་སང་། སྙན་ངག་པ། སྙན་ངག་པ། ཟེར་ནས་འུར་རྒྱག་མཁན་མང་ནའང་། ཐ་ན་ཤི་རྗེས་ཀྱི་རོ་བདག་པོ་རྒྱག་མཁན་ཙམ་ཡང་མེད་པའི་བྱས་རྗེས་འདི་རེད། ད་དུང་འདས་མཆོད་ཡིན་ན་ཞིག་བརྩི་དགོས་རེད་ཟེར།”
དྷ་སའི་“ལས་མེད་སྣེ་ལེན་ཇ་ཁང་”ནར་མོ་དེའི་ནང་ནས་ཁོ་ཚོས་དེ་ལྟར་འུར་རྒྱག་དུས། སྙན་ངག་པའི་ཕུང་པོ་ད་དུང་ཡང་སྤྱི་བདེ་མི་སྣའི་ལྟ་རྟོག་འོག་སྨན་ཁང་གི་འཁྱག་སྒམ་ནང་འཁྱག་རོར་ལུས་ཡོད། དེ་རིང་ནི་སྙན་ངག་པ་གྲོངས་ནས་ཉིན་གསུམ་ཧྲིལ་པོ་སོང་ཟིན་ནའང་། ཁོའི་ཕུང་པོ་བདག་པོ་རྒྱག་མཁན་གྱི་འགན་ལེན་ཉེ་མི་སུ་ཡང་སླེབས་མེད།

ངག་


༢༠༡༦/༡༢/༢༩ ཉིན།
ལྷ་སྒྲོན་གཡས་ལོག་གིས་ཁོ་ལ་སྦར་སྙོབ་བརྒྱབས་པ་ན། ཁོ་ཉལ་སའི་ཟུར་གྱི་གྱང་ལ་བསྙེས་ཏེ་མོ་ལ་ཅེར་གྱིན་ཁ་པར་ནང་ཅི་ཞིག་འབྲི་བཞིན་འདུག “ཞོགས་པ་སྔ་པོ་ནས་ག་རེ་བྱེད་ཀྱི་ཡོད། ཚུར་ཉལ་སའི་ནང་ཤོག་དང་། ང་འཁྱག་གི་འདུག” མོས་ནམ་རྒྱུན་ལྟར་གཅེས་ལང་གི་རྣམ་འགྱུར་གྱིས་བཤད། མོས་གཅེས་ལང་དུ་ཤོར་བའི་སྐད་ཆ་དེ་ནམ་བཤད་ལ་ཁོའི་ཁོག་སྨད་ལ་དྲོད་རྒྱས་འགྲོ་བས་ཁོས་མོ་པང་དུ་ལེན་པའམ། ཡང་ན་མོའི་སྒང་ལ་མཆོང་རྐྱང་བྱེད་པ་ཡིན། དེ་བས་མོས་ཀྱང་མོ་རང་ནམ་འཁྱག་ལ་ཁོ་ལ་དེ་ལྟར་འབོད།
“ཝེ། ཁྱོད་ལ་སྐད་ཆ་ཞིག་བཤད་རྒྱུ་ཡོད། ཁྱོད་ཀྱིས་རྩེད་མོ་རེད་མ་དྲན་ཨ།” མལ་སའི་ནང་ནས་སྐར་མ་བཅུ་ཙམ་རིང་གཡས་ལོག་གཡོན་ལོག་བརྒྱབས་པའི་རྗེས་སུ་མོས་ཁོའི་ངོ་གདོང་ལ་ཧུར་རེར་བལྟས་ཏེ་བཤད། ཁོས་ཐ་མག་རྐང་གཅིག་ལ་མེ་སྒྲོན་གྱིན།
“ག་རེ་ལབ་རྒྱུ་ཡོད།”
“ཨ་ཁུས་ང་ཨ་རི་ལ་གཏང་རྒྱུ་ཡིན་ཟེར། ཡིག་ཆ་བཟོ་བཞིན་པའི་སྒང་རེད། སང་ཉིན་ང་དིལླཱི་ལ་འགྲོ་དགོས།”
“ཏག་ཏག་རེད། ཁྱོད་ཨ་རི་ལ་སླེབས་རྗེས་ང་ཡང་འཐེན་ཆོག དེ་ནས་ངེད་གཉིས་མི་ཚེ་སྐྱིད་པོ་ཞིག་སྐྱེལ། ད་དུང་ངས་ཉིན་རྟག་པར་ནིའུ་ཡོཀ་ཁྲོམ་དབུས་ནས་ཁྱོད་ལ་རྒྱ་སེ་མེ་ཏོག་ཉོ་ཆོག ཧ་ཧ།”
“ཕྲུ་གུའི་སྐད་ཆ་མ་ཤོད། ཚང་མ་དེ་འདྲ་ལས་སླ་པོ་མ་རེད། བཀྲ་ཤིས། དེ་རིང་གི་ཐུག་འཕྲད་འདི་ངེད་གཉིས་བར་གྱི་འབྲེལ་བ་མཐའ་མ་ཡིན་པ་ངའི་ངོས་ནས་ཐག་བཅད་ཟིན། ངས་ཁྱོད་འདིར་སྐད་བཏང་བའང་སྐད་ཆ་འདི་ལབ་པའི་ཆེད་ཡིན།” གློ་བུར་བའི་སྐད་ཆ་དེར་ཁོ་ལས་སླ་པོ་ཡིད་མི་ཆེས་ནའང་། མོའི་མཁུར་མགོར་ཉིལ་བའི་མིག་ཆུ་དང་ཞུ་འབོད་ཀྱི་རྣམ་འགྱུར་མངོན་པའི་མིག་མདངས་དེས་ཁོ་ལའང་ཤུགས་རིང་ཞིག་མི་གཏོང་ཀ་མེད་བཟོས། “རེད། ངས་ཁྱོད་རང་བདག་པོ་རྒྱག་ཐུབ་མ་སོང་། ད་ནི་ཁྱོད་རང་ཡང་འུ་ཐུག་ཡོད་ས་རེད། རྒྱ་གར་ནས་ང་ཚོར་མདུན་ལམ་མི་འདུག ཡིན་ནའང་ངས་ཁྱོད་རང་ལས་སླ་པོ་བརྗེད་ཐུབ་ས་མ་རེད།” ལབ་སྟེ་ལོགས་ཀྱི་ཁྲུས་ཁང་ནང་འཛུལ།
“བཀྲ་ཤིས། བཀྲ་ཤིས།”
མོས་ཅི་ཞིག་ཤོད་རྩིས་བྱེད་དུས་ཁྲུས་ཁང་གི་སྒོ་ཁྲོག་གེར་བརྒྱབས་སོང་བས་སྐར་མ་བཅུ་ཙམ་ལ་བསྒུགས་ནའང་གྲགས་འགུལ་ཅི་ཡང་མ་བྱུང་། འགྲོ་ཁ་མར་རྒྱ་ལྕོག་གི་སྣེ་ན་ཉིན་འགའི་སྔོན་དུ་བྲིས་པའི་འཕྲིན་ཡིག་དེ་བཞག་སྟེ་མོ་རང་མགྲོན་ཁང་ནས་ཐོན།
ཁོ་ཁྲུས་ཁང་ནས་ཐོན་དུས་ཁང་མིག་སྟོང་སང་སང་ཡིན་ལ། ཉལ་ཁྲིའི་སྒང་ནས་ད་དུང་ཡང་མོའི་ལུས་དྲི་སྣོམ་ནུས། ཁོས་རྒྱ་ལྕོག་སྟེང་གི་ཡི་གེ་ག་ལེར་ཀློག་ཞོར་ཐ་མག་བརྔུབས། དེ་ནས་ཁོས་ཁ་པར་ནང་ནས་སྐར་མ་བཅོ་ལྔ་ཙམ་ལ་ཡི་གེ་བཏགས། མཐར་ཝུ་ཆང་དྲན་པས་ཁོ་ཡང་ཁང་མིག་ནས་ཐོན། ལམ་བར་ནས་ཁོས་ཞོགས་པའི་མལ་སའི་ནང་ལྷ་སྒྲོན་ལ་བྲིས་པའི་སྙན་ངག་དེར་ལན་གཅིག་བལྟས།
ཁྱོད་ནི་ཁ་བ་སྟེ།
བདག་གི་བྱིས་བློའི་དགའ་སྐྱོ་ལ་འདྲིས་པའི་ཁ་བ།
ཁྱོད་ནི་ས་གཞི་སྟེ།
ཁྱོད་ཀྱི་པང་ནས་བདག་གི་སེམས་ཀྱི་གཞིས་ཁྱིམ་བཅའ་ནུས།
……………..
བཀླགས་ནས་མཚམས་འདིར་སླེབ་དུས། “ད་ནི་ཚར་སོང་བ་མ་ཡིན་ནམ།” ཁོས་ཆིག་ལབ་རྒྱག་གིན་ཁ་པར་ནང་མཛུབ་མོ་གནོན་ཐེངས་གཉིས་ཀྱིས་ཤོག་ངོས་དེ་གད་སྣོད་ནང་བརྫངས།
སྙན་ངག་པའི་སྐྱེས་མིང་ལ་བཀྲ་ཤིས་ཡིན་ཞིང་པིར་མིང་ལ་གཟི་མིག་ཟེར། མི་ཚོས་ཁོ་ལ་རྩེད་མོ་འདྲེས་མས་སྙན་ངག་པར་འབོད་ནའང་ཁོས་ནི་རང་ཉིད་སྙན་ངག་པ་རྩེ་ཕུད་ཅིག་ཡིན་པར་འདོད་ཡོད། ཁོས་ཚགས་ཤོག་དང་དུས་དེབ། སྒེར་གྱི་ངོ་དེབ་དང་སྤྱི་ཚོགས་དྲ་བ་དག་གི་སྟེང་ནས་སྙན་ངག་མི་ཉུང་བ་ཞིག་སྤེལ་མྱོང་། སྒེར་གྱི་སྙན་དེབ་ཅིག་འབུད་པར་སྐོམ་པ་ཆུ་འདོད་ཀྱི་རེ་བ་ཡོད་ནའང་ད་བར་འགྲོ་གྲོན་ཚགས་སུ་མ་ཚུད།
ཆང་ཁང་ནང་ནས་ལོགས་ཀྱི་འབོལ་སྟེགས་ནར་མོ་དེའི་སྟེང་རྐུབ་བཞག་མ་ཐག་ཁོས་ཝུ་ཆང་ཤེལ་དམ་ཆུང་བ་གཉིས་མངགས། ཝུ་ཆང་འཐུང་ཞོར་དང་ཐ་མག་འཐེན་གྱིན་པའི་ངང་ཆུ་ཚོད་ཕྱེད་ཀ་ཙམ་ཟིན་པ་ན། དབང་འདུས་དང་བཀྲ་རྒྱལ་གཉིས་ཀྱང་སླེབས་ཏེ་ཁོའི་འཁྲིས་སུ་བསྡད། བཀྲ་རྒྱལ་གྱིས་ངོ་གདོང་ལ་ལྷུང་བའི་སྐྲ་ལོ་རྒྱབ་ལ་འཕེན་གྱིན་གཉེར་མདུད་ཐེབས་པའི་བཀྲ་ཤིས་ཀྱི་ངོ་གདོང་ལ་བལྟས་ཏེ།
“ཝེ། ཅོ་བཀྲ་ཤིས། ག་རེ་བྱས་སོང་། དགའ་རོགས་ཀྱིས་གཡུགས་པ་མ་རེད་དམ།” ཞེས་ལབ། བཀྲ་ཤིས་ཀྱིས་འཐུང་འཕྲོར་ལུས་པའི་ཝུ་ཆང་ཤེལ་དམ་ལ་ཁ་སྦྱར་ཏེ་རྔམ་འཐུང་ཞིག་བྱས་ཏེ།
“དེང་སང་མི་ཚོའི་སེམས་ནང་ཕྱི་རྒྱལ་མ་གཏོགས་མི་འདུག་པས། བརྩེ་དུང་ཡང་ཕྱི་རྒྱལ་དང་བརྗེ་ནུས་ཀྱི་འདུག སྐད་ཆ་ག་ལེར་ཤོད་ཡ། དང་པོ་ཁྱོད་གཉིས་ཀྱིས་འཐུང་རྒྱུ་ཞིག་མངོགས་དང་།”
བཀྲ་རྒྱལ་གྱིས་བཀྲ་ཤིས་ཀྱི་སྐད་ཆ་ལ་ཉན་རིན་མེད་པའི་བཟོ་ལྟ་ཞིག་བསྟན་ནས།
“བརྩེ་བ་ཨེ། ཕྱི་རྒྱལ་ལབ་དུས་མི་ཚོས་ཕ་མ་དང་སོ་སོའི་ཕྲུ་གུ་ཡང་གཡུགས་ནས་འགྲོ་ན། ཁྱོད་ཀྱི་ལོ་ཁ་ཤས་ཀྱི་བརྩེ་བ་ལ་ག་རེ་བལྟ་རྒྱུ་ཡོད་རེད།”
ཅེས་ལབ་དུས་བཀྲ་ཤིས་མགོ་འཕུར་གྱིན་ཞབས་ཞུ་མ་སྐད་གཏོང་རྩིས་བྱེད། དེ་ནས་རེ་ཞིག་ལ་ཁོ་གཉིས་བར་གྱི་ཁ་བརྡ་ཡང་མཚམས་ཆད།
སྐད་ཆ་ཡར་བཤད་མར་བཤད་ཁྲོད་རྒྱ་ལྕོག་གྲུ་བཞིའི་སྟེང་ན་ཝུ་ཆང་ཤེལ་དམ་སྟོང་པས་ཁེངས། ཟུར་གྱི་དབང་འདུས་ཀྱི་ངོ་གདོང་སྨུག་མདོག་དེ་ཡང་ཅུང་ཟད་དམར་སྨུག་ཏུ་གྱུར། ཁོས་བཀྲ་ཤིས་ལ་སྐྱིད་སྡུག་མཉམ་མྱོང་གི་བཟོ་ལྟ་ཞིག་བསྟན་ནས།
“མ་གཞི་ལྷ་སྒྲོན་བུ་མོ་ཡག་པོ་ཞིག་རེད། མོ་བློས་གཏོང་དགོས་ཟེར་ན། ངོ་མ་ཁག་ཙམ་ཡིན་ས་རེད།”
“ཧ་ཧ། ལྟོས་དང་ཅོ་བཀྲ་ཤིས། ཁོ་ཡང་ལྷ་སྒྲོན་གྱི་རྐུབ་འབུར་འབུར་དེ་ལ་མིག་ཟུག་འདུག
མ་གཞི་མོ་བལྟས་ཚོད་ལ་ཚ་པོ་ཡོད་རེད། ངོ་མ་གང་འདྲ་ཡོད་མེད་དེ། ཟ་མྱོང་མཁན་ཅོ་རང་གིས་མ་གཏོགས་སུས་ཧ་གོ”
བཀྲ་རྒྱལ་གྱིས་དབང་འདུས་ཀྱི་ཁ་ཕྲོགས་པ་དང་འབོལ་སྟེགས་སྒང་ནས་བསྐྱར་སྡོད་ཅིག་བྱས།
“གྲོགས་པོ་ཚོ།” བཀྲ་ཤིས་ཁ་གྲག
“གྲོགས་པོ་ཚོ། ང་ཚོ་མི་ཕལ་པ་དང་མི་འདྲ། ང་ཚོ་ནི་བོད་ཀྱི་སྐད་ཡིག་གི་བདག་པོ་རེད།
སྐད་ཆ་ཁ་ཐུག་བཤད་ན་ང་ཚོ་ནི་སྙན་ངག་པ་རེད། ཡང་ན་རྩོམ་པ་པོ་རེད།
ང་ཚོས་ཀྱང་བུད་མེད་མ་གཏོགས་གླེང་མི་ཤེས་ན། བོད་མི་རིགས་ལ་རེ་བ་མེད་སོང་བ་མ་རེད་དམ།” ཞེས་ཅུང་གཟབ་ནན་གྱིས་བཤད། བཀྲ་རྒྱལ་གྱིས་འཐེན་འཕྲོར་ལུས་པའི་མཛུབ་རྩེའི་ཐ་མག་དེ་ཤེད་ཀྱིས་བརྔུབས། དཔྲལ་ངོས་སུ་འུ་ཐུག་པའི་གཉེར་མདུད་ཅིག་བསྡུས་ཏེ།
“དོན་དག་ངོ་མ་བཤད་ན། ང་ཚོའི་སྐད་ཡིག་དང་འཚོ་གནས་གཉིས་བར་ལ་འབྲེལ་བ་གང་ཡང་མི་འདུག
རྡོག་རྡོག་བཤད་ན། བོད་ཡིག་གིས་མི་ཚེ་སྐྱེལ་ཁག་པོ་རེད། ལྟོས་དང་། བཙན་བྱོལ་ནང་བོད་མི་ཤེས་ཡོན་པ་མ་བྱུང་བ་མ་རེད། ཕལ་ཆེ་བ་གོ་སྐབས་རག་མ་ཐག་ཕྱི་རྒྱལ་ལ་འཚངས་འགྲོ་ལ། ཕྱི་རྒྱལ་ནས་ལས་ཀ་དཀྱུས་མ་རྐྱང་རྐྱང་གཉེར་ནས་བསྡད་ཡོད།”
བཀྲ་རྒྱལ་གྱིས་དབུགས་ཐེངས་གཅིག་ལ་བཤད། བཀྲ་ཤིས་བཀྲ་རྒྱལ་ལ་ཅུང་ཁྲོས་པ་འདྲ།
“བཀྲ་རྒྱལ་ཁྱོད་ཀྱིས་ཕ་སྐད་འཚོང་དགོས་ཟེར་རམ། སྙན་ངག་འཚོང་དགོས་ཟེར་རམ། སྒྱུ་རྩལ་གྱི་རིན་ཐང་མི་ཤེས་མཁན་ཚོས་ཅི་ཡང་ཟེར། ཁེ་ཕན་རིང་ལུགས་ཀྱི་སྤྱི་ཚོགས་དང་སྒྱུ་རྩལ་གྱི་འཇིག་རྟེན་གཉིས་ནམ་ཡང་འགལ་བ་ཡིན། ཁྱོད་རང་སྒོར་མོ་གསོག་འདོད་ན་ནག་ཚོང་རྒྱོབ། ཁོང་ཚོ་ལྟར་ཕྱི་རྒྱལ་ལ་རྒྱུགས། ཡིན་ནའང་སྙན་ངག་དང་ཕ་སྐད་བཙོང་རྒྱུའི་སྐད་ཆ་དེ་ཚོ་ངའི་རྣ་རྩར་མ་ཤོད་རོགས།” བཀྲ་རྒྱལ་ཡང་ཁྲོས་པ་འདྲ།
“ཡ་མི་འདིའི་གཏམ་ཡ་མཚན་པ་ལ། ད་ཁྱོད་ལ་ཡོད་པའི་འཇོན་ཐང་དེས་ཡོང་སྒོ་མ་བཟོས་ན། ཅི་ཞིག་བྱེད་དམ། ཟ་མ་རླུང་བུ་འགམ་རྒྱུ་ཡིན་ནམ། མི་ཚེ་སྲང་ལམ་ནས་བསྐྱལ་རྒྱུ་ཡིན་ནམ། སྙན་ངག་དང་ཕ་སྐད་རྐྱང་རྐྱང་ལབ་ནས་ད་ནི་རང་གི་དགའ་རོགས་ཀྱང་ཤོར་སོང་བ་མ་ཡིན་ནམ།”
“ཝེ། ད་རང་གི་ཁ་ལ་བདག་པོ་རྒྱོབ། ང་ལ་སེམས་གསོ་འདྲ་བྱུང་ན་བསམས་ནས་ཁྱེད་གཉིས་འདིར་སྐད་བཏང་བ་ལས། ཁ་མཆུ་རྒྱག་པའི་ཆེད་དུ་སྐད་བཏང་བ་མིན་ཡ། དེ་བས་ཁ་བཙུམས་ཏེ་ཆང་འཐུངས།”
“ཁ་བཙུམས་སོང་བ་ཡིན་ན། ཆང་སྣ་ཁུང་ནས་ལྡུག་དགོས་རེད་དམ།” དབང་འདུས་ཀྱིས་དགོད་འཛུམ་འཛུམ་གྱིས་བཤད།
“ཨ་ལེ། ཆང་ཕོར་མགོ་ལ་བྱོ་དང་བྲོ་བ་མི་འདྲ་བ་ཡོད་རེད། པོར་ཏོ་ཁྱོད་ལའང་ཆོབ་འདྲ་བསླང་རྒྱུ་འདུག་ག”
“ཧ་ཧ་ཧ། ཧ་ཧ་…..”
ནམ་རྒྱུན་ཡིན་ན་ཁོང་ཚོས་བོད་ཀྱི་སྙན་ངག་གསར་པ་དང་རྙིང་པའི་བར་ལ་ཁ་རྩོད་རྒྱག་ངེས་ལ། དོན་གྲུབ་རྒྱལ་དང་དགེ་ཆོས་གཉིས་སུ་ཞིག་ངེས་པ་དོན་གྱི་མཁས་དབང་ཡིན་མིན་ཐད་རྩོད་སྲིད། ཡང་ན་རང་བཙན་འཐབ་རྩོད་དང་དབུ་མའི་ལམ། བོད་མི་རིགས་དང་སྐད་ཡིག་གི་ཉམས་ཉེས་ཡོད་ཚད་གླེངས་གླེངས་ནས་འཁྲུག་པ་མ་ཐུག་བར་འུར་རྒྱག་ངེས་ནའང་། དེ་རིང་ནི་བཀྲ་ཤིས་དགའ་རོགས་ཀྱིས་གཡུགས་པས་ཡིན་ནམ། ཁོང་ཚོས་ཤེས་ཡོན་པ་དང་སྒྱུ་རྩལ་པའི་སྙིང་སྟོབས་དང་ལ་རྒྱ་རྐྱང་རྐྱང་གླེང་ལ། སྒྱུ་རྩལ་པ་སུ་ཞིག་གིས་སྒྱུ་རྩལ་གྱི་དོན་དུ་ཁྱིམ་མི་གཡུགས་རབས་དང་སྐེ་ཐག་དཔྱངས་རབས། སྙན་ངག་པ་སུ་ཞིག་གིས་སྙན་ངག་གི་ཆེད་དུ་ཁྲག་རྩ་གཙགས་རབས་དང་ངེས་མེད་དུ་འཁྱམས་ཚུལ། རྩོམ་པ་པོ་སུ་ཞིག་གིས་རྒྱུ་འབྲས་བློ་མིག་གི་ཕྱིར་དུ་སྲིད་གཞུང་ལ་ཁ་གཏད་བཅག་རབས་དང་མི་ཚེ་ཁྲི་མུན་ནང་བསྐྱལ་ཚུལ་རྐྱང་རྐྱང་གླེངས་ནས་ཉི་མ་ཕུད།
དགོང་མོའི་ཆུ་ཚོད་དྲུག་པ་ཟིན་ལ་ཉེ་དུས་ཁོང་ཚོ་རྐང་འཁྱོར་ལག་འཁྱོར་ངང་ཆང་ཁང་ནས་ཐོན་ཏེ་རང་སར་གྱེས།

པ།


༢༠༡༧/༡༠/༡༠ ཉིན།
སྨན་ཁང་གི་ལྟ་རྟོག་ཞིབ་བཤེར་གྱིས་གསལ་ཁ་ཐོན་པ་ནི་སྙན་ངག་པ་གྲོངས་རྐྱེན་གཙོ་བོ་ཟས་དུག་ལ་ཐུག་པས་མི་ཚད། ལུས་ཀྱི་རྩ་ལམ་ཡོངས་སུ་ཆང་ངད་ཀྱིས་ཁྱབ་ཡོད་པར་གསལ་བཤད་བྱས། སྙན་ངག་པས་ཆེད་དུ་དུག་བཏུངས་པ་ཡིན་ནམ། ཡང་ན་སྤྱི་ལོའི་ལོ་གསར་ནང་ཆང་གིས་ར་རོར་གྱུར་རྗེས་ཟ་མ་གང་ཐེབས་ཟོས་ནས་གྲོངས་པ་ཡིན། གནད་དོན་འདི་ནི་ཁོའི་གྲོགས་པོ་དབང་འདུས་དང་བཀྲ་རྒྱལ་གཉིས་ཀྱིས་ཀྱང་ཐག་མ་ཆོད།
སྤྱི་བདེ་མི་སྣའི་ཞིབ་བཤེར་འོག་སྙན་ངག་པས་རང་སྲོག་བཅད་པའི་དཔང་རྟགས་གསལ་ཤོས་ནི་ཁོས་ལྷ་སྒྲོན་ལ་བྲིས་པའི་འཕྲིན་ཡིག་དེ་རེད་ཟེར། འཕྲིན་ཡིག་དེ་ནི་ལྷ་སྒྲོན་ཁོང་གཉིས་ཐུག་འཕྲད་མཐའ་མའི་ཉིན་དེར་ཁ་པར་ནང་བཏགས་འདུག
“ལྷ་སྒྲོན་ལགས། ཁྱོད་ཀྱིས་དེ་རིང་ང་གཡུགས་ནས་འགྲོ་དུས་ངས་རང་ཉིད་ནི་ཅི་འདྲའི་མི་ནུས་མེད་ཅིག་ཡིན་པ་གཞི་ནས་ཚོར་འོང་། རང་ཉིད་ལ་བརྩེ་ཞིང་གདུང་བའི་གཞོན་ནུ་མ་ཞིག་ཡོད་ཅིང་། ངས་དེ་ཉིད་བདག་པོ་རྒྱག་མ་ཐུབ་པ་དེས། ངའི་མི་ཚེའི་ཁ་དོག་ཡོད་ཚད་བརླགས་པར་བྱས་སོང་། ངས་ཁྱོད་རང་བརྗེད་ཐབས་མེད་དེ། ཁྱོད་ཀྱི་བརྩེ་ཞེན་དང་ཁྱོད་ཀྱི་མཆུ་སྒྲོས། ཁྱོད་ཀྱི་ལྟ་རྟོག་འོག་གི་ངའི་བཙན་བྱོལ་ནང་གི་ལོ་ཟླ་དག་ནི། ཚེ་སྲོག་གི་དབུགས་རྒྱུན་མ་འགགས་བར་དྲན་གསོ་བྱེད་ངེས་ལ། ངས་ཁྱོད་ཀྱི་མིག་ཆུ་དང་ཤུགས་རིང་ལ་དོ་སྣང་མ་བྱས་པའི་ལོ་ཟླ་དེ་ཚོས་དེ་རིང་གཞི་ནས་ཁྱོད་རང་ངའི་རྩ་ནས་ཕྲོགས་སོང་བ་ཚོར། དེ་ནི་ཅི་འདྲའི་སྙིང་རྗེ་མེད་པ་ཞིག
ཁྱེད་ཀྱིས་འཕྲིན་ཡིག་ནང་བྲིས་པའི་རེ་བ་དེ་ཚོ་ངས་གང་ཐུབ་བསྒྲུབ་རྒྱུའི་འབད་བརྩོན་བྱེད་ངེས། མ་གཞི་ང་ནི་ཁྱོད་ཀྱིས་བཤད་པ་ལྟར་ལེ་ལོ་ཆེ་ཞིང་སྟོང་ལབ་ལ་དགའ་བ། ཁྱབ་བཀོལ་ཆུང་བའི་སྐད་ཡིག་ཅིག་བཀོལ་ཏེ་ནུས་མེད་ཀྱི་རྩོམ་ཡིག་རྐྱང་རྐྱང་བྲིས་ནས་ཉི་མ་སྐྱེལ་མཁན་ཞིག་ཡིན། དེ་ནི་ད་ལྟ་བསམས་ན་མི་ལས་མེད་ཀྱི་ལས་ཀ་རང་རེད། དེ་ནི་ད་ལྟ་ངའི་གོམས་གཤིས་སུ་གྱུར་ཟིན་འདུག མིའི་གོམས་གཤིས་བསྒྱུར་རྒྱུ་ནི་ངོ་མ་དཀའ་ལས་ཆེ་བ་ལ།
ངས་རང་ཉིད་འབྱོར་ལྡན་གྱི་མི་ཚེ་སྐྱེལ་བར་ལོས་སྤྲོ། མ་ཟད་ཁྱོད་དང་ཐུག་པ་ནས་བཟུང་ངས་ཉིན་དཀར་ལ་རྨི་ལམ་མང་པོ་ཞིག་རྨིས་མྱོང་སྟེ། ང་ཚོའི་ཐོག་ཁང་དང་རླངས་འཁོར། ཕྲུ་གུའི་དགོད་སྒྲ་དང་འགྲོགས་པའི་སྤྲོ་འཁྱམས་ལ་རོལ་བ། ད་དུང་ཁྱོད་ཀྱིས་ཤེས་མེད་པ་ལ་ངས་ང་ཚོའི་ཕྲུ་གུའི་མིང་ལ་ཅི་ཞིག་གདགས་རྒྱུའི་སྐོར་ལའང་བསམ་བློ་མང་པོ་བཏང་མྱོང་། ལྷ་སྒྲོན་ལགས། ད་ནི་ངས་རང་ཉིད་ཀྱི་མི་ཚེ་ལ་རེ་བ་གསར་པ་ཞིག་འཆང་ནུས་པ་མི་འདུག འཇིག་རྟེན་དཀར་ངོགས་ནས་ཁྱོད་དང་ཁ་བྲལ་ཏེ་སྡོད་པ་ནི་ང་ལ་མཚོན་ན་མ་ཤི་གསོན་དམྱལ་གྱི་མནར་གཅོད་ལོས་ཡིན། ཡིན་ནའང་ཁྱེད་རང་བློ་བདེ་པོར་ཕེབས་ཤིག ངས་ཁྱེད་ཀྱི་ལམ་ལ་བར་ཆད་མི་བྱེད་པའི་དམ་བཅའ་བཞག་ཡོད། ཁྱེད་ཀྱི་མི་ཚེ་བདེ་སྐྱིད་ལྡན་པར་སྨོན། ཁྱེད་ལ་བརྩེ་བའི་བཀྲ་ཤིས་ནས།”
འཕྲིན་ཡིག་འདིས་སྙན་ངག་པ་དོན་དམ་པའི་སྙན་ངག་པར་བསྒྱུར་སོང་བས། དྷ་ས་དང་དིལླཱིས་གཙོས་བོད་པའི་སྤྱི་ཚོགས་ནང་། སྙན་ངག་པས་དུག་བཏུངས་ཏེ་རང་སྲོག་བཅད་པའི་གནས་ཚུལ་གྱིས་ཁྱབ་ཅིང་། གསར་འགྱུར་བརྒྱུད་ལམ་ཁག་ནང་«དྷ་སའི་སྙན་ངག་པ་གཟི་མིག་གིས་བོད་ཀྱི་སྐད་ཡིག་གི་སྐྱོ་གར་ལ་དམིགས་ཏེ་རང་སྲོག་བཅད་པ།»ཞེས་པའི་ཁ་བྱང་སྟེང་ནས་གསར་འགྱུར་སྤེལ།
སྙན་ངག་པ་འདས་གྲོངས་སུ་གྱུར་རྗེས་ཁོའི་སྙན་ངག་ལ་ཐེ་བའི་བརྩམས་ཆོས་དག་ནི་གཞི་ནས་སྲོག་དབུགས་ལྡན་འགོ་བརྩམས། གསར་ལམ་ནང་གི་སྐད་ཆ་དེས། བོད་ཡིག་ཤེས་མཁན་མང་ཤོས་ཁོའི་སྙན་ངག་ལ་དོ་སྣང་བྱེད་དགོས་པ་བཟོས་ཤིང་།
སྒྱུ་རྩལ་པ་“གང་དྲན་དྲན་”ཚོས་སྙན་ངག་པའི་སྐད་ཆ་དུམ་ཚན་རེ་དང་། ཡིག་ཕྲེང་རེའི་ནང་དུའང་སྙན་ངག་པའི་ཚོར་འདུ་དང་བླ་སྲོག་འཚོལ་ཅི་ཐུབ་ལ་འབད། སྙན་ངག་དེ་ཚོ་ནི་རླབས་ཆེན་དང་ཚད་ལྡན་རྐྱང་རྐྱང་ལ་ངོས་འཛིན་བྱས་པས། དྷ་སའི་རི་གྲོང་གི་པིར་ཐོགས་པ་ཨ་ཡོད་ནང་གི་ད་ཡོད་སྙན་ངག་པ་“མཆོང་ཆོག་ཆོག་”ཚོས་ཀྱང་སྙན་ངག་པའི་མི་ཚེ་དང་བརྩམས་ཆོས་སྐོར་ལ་དཔྱད་གཏམ་མི་ཉུང་བ་ཞིག་སྤེལ།
ཟླ་བ་འགའི་རྗེས་སུ་“ལས་མེད་”དཔེ་མཛོད་ཁང་གིས་ཀྱང་མ་བསྐུལ་དང་བླངས་ཀྱིས་དྲ་རྒྱ་དང་དུས་དེབ་ཁག་ནང་གི་“སྙན་ངག་པའི་”བརྩམས་ཆོས་དང་དཔྱད་བརྗོད་ལག་ལ་ཐེབས་ཚད་བསྡུས་ནས་སྙན་དེབ་ཅིག་དཔར་ཏེ་འགྲེམས་སྤེལ་བྱས་པས། ༢༠༡༧ ལོར་སྙན་དེབ་དེས་བོད་ཡིག་གི་ཁོར་ཡུག་ནང་བྲིན་ཆེ་ཤོས་ཀྱི་གོ་ས་ཟིན། སྙན་དེབ་ཀྱི་ཁ་བྱང་ལ། “གཟི་མིག་དགུ་པ།” ཞེས་བཏགས་ཤིང་ཁ་བྱང་འོག་གི་ཡིག་ཆུང་ནང་«སྙན་ངག་པ་གཟི་མིག་གྲོངས་པའི་རྗེས་དྲན་དུ།»ཞེས་འཁོད་འདུག
སྙན་དེབ་ཀྱི་འགོ་བརྗོད་ནང་རྩོམ་སྒྲིག་པས། “ཚེ་སྲོག་གི་དབུགས་རྒྱུན་ཡོད་ཚད་དབྱངས་གསལ་ལ་བསྟིམས་པའི་སྙན་ངག་པ་གཟི་མིག་གི་བརྩམས་ཆོས་རེ་རེ་ནི། འཛམ་གླིང་གི་སྙན་ངག་བརྩམས་ཆོས་ཀྱི་མཁའ་དབྱིངས་སུ་སྐར་ཆེན་རེ་རེའི་གོ་ས་བཟུང་འདུག”
ཡང་དཔྱད་བརྗོད་པ་ཞིག་གིས། “སྙན་ངག་པ་གཟི་མིག་ཡོད་མྱོང་བས། འཁྱག་རེངས་སུ་ཤོར་བའི་བོད་ཀྱི་སྙན་ངག་ལ་མེ་རླབས་གསར་པ་ཞིག་འཕྱུར་དུ་བཅུག་ཡོད།”
ཅེས་བྲིས་འདུག

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།