ཁ་བྱང་མེད།


བསྟན་འཛིན་ཆོས་འཕེལ། འཛིན་རིམ་དྲུག་པ།


རྨི་ལམ།


«བདག་མེད་པའི་སྙན་ངག་བཙོག་པོ།» འདོད་པའི་མྱོས་བུམ། མྱོས་བུམ། ནུ་མ།/ སྐྱི་གཉེར།/ ཤ་དང་ཁྲག་རྣག/ བམ་པ་དང་རུལ་བ།/ མྱགས་པ།/ དྲི་ངན་བྲོ་བ།/ ……
གོང་གི་ངའི་སྙན་ངག་དེ་«སྙིགས་རོ།»དུས་དེབ་ནང་བཀོད་རྗེས། རྨི་ལམ་ལྟ་བུའི་གྲོང་ཁྱེར་འདིར་སྐྱོམ་འགུལ་ཆེན་པོ་བཟོས་སོང་།
མ་གཞི་སྙན་ངག་དེ་སྤེལ་ནས་ཟླ་བ་གཅིག་ཙམ་རིང་ཁུ་སིམ་མེར་བྱུང་ནའང་། ཟླ་བ་ ༡༠ ཚེས་ ༡༠ ཉིན་དཔོན་མོ་སྨད་འཚོང་མས་རྨི་ལམ་ལྟ་བུའི་གྲོང་ཁྱེར་གྱི་བཞི་མདོའི་ཚོགས་ཁང་དེར་ཚོགས་འདུ་བསྐོངས་ནས་ངའི་སྙན་ངག་དེའི་སྐོར་ལ་ཐག་གཅོད་ནན་མོ་ཞིག་བྱས་ཡོད་པ་འདྲ།
ཕྱི་ཉིན་མི་མང་ཚོགས་རའི་ནང་གི་སྟེགས་བུའི་སྟེང་ནས་མོས་ངར་སྐད་ཆེན་པོས་ཁུ་ཚུར་ནམ་མཁར་འཕྱར་བཞིན་བཤད་རྒྱུར་“སྙན་ངག་པ་མིག་གསུམ་པ་ཟེར་བའི་འཆལ་པོ་ལང་ཤོར། སྤྱི་ཚོགས་ཀྱི་ཕུང་འདྲེ་དེས་«བདག་མེད་པའི་སྙན་ངག་བཙོག་པོ།»ཟེར་བ་ཞིག་སྤེལ་ནས། ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་ལ་རྡོག་རོལ་བཏང་འདུག” སྐད་ཆ་དེ་དག་གོ་བ་དང་རྨི་ལམ་ལྟ་བུའི་མི་ཚོགས་ཀྱིས་ཡང་སྙིང་གནས་ཚུལ་ངོ་མ་ཅི་ཞིག་ཡིན་མིན་ཧ་མ་གོ་ནའང་། ཕན་ཚུན་ལྟ་རེས་བྱེད་ཀྱིན་འུར་ལངས་བྱུང་། ཁོང་ཚོས་“སྙན་ངག་པ་མིག་གསུམ་པ་བཙོན་ཁང་ནང་འཛུད་དགོས། སྲོག་ཐོག་གཏོང་དགོས་”ཟེར། ཉིན་དེར་རྨི་ལམ་ལྟ་བུའི་གྲོང་ཁྱེར་དེའི་ནང་གང་སར་གླེང་སློང་སྣ་ཚོགས་ཀྱིས་ཁེངས།
ཉིན་ཤས་རྗེས་དཔོན་མོ་སྨད་འཚོང་མས་རྨི་ལམ་ལྟ་བུའི་བཟུང་དམག་ཁ་ཤས་ཤིག་ངའི་ཁང་པར་མངགས་བྱུང་། མི་དེ་ཚོས་ངའི་ཁྱིམ་ནང་ནས་ཅི་ཞིག་འཐོབ་རྒྱུ་ཡོད་པ་ལྟར་སྔོག་བཤེར་བྱས་ཏེ་ངའི་རྩོམ་ཡོན་དུ་འབྱོར་བའི་སྒོར་མོ་ཉུང་ཤས་ཤིག་ཡོད་པ་དེ་བགོ་བཤའ་བརྒྱབས་མཐར། ང་རང་རྒྱབ་ལག་ཏུ་བཅིངས་ནས་རྡོག་ཐོ་གཞུ་ཞོར་ཁྲིམས་ཁང་དུ་ཁྲིད།
གྲོད་ཁོག་ལུག་པའི་ཁྲིམས་དཔོན་དེས་རྐུབ་སྟེགས་སྒང་ནས་རྫིག་ཉམས་དང་བཅས་“ང་ཚོས་ཐག་བཅད་པ་ལྟར། ཁྱོད་ཀྱི་«ངའི་ཕ་ཡུལ།»པར་འགྲེམས་བྱེད་མི་ཆོག མེར་སྲེག་གཏོང་དགོས། ཁྱོད་རང་ལོ་གསུམ་རིང་བཙོན་འཇུག་བྱ་རྒྱུ་ཐག་བཅད་པ་ཡིན། འདི་རུ་ས་རྟགས་རྒྱོབ་”ཅེས་དྲེགས་ཉམས་ཀྱིས་ཤོག་བུ་ཞིག་ཅལ་སྒྲ་དང་བཅས་ངའི་མདུན་དུ་འཕངས་བྱུང་། ང་རང་ས་རྟགས་རྒྱག་རྩིས་མེད་ནའང་རྨི་ལམ་ལྟ་བུའི་བཟུང་དམག་དེ་ཚོས་ངའི་མཛུབ་མོའི་དབར་དུ་སྨྱུ་གུ་བཅེམས་ནས་ཁོང་རང་ཚོས་ས་རྟགས་བརྒྱབས།
ཉིན་དེ་ནས་བཟུང་རྨི་ལམ་ལྟ་བུའི་བཙོན་ཁང་དེའི་ནང་ནས་ངས་ཡང་བསྐྱར་རྨི་ལམ་ལྟ་བུའི་འཚོ་བ་ཞིག་རོལ་འགོ་བཙུགས། ལོ་དེར་ངའི་སྙན་ངག་དཔེ་དེབ་ཐོག་མ་དེ་དཔར་དུས་རྨི་ལམ་ལྟ་བུའི་གྲོང་ཁྱེར་དེར་སྐྱོམ་འགུལ་ཆེན་པོ་བཟོས་སོང་། ང་རང་རྨི་ལམ་ལྟ་བུའི་ཁྲོམ་གཞུང་གི་ཇ་ཁང་ཞིག་ཏུ་ཡོད་དུས་སྒོར་མོ་བརྒྱ་ལོར་ཞིག་གིས་ངའི་ལུས་ལ་འཁྱུད་དེ་བཤད་རྒྱུར་“ཁྱོད་ཀྱིས་ང་ནི་ལྷ་ཡི་སྤྲུལ་པ་ཡིན་ཚུལ་གྱི་རྣམ་ཐར་ཞིག་འབྲི་དགོས། ཡང་ན་ང་ལ་བསྟོད་ཚིག་ཅིག་འབྲི་དགོས་”ཟེར། ངས་གཏན་ནས་ཁས་མ་བླངས། མཇུག་མཐར་སྒོར་མོ་མང་པོ་ཞིག་གཅིག་ཐོག་གཅིག་གིས་བརྩེགས་ཏེ་ང་རང་ཕར་ཕར་བདས་བྱུང་། ང་རང་དབུགས་འཚང་བཞིན་ཇི་ཙམ་བྲོས་ནའང་རྒྱབ་ཕྱོགས་ནི་གཡང་རོང་འཇིགས་སུ་རུང་བ་ཞིག་རེད་འདུག མཐའ་མཇུག་གི་གཡང་ཁ་དེ་རུ་ང་རང་འབྲོས་ས་མེད་སྟབས་སྒོར་མོ་དེ་དག་གིས་ངའི་ལུས་པོ་ཡོངས་ལ་འཁྱུད་ཅིང་རིམ་གྱིས་སར་མནན་ཏེ་ཁྱུར་མིད་བཏང་།


གདོང་འབག་འཚོལ་བ།


དུས་ནི་ནམ་ཞིག་ལ་ཡིན་ནམ། གང་ལྟར་ང་རང་སྒོར་མོས་ཁོག་པ་ནས་ཕྱིར་བསྐྱུགས་ཏེ་འདིར་སླེབ་དུས། གྲོང་ཁྱེར་འདིའི་མི་ཚང་མའི་ངོ་ལ་གདོང་འབག་གྱོན་འདུག སྐབས་དེར་ང་རང་ཉིད་ཀྱིས་ཀྱང་གདོང་འབག་གྱོན་ཡོད་དམ་སྙམ་བཞིན་ངོ་ལ་ལག་པས་རེག་ཙམ་བྱས་ནའང་དྲི་ལན་གསལ་པོ་ཞིག་མ་རྙེད། ངས་གྲོང་ཁྱེར་གྱི་བཞི་མདོའི་མི་ཚོགས་རེ་རེའི་ངོ་གདོང་ལ་གཟབ་ནན་གྱིས་བལྟས་ནའང་ཁོང་ཚོ་ཚང་མས་གདོང་འབག་གྱོན་ཡོད་པ་གཅིག་མཚུངས་རེད། མཚམས་ཤིག་ནས་ང་རང་ཡང་མི་ཞིག་གི་རྗེས་སུ་བསྙེགས་ནས་ཕྱིན། གློག་འོད་ཁྲ་ཁྲ་ཟིང་ཟིང་གི་སྒོ་བྱང་ཅན་གྱི་ཁང་ཆེན་དེའི་ནང་འཛུལ་སྐབས། ངའི་སྔུན་དུ་འགྲོ་བཞིན་པའི་མི་དེའི་ངོ་ལའང་གདོང་འབག་གྱོན་འདུག་ཅིང་། ད་དུང་བཅོས་འཛུམ་ཞིག་ཀྱང་བསྡུས་ཏེ་ཁང་ཆེན་ཕུག་གི་ལས་ཁུངས་ཀྱི་འགོ་ཁྲིད་དེའི་མདུན་དུ་སླེབ་དུས་ཁོས་གུས་གུས་ཞུམ་ཞུམ་གྱིས་ཅི་ཞིག་ཤོད་ཀྱིན་འདུག གང་འཚམས་ནས་ཁོང་གཉིས་ངོ་བོ་གཅིག་ཏུ་འདྲེས་ཏེ་མི་ཡང་གཅིག་ཏུ་གྱུར་སོང་། གྱུར་ནས་ཀྱང་སྔར་བཞིན་གདོང་འབག་གྱོན་ཡོད་ནའང་མི་འདྲ་ས་ཞིག་ནི་གདོང་འབག་དེ་ལས་བཅོས་འཛུམ་ཡོད་པ་མ་ཟད། མཐོང་ཆུང་དང་ཁེངས་དྲེགས་ཀྱི་ཉམས་ཤིག་ཀྱང་མངོན་གྱི་འདུག མཇུག་མཐར་མི་དེ་ཡང་བཅོས་འཛུམ་ཞིག་བསྡུས་ཏེ་ཚོམས་ཁང་ཆེན་པོ་ཞིག་གི་ནང་ལ་འཛུལ་ཕྱིན། ཕུག་གི་རྐུབ་སྟེགས་སྟེང་ན་ཆེ་ཉམས་ཀྱིས་འགྱིངས་པའི་མི་དེ་ནི་གྲོང་ཁྱེར་འདིའི་ཆེས་མཐོའི་མི་སྣ་ཞིག་རེད། ངའི་སྔུན་དུ་འགྲོ་བཞིན་པའི་མི་དེ་ཁོའི་མདུན་དུ་སླེབ་དུས་གདོང་འབག་ལས་སྔར་བས་བཅོས་འཛུམ་ཞིག་ངོམས་ཏེ་ཅི་ཞིག་ཞུ་བ་ལྟར་བྱེད། ངའི་མིག་འཁྲུལ་ཡིན་ནམ་གང་ལྟར་ཁོ་གཉིས་ཀྱང་གཅིག་ཏུ་འདྲེས་ཏེ་མི་ཡང་གཅིག་ཏུ་གྱུར་སོང་། ང་དངོས་གནས་བློ་མ་བདེ། ངས་ཁོ་ལ་ཅི་ཞིག་ཤོད་རྩིས་བྱས་ནའང་ཁོས་“ཁྱོད་ཀྱི་ངོ་ལ་གདོང་འབག་གྱོན་མི་འདུག” ཟེར། ཁོའི་སྐད་ཆར་ཡིད་མ་ཆེས་པར་ང་རང་ཕྱིར་ཐོན་ནས་གྲོང་ཁྱེར་གྱི་བཞི་མདོའི་སྲང་ལམ་དག་ནས་མི་ཐུག་ཚད་ལ་འདྲི་རྩིས་བྱེད་སྐབས། ཁོང་ཚོ་ཚང་མས་“ཁྱོད་ལ་གདོང་འབག་མི་འདུག”ཟེར།
དེ་རྗེེས་ང་རང་ཡང་གདོང་འབག་ཅིག་འཚོལ་དུ་ཕྱིན། གྲོང་ཁྱེར་གྱི་བཞི་མདོ། མཐོ་རིམ་མི་སྣ་དང་ཤེས་ཡོན་སྡེ་ཚན་ཁག་སོགས་གང་ལས་ཀྱང་། ང་རང་དང་འཚམས་པའི་གདོང་འབག་ཅིག་གཏན་ནས་མ་རག
ང་རང་རྦད་དེ་ཡིད་ཆད་དེ་དཀོན་མཆོག་ལ་སྐད་ཆ་འདྲི་བའི་ཆེད་དུ་ཆོས་ཁང་ནང་ལ་འཛུལ་ཕྱིན། ངའི་གོམ་སྒྲ་ཐོས་མ་ཐག་ཡ་གིའི་ཕུག་ནས་ཆོས་དཔོན་ཁ་ཕྱིར་འཁོར་ཏེ་གཟིགས་བྱུང་། སྐབས་དེར་ང་རང་རྦད་དེ་བླ་འཁྱམས་སོང་། ཆོས་དཔོན་གྱི་ངོ་ལའང་གདོང་འབག་གྱོན་ཅིང་། མ་ཟད་ཁོའི་གདོང་འབག་ལས་བཅོས་འཛུམ་དང་ཁེངས་དྲེགས། ཆགས་སྲེད་དང་འདོད་རྔམས་ཀྱིས་གཟིར་ཡོད་པས་ངའི་མིག་གིས་བཟོད་མི་ཐུབ་པར་གྱུར་ཏེ་ང་རང་དྲན་མེད་དུ་བརྒྱལ།
ང་རང་འབུ་གྲོག་མར་འགྱུར་བའི་བརྒྱུད་རིམ།
དྲན་པ་རྙེད་དུས་དེར། ང་རང་གན་རྐྱལ་དུ་བསྙལ་ཞིང་མཐའ་སྐོར་དུ་ནག་རོག་རོག་མང་པོ་ཞིག་གིས་བསྐོར་ནས་འདུག ཞིབ་ཏུ་ལྟ་དུས་དེ་ནི་ཁྱད་མཚར་ཞིག་སྟེ། མགོ་ལ་ར་ཅོ་རིང་པོ་གཉིས་རེ་སྐྱེས་ཤིང་ཁོང་ཚོའི་ཁ་དོག་ནི་ནག་པོ་ནག་རྐྱང་རེད།
ད་དུང་རིག་པ་བསྒྲིམས་ནས་བསམ་བློ་ཞིག་གཏོང་དུས། མ་གཞི་འདི་ཚོ་ནི་མི་ཡིས་བཤད་པའི་འབུ་གྲོག་མ་ཞེས་པ་དེ་རེད། ཁོང་ཚོ་ཚང་མ་གཅིག་མཐུན་ངང་བློ་སེམས་གཅིག་གིས་ང་རང་བསྐྱོར་ནས། ངའི་དཔྲལ་བའི་སྒང་ལ་ཆུ་གྲང་མོས་བཅག་བཅག་བྱེད་ཀྱིན་དྲན་པ་གསོ་ཐབས་བྱས་འདུག ཁོང་ཚོས་ང་བསྐྱོར་ནས་ཡར་བསླངས་པ་དང་། སྐབས་དེར་ང་རང་འབུ་གྲོག་མའི་ལུས་སུ་གྱུར་ཡོད་པ་ཤེས་བྱུང་།
ཞོགས་པ་དེར་ང་ཚོ་འབུ་གྲོག་མ་ཚང་མ་སྟབས་ཅིག་ཏུ་ཁང་པའི་ཕྱིར་ཐོན་ནས་གཞུང་ལམ་ཆེན་པོ་དེ་བརྒྱུད་དེ་ཟས་འཚོལ་དུ་ཆས། འོན་ཀྱང་ཞོགས་པ་དེ་ནི་འཇིགས་སུ་རུང་བ་ཞིག་སྟེ། འདིར་སྣང་ཡོད་ཚད་གཏོར་བཤིག་གཏོང་མཁན་མི་ཞེས་པ་སྨྱོན་པ་དང་འདྲ་བ་དེ་ཚོས་སྐད་འབོད་རྒྱག་གི་འདུག “འཛམ་གླིང་འདིའི་སྟེང་ཞི་བདེའི་འཆམས་མཐུན་དགོས། ཐོབ་ཐང་འདྲ་མཉམ་ཡིན།” ཟེར་བཞིན་ལྕགས་ཀྱི་ཡོ་བྱད་ཆེན་པོ་རེ་ལ་ཁ་ལོ་བསྒྱུར་ནས། ཉེ་འཁོར་གྱི་ནེའུ་སིང་ཚལ་བསློགས་ཤིང་། ལྗོན་ཤིང་གི་ཚོགས་རྣམས་རྩ་བ་ནས་བཀོག་སྟེ་འཛམ་གླིང་ཞི་བདེའི་མཉམ་འབྲེལ་རྒྱལ་ཚོགས་ཁང་འཛུགས་སྐྲུན་བྱ་རྒྱུ་ཡིན་ཚུལ་ཤོད། ཉིན་དེར་མི་ཡིས་ལྕགས་ཀྱི་ཡོ་བྱད་ཆེན་པོ་བཀོལ་ཏེ་ང་ཚོ་འབུ་གྲོག་མའི་ཁང་པ་དེ་གཏོར་བཤིག་བཏང་བ་མ་ཟད། ང་ཚོའི་རིགས་མང་པོ་ཞིག་བསད་ཅིང་ཕལ་ཆེ་བར་རྨས་སྐྱོན་བཟོས།
ང་ཚོ་འབུ་གྲོག་མ་ལྷག་མ་རྣམས་གནས་སྤོས་ཏེ་གནས་སྐབས་ཤིག་གི་རིང་བྲག་རྡོའི་འོག་ཏུ་ཚང་བཅས་ནས་བསྡད་པ་ཡིན། འོན་ཀྱང་ཉིན་ཞིག་འཛམ་གླིང་ཞི་བདེ་མཉམ་འབྲེལ་རྒྱལ་ཚོགས་ཁང་དེ་བཤིག་ནས་དམག་ཆེན་གསུམ་པའི་འཐབ་ར་བཟོ་རྒྱུ་ཡིན་ཟེར་བཞིན་གཏོར་བཤིག་བཏང་བ་དང་། ང་ཚོ་འབུ་གྲོག་མ་སྡོད་སའི་བྲག་རྡོར་སྒྱོགས་རྡོ་འཕངས་ཏེ་སིལ་བུར་བཏང་རྗེས་རྡོ་བ་རེ་རེ་ནས་དབོར་འདྲེན་བྱས།
ཐེངས་དེར་ང་རང་མ་གཏོགས་འབུ་གྲོག་མ་ཚང་མ་མེད་པར་བཏང་བས། ང་རང་དགུན་ལོ་སེར་པོ་ཞིག་གི་ཕུག་ཏུ་འཛུལ་ནས་མིག་ཆུ་ཛར་ཛར་ངང་ཡུན་རིང་ཞིག་ལ་བསམ་བློ་བཏང་བ་ཡིན། ང་རང་བསམ་བློ་གཏོང་བའི་ཡུན་དེར་མི་དེ་ཚོས་ཁོང་རང་ཚོ་ནང་ཕན་ཚུན་འཐབ་རེས་དང་གསོད་རེས་ཀྱིས་ས་གཞི་ཡོངས་རྫོགས་མི་རོ་ཡིས་ཁེངས་པར་བྱས།
མཇུག་མཐར་མི་གཅིག་ཀྱང་མཐོང་ཡུལ་དུ་མ་གྱུར་པས་ང་ཁོ་ན་ས་གཞི་འདིའི་སྟེང་ལྷག་འདུག
ལྷིང་འཇགས། རང་དབང་།
ཁུ་སིམ། ཞི་བདེ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།