སློབ་དཔོན་ཨ་སྟོབས།
གནས་ལུང་སྡེ་པའི་སྟོད་སྨད་ཡོངས་ལ་གྲང་ངར་གྱིས་ཁྱབ་འདུག་ལ། དུད་ཁྱིམ་སུམ་ཅུ་ལྷག་ལས་གྲུབ་པའི་འཚོ་བ་ཡང་ལྷགས་རླུང་གི་ཁྲོད་ན་ཕན་ཚུན་གཅིག་ལ་གཅིག་ལྟོས་ཚུལ་དུ་གནས།
སྤྱི་ལོ་ ༢༠༡༧ ཟླ་བ་ ༡ ཚེས་ ༡༡ ཉིན། ཤར་རིའི་རྩེ་ནས་དཀར་མདངས་འཚེར་བ་དང་ཅང་མ་འགོར་བར་ནམ་ལངས། ཚེ་བརྟན་རྡོ་རྗེ་ནམ་རྒྱུན་དང་མི་འདྲ་བར་སྔ་མོ་ནས་ལངས་ཏེ་རྟ་ལ་སྒ་ཆས་རྒྱག་པར་གཞིགས་ན་རྫོང་ཐོག་གམ་གཞན་ཞིག་ལ་འགྲོ་རྒྱུ་ཡིན་པ་འདྲ། ཆུང་མ་གཡང་སྐྱིད་ནངས་ཇ་སྐོལ་བ་སོགས་ཁྱིམ་ཕྱི་ནང་གི་ལས་ཀ་ཡོངས་ལ་བྲེལ་ཟིང་འཚུབ་ཀྱིན་འདུག་པ་དང་། ཚེ་བརྟན་རྡོ་རྗེ་ཡིས་དགོན་པའི་ནང་ནས་དོན་དག་རེ་ཡོད་མེད་དྲིས། མོས་“ཅི་ཡང་མེད་”ཅེས་ལན་བཏབ་ན་ཡང་། འདང་ཞིག་བརྒྱབས་རྗེས་ཅི་ཞིག་དྲན་པ་ལྟ་བུས་“ད་སྐབས་གྲང་ངར་ཆེ་བས་ཨ་མ་འབྲོག་ཐོག་ལ་མ་ཁྲིད་ན་ལེགས་”ཞེས་སྨྲས།
ཚེ་བརྟན་རྡོ་རྗེ་ཡི་ཨ་མ་ལོ་གྲངས་ ༧༥ ལོན་པ་དང་། མོའི་མིང་ལ་ལྷ་མོ་མཚོ་ཟེར་ན་ཡང་མང་ཆེ་བས་ལྷ་མོ་ཞེས་འབོད། འབྲོག་པའི་ནང་ནས་ཁྱིམ་སྲུང་ཙམ་ལས་མི་ཐུབ་པར་གྱུར་རྗེས་མནའ་མ་དབང་མོའི་བཀོད་འདོམས་ལྟར་དགོན་མཐར་བསྐྱལ། ཡིན་ཡང་དབྱར་རྩྭ་རྐོ་སྐབས་བྱིས་པ་ལ་ལྟ་སྐྱོང་དང་། ཁྱིམ་སྲུང་ཆེད་ད་དུང་ཡང་འགྲོ་དགོས་ཀྱང་མོ་རང་ལ་སྤྲོ་སྣང་ཞིག་ལས་མ་འདས།
ཚེ་བརྟན་རྡོ་རྗེ་བྲག་དཀར་དགོན་མཐར་སླེབས་ནའང་ཨ་མ་ལྷ་མོ་སྐོར་བ་ལས་ད་དུང་སྡོད་ཁང་དུ་འབྱོར་མེད། ཁོས་སྒོ་འགྲམ་དུ་ཅུང་སྒུག་གིན་ལྷ་ཁང་དང་དུང་འཁོར་ཕྱོགས་སུ་རྒྱང་ལྟ་བྱས། ཉིན་གུང་དུས་ཚོད་ ༡༢ ཟིན་རྗེས་ལོ་ལོན་རྣམས་ལག་རྟེན་རེ་བཟུང་ནས་རང་རང་སོ་སོར་ལོག་པ་དང་། ཨ་མ་ལྷ་མོ་ཡང་རང་གི་སྡོད་ཁང་ཕྱོགས་སུ་བསྐྱོད། མོས་བུ་ཚེ་བརྟན་རྡོ་རྗེ་མཐོང་རྗེས་སྨྲ་མི་ཤེས་པའི་དགའ་ཚོར་དང་། འཛུམ་མདངས་ཤིག་མངོན་བཞིན་དུས་ཚོད་ནམ་ཞིག་ལ་ཐོན་མིན་དང་། སྒུག་ཡུན་ཨེ་རིང་། ལམ་ནས་ཨེ་འཁྱག་སོགས་བུ་ལ་འཁྲེང་བའི་ངག་ཚིག་དྲོན་མོ་རེ་གཅིག་རྗེས་གཉིས་མཐུད་ནས་སྨྲས།
ཚེ་བརྟན་རྡོ་རྗེ་ཡིས་ཆུ་ལེན་པ་དང་། ཤིང་གསེ་བ། སྒོའི་ཕྱི་ནང་ལ་ཕྱག་བདར་སོགས་བྱས་པ་དང་། ལྷ་མོས་བུས་ཁྱེར་ཡོང་བའི་འོ་མ་དམ་བུ་གང་དེ་ཇ་བསྐོལ། ཉེ་ཆར་མོ་རང་དང་ལོ་ན་མཉམ་པ་ཡེ་ཤེས་སྒྲོལ་མ་ཟེར་བའི་ཁྱིམ་མཚེས་ཤིག་ཡོད་པ་དེས་རྒྱུ་མ་དུམ་བུ་ཞིག་དང་། ཤ་རྩིབ་མ་ཆུང་ཆུང་ཞིག་བྱིན་པ་རང་གི་བུ་ལ་ཉར་བ་དེ་སྔུན་དུ་བཞག ཇ་འཐུང་ཞོར་མ་བུ་གཉིས་ཕན་ཚུན་ཁ་བརྡ་བྱས་པ་དང་། ཨ་མས་འབྲོག་ནང་གི་གནས་ཚུལ་དང་། མནའ་མ་གཡང་སྐྱིད། བྱིས་པ་ཆེ་ཆུང་རྣམས་རེ་རེ་ནས་བདེ་མིན་དྲིས་པ་དང་། ཚེ་བརྟན་རྡོ་རྗེ་ཡིས་ལན་རེ་རེ་བཞིན་བཏབ། ཨ་མས་བུ་ལ་“རྒྱུ་མ་དང་ཤ་ཟོ་”ཞེས་བསྐུལ་བ་ན། ཁོས་ཀྱང་ཅི་མི་སྙམ་པར་རེ་རེ་བཞིན་ཟོས་ཏེ་གཙང་དག་བྱས།
མ་གཞི་ཁོས་ཨ་མ་ལ་རུ་བ་ནས་ཤ་ཞིག་སྐྱེལ་དགོས་བསམ་པ་ཡོད་ཀྱང་མནའ་མས་དགོན་པའི་ནང་དུ་ཤ་ཟོས་ན་མི་ལེགས་ཚུལ་དང་། གལ་སྲིད་ཉོ་དགོས་ན་ཤ་ཁང་ནས་ཉོས་ན་མ་གཏོགས་རི་ཁྱིམ་གཉིས་ཀར་མི་འདང་རབས་བཤད་པས་ཁོས་ཀྱང་སྐད་ཆ་དེ་བདེན་པར་བཟུང་། ཡ་མཚན་པ་ཞིག་ལ་ཁོས་ཤ་རྒྱུ་མ་འདི་དག་གང་ནས་རྙེད་པར་དྲི་བ་ཙམ་ཡང་མེད་པར་མ་ཟད། འབྲོག་ནང་དུའང་བཟའ་རྒྱུ་འདི་འདྲ་མེད་པས་ཨ་མ་ལ་གནས་སྐབས་ཤ་ཉོ་དགོས་མི་འདུག་སྙམ། འགྲོ་ཁར་དགོན་པའི་ཚོགས་རྫས་སོགས་ལས་བྱུང་བའི་ཀ་ར་བུ་རམ་ཐུམ་བུ་ཞིག་ཡོད་པ་མནའ་མ་དང་བྱིས་པ་རྣམས་ལ་བསྐུར་བ་དང་། མིག་ལམ་ནས་མ་ཡལ་བར་དུ་རྡོ་འབུར་ཞིག་ཡོད་སར་བསྡད་དེ་སྐྱེལ་མ་བྱས།
ཚེ་བརྟན་རྡོ་རྗེ་འབྲོག་ཁྱིམ་དུ་ཐོན་ལ་ཉེ་བར་བྱིས་པ་རྣམས་བསུ་རུ་སླེབས་པ་དང་། “ཨ་ཡེས་ང་ཚོ་ལ་ཅི་ཞིག་བསྐུར་སོང་”ཟེར་ནས་གཡས་འཐམ་གཡོན་འཐམ་བྱས། མནའ་མ་དང་ཁོང་ཚོས་དགོང་ཟས་ཟ་སྐབས་གཡང་སྐྱིད་ཀྱིས་དགོན་ནང་གི་གནས་སྟངས་དང་། ཨ་མས་ཁོ་ལ་གུང་ཟས་ཅི་བསྐོལ་དྲིས། ཁོས་རང་གིས་མཐོང་ཐོས་ཅི་བྱུང་དང་། ཨ་མས་རྒྱུ་མ་དང་རྩིབ་ཤ་སྟར་མ་བྱིན་རབས་བཤད། མོས་རྒྱུན་དུ་ཨ་མས་ལྐོག་དངུལ་ཞིག་ཉར་ཡོད་མེད་ལ་དོགས་པ་སྐྱེས་ཡོད་པ་དང་། ད་ཐེངས་བདེན་དཔང་ཞིག་རྙེད་སོང་སྙམ་སྟེ། ཨ་མས་དེ་དག་གང་ནས་ཉོས་མིན་དང་། སུས་ཉོ་རོགས་བྱས་མིན་དྲིས།
ཨ་མ་ལྷ་མོས་བུ་ལ་སྐྱེལ་མ་བྱས་རྗེས་རང་གི་སྡོད་ཤག་ཏུ་ལོག་པ་དང་། ཅང་མ་འགོར་བར་ལྷགས་རླུང་དྲག་པོ་ཞིག་གིས་སྣ་དྲངས་ཏེ་གནམ་ས་འདྲེས་པ་ལྟ་བུའི་ཁ་བ་བབས། འཚོ་བཅུད་ལྡན་པའི་དགོང་ཟས་ཤིག་ཡིད་ལ་འཁོར་ཏེ་ཟས་སྒམ་རྣམས་ཁ་ཕྱེ་ན་ཡང་གྲང་ངར་དེ་སྐྱོབ་ཐུབ་པའི་ཟས་ཤིག་མེད་པས། མཇུག་མཐར་མར་རྙིང་དྲི་ང་བ་ཞིག་ཡོད་པ་དེས་དཀྲུག་ཇ་ཞིག་བསྐོལ་ནས་ཉལ་སར་ལོག