ཁ་དོག་ཡལ་བའི་ལས་དབང་།

པ་སངས་ཚེ་རིང་། འཛིན་རིམ་གཉིས་པ།

དང་པོ།


དེ་རིང་དགུང་ཨ་སྔོན་གྱི་མེ་ལོང་ལ་སྤྲིན་པ་ལང་ལོང་ཞིག་གིས་བསྒྲིབས་ནས་གནམ་གཤིས་ཅུང་ཟད་བན་མ་བུན་དུ་གྱུར་འདུག དབུ་རྩེར་ཁ་བས་གཡོགས་པའི་གངས་རི་དང་ནགས་ཀྱིས་མཐའ་ཤན་བརྒྱན་པའི་རི་བོ་དག་ཀྱང་དེ་རིང་སུ་ཞིག་ལ་མྱ་ངན་ཞུ་བ་ཡིན་ནམ། ཀྲོང་ངེར་ལངས་ནས་འདུག ད་དུང་རྒྱུན་ལྡན་གྱི་འོད་ཐིག་བཏབ་པ་ལྟར་སྣང་བའི་སྔར་མེས་པོས་སྤར་བའི་ཤུལ་ལམ་དང་། ངང་རྒྱུད་རིང་བའི་རླབས་ཕྲེང་གི་ཟེགས་མ་མངོན་པར་འཕྱོ་བའི་ཆུ་མོ་དག་ཀྱང་། དེ་རིང་ཅུང་མོག་མོག་པོར་གྱུར་འདུག བཟུང་ན་ལོ་རྒྱུས་ཡོད་ལ་བལྟས་ན་མིང་གྲགས་ཡོད་པའི་རྟ་ཐང་སྡེ་པ་ནི་སྤྲིན་པ་ས་ལ་ཟགས་པ་ལྟར། དུ་བ་སྔོ་ལྷོག་ལྷོག་ངང་དུ་གདའ། རྟ་ཐང་སྡེ་པར་གནའ་བོའི་མཛེས་རྩལ་ཕུན་སུམ་ཚོགས་པའི་མཆོད་རྟེན་དང་མ་ཎི་རྡོ་བརྐོས། གཞན་ཡང་རྡོས་བརྩིགས་པའི་དགོན་རྙིང་བྱིན་ཅན་མང་དག་ཅིག་ཀྱང་མཇལ་རྒྱུ་ཡོད། རྒན་རྒོན་འཁར་ཐོགས་པ་འགས་ལག་ཏུ་མ་ཎི་ལག་སྐོར་རེ་སྐོར་བཞིན་སྐོར་བ་རྒྱག་གིན་འདུག དེ་དག་མཐོང་དུས། རྟ་ཐང་ཆོས་ཀྱི་ཞིང་ས། །ཨོ་རྒྱན་ཞབས་ཀྱིས་འཆག་ས། །ཞེས་པའི་མེས་པོའི་ཞལ་རྒྱུན་དེ་ལ་ཡིད་ཁ་མ་གཏད་རང་གཏད་དུ་ཆགས། དེ་ནས་བལྟས་ན་ཁྱེད་ཀྱི་མིག་ལམ་དུ་ཆེས་གསལ་པོར་མངོན་པ་ནི་ཆར་ཟིམ་ཟིམ་ཞིག་གིས་བརྡལ་ཆོག་ཆོག་དང་ཉི་འོད་ལམ་ལམ་ཞིག་གིས་དྲོས་ཆོག་ཆོག་མེད། ཅེས་པའི་དཔེ་ལྟར་དུས་ཀྱི་འཕོ་འགྱུར་ཇི་ཙམ་ཆེ་ནའང་། ཉམས་པ་མེད་པར་རླུང་གི་འགྱུར་བར་འགྲན་བཞིན་པ་སྟེ། དེ་ནི་ཨ་ཁུ་དགྲ་འདུལ་ཚང་གི་དར་ལྕོག་དམར་པོ་དེ་རེད།
ཨ་ཁུ་དགྲ་འདུལ་གྱིས་དེ་ལ་རྨི་ལམ་ཅི་ཞིག་བཅོལ་ཡོད་པ་ནི་སུས་ཀྱང་ཤོད་ཐབས་བྲལ། གང་ལྟར་དེ་ནི་མེ་ལྕེ་མཁའ་ལ་འཕྱོ་བ་ལྟར་ལྷབ་ལྷུབ་ཏུ་གཡོ་བར་སྣང་། ཕོ་ལོ་སོ་བརྒྱད་ལོན་པའི་ཨ་ཁུ་དགྲ་འདུལ་ཏེ། ཁོང་གི་གཡུ་འབྲུག་གསུམ་རིས་ཅན་གྱི་དཔྲལ་བའི་གཉེར་མ་དང་ཅུང་ཟད་རྒས་ཤིང་འཁོགས་པའི་ལུས་པོར་བརྟགས་ན། ཕོ་ལོ་བདུན་ཅུ་ཟིན་པའི་རྒན་པོ་སོ་མེད་མགོ་དཀར་ཞིག་ངང་གིས་དྲན་པར་བྱེད། ངལ་དུབ་ཀྱི་ལུས་ཟུངས་གསེབ་ནས་རེ་བའི་འཛུམ་གྱིས་བརླན་པའི་ཨ་ཁུ་དགྲ་འདུལ་ཁོང་དེ་རིང་ངག་ནས་ཤབ་ཤུབ་ངང་མ་ཎི་འདོན་བཞིན་སྒོ་རར་ལྷམ་ལ་ཀོ་བ་གཡོག་གིན་འདུག ཉིན་གུང་ལྟོ་ཆས་ཟ་ལ་ཉེ་བས་ཨ་ནེ་བསམ་ཆོས་ཀྱང་ཐགས་འཐག་མཚམས་བཞག་ནས་ཐགས་ཁྲིར་ཆར་ཤོག་ཆེན་པོ་ཞིག་བཀབ། ཁོང་མོ་ནི་བབས་ཆགས་ཤིང་སྒེག་ཉམས་དོད་ལ། རྣམ་དཔྱོད་གཉིས་ལྡན་གྱི་བུད་མེད་ཅིག་ཏུ་སྣང་། ངོ་མ་བཤད་ན་ཁོང་མོ་ལོ་སོ་ལྔར་ལོན་ནའང་ད་དུང་སྐྱེ་ཕོ་བརྒྱའི་སེམས་སུ་ནམ་ཡང་རྒས་མི་སྲིད་པའི་མེ་ཏོག་ཅིག་ཡིན་ཁོ་ཐག་རེད། མ་གཞི་ཨ་ནེ་བསམ་ཆོས་ཨ་ཁུ་དགྲ་འདུལ་ཚང་ལ་སླེབས་ནས་བཟུང་ཁོང་ཚང་ལ་ཆ་འཇོག་བྱེད་མཁན་སྔར་བས་མང་ལ་ཡར་འགྲོ་མར་འགྲོ་བྱེད་མཁན་ཡང་ཇེ་མང་རེད། ཁོང་མོ་ཡོད་པས་ཨ་ཁུ་དགྲ་འདུལ་སེམས་སྡུག་ཆུང་ལ་ཕྲག་པ་ཡང་ཇེ་ཡང་དུ་ཕྱིན། ཨ་ནེ་བསམ་ཆོས་དགུང་ཟས་བཟོ་ཆེད་ཁང་པའི་རྩིག་ལྡེབས་ནས་ལྕི་བ་སྐམ་པོ་འགའ་འགོག་ཞོར་“དགྲ་འདུལ། རང་ཉིན་རྒྱབ་ལ་བུད་ཤིང་འཐུ་རུ་འགྲོ་ན་”ཞེས་བསམ་ཚུལ་ཤོད་པ་ལྟར་དུ་སྨྲས་ཤིང་། ཡང་མུ་མཐུད་ནས་“དགུན་ཁ་འུ་ཚང་ཅི་འབུད་ལེ་ཡིན་མི་ཤེས། བུད་ཤིང་ད་ལྟ་ནས་རྫོགས་ལ་ཁད་འདུག” ཅེས་སྨྲས་ཏེ་ག་ལེར་སྐས་ལ་འཛེགས། ཨ་ཁུ་དགྲ་འདུལ་“འོ་རེད། ཡིན་ནའང་དེ་རིང་གནམ་གཤིས་དེ་”ཞེས་ཚིག་མཐའ་འཁྱོལ་མ་འཁྱོལ་གྱིས་བཤད་རྗེས་ཡང་བསྐྱར་“དཔོན་ཡོད་ཚད་སར་མི་འབབ། །སྤྲིན་བསྒྲིབས་ཚད་ཆར་མི་རྒྱག།” ཅེས་རྒྱུས་མངའ་ཆེ་མདོག་གིས་ཚིག་དེ་གསལ་མི་གསལ་ངང་ཨ་ཁུ་དགྲ་འདུལ་གྱི་རྣ་བར་བླུགས དེ་ནི་ཨ་ཁུ་དགྲ་འདུལ་གྱི་ཨ་མ་སྟེ། རྨོ་མོ་ཆོས་འཛོམས་རེད། ཁོང་མོ་ནི་ཚི་དྲེག་གིས་ཟིན་པའི་སྐྱ་སློག་མཐུག་པོ་ཞིག་གྱོན་ཅིང་། རྐང་ཟུང་བརྐྱངས་ཏེ་མ་ཎི་ལག་སྐོར་ཆུང་ཆུང་ཞིག་སྐོར་བཞིན་འདུག རྨོ་མོ་ཆོས་འཛོམས་ལ་དུས་རྒྱུན་ངག་ནས་“ཨུམ་ཨུམ་…..”ཞེས་གསལ་ཁ་མི་ཆོད་པའི་གཟུངས་སྔགས་མང་པོ་ཞིག་བགྲང་རྒྱུ་ཡོད། མཚམས་རེར་བྱིས་པ་སྣབས་འཛར་ཚོས་“རྨོ་མོ་ངུ་ཡི་ཡོད་དམ། མ་ཎི་བགྲང་གི་ཡོད།” ཅེས་ཀུ་རེ་ཡང་རྩེ།
ས་སྲོད་ལ་ཉེ་དུས་ཨ་ཁུ་དགྲ་འདུལ་རྔུལ་ནག་འཕྱུར་འཕྱུར་ངང་རྒྱབ་ཏུ་ཤིང་ཁུར་ཐེག་ཚད་ཅིག་ཁྱེར་ནས་ནང་དུ་ལོག ཁོའི་ངལ་དུབ་ཀྱི་ལུས་པོ་དེ་མཐོང་འཕྲལ། ཨ་ནེ་བསམ་ཆོས་ཀྱིས་ཅུང་སེམས་ཁྲལ་དང་བཅས་ནང་དུ་བསུས་ནས་ཇ་དང་ཤ་བཙོས་མ་ཅི་འདོད་དུ་དྲངས། ཁོང་བཟའ་ཟླ་གཉིས་པོས་ཁ་བརྡ་ཅུང་བྱས་རྗེས་ཨ་ནེ་བསམ་ཆོས་ཀྱིས་མར་ཁུ་བཞུས་ནས་ཨ་ཁུ་དགྲ་འདུལ་གྱི་རྒྱབ་ཏུ་དལ་དལ་འཇམ་འཇམ་གྱིས་བྱུགས། ཨ་ནེ་བསམ་ཆོས་ཀྱི་ཁ་ཞེ་གཉིས་མེད་ཀྱི་དོ་ཁུར་དང་ཟོལ་མེད་ཀྱི་བརྩེ་སེམས་དེས་ཁོ་རང་ལྟོགས་མྱོང་མེད་ལ། གྲང་མྱོང་ཡང་མེད། མ་ཟད་རྒྱུན་ལྡན་གྱི་མོའི་བྱ་སྤྱོད་དེ་ལ་ཨ་ཁུ་དགྲ་འདུལ་ཡིད་སེམས་རབ་ཏུ་མགུ་ནས་དེ་རིང་ཁོང་མོར་སྐད་ཆ་འགའ་ཤོད་དགོས་དྲན་ན་ཡང་ངག་ནས་འདོན་མ་ཐུབ་པར་ལྷག ཅུང་འགོར་རྗེས་དངན་པ་རིང་པོ་ཞིག་འཐེན་ཞོར་“བསམ་ཆོས། ངས་དེ་རིང་ཁྱོད་ལ་བཤད་རྒྱུ་ཞིག་ཡོད།” ཨ་ནེ་བསམ་ཆོས་“ཨུམ་…”དགྲ་འདུལ་གྱིས་“མི་རྒན་སྐྲ་འོག་ཏུ་རྒས། ཤིང་བཟང་ལྤགས་འོག་ཏུ་རུལ། །ཟེར་བ་ལྟར། ད་དེང་སང་ང་ནི་ལུས་པོ་སྐམ་ཞིང་རིད་ལ། ལོ་ཡང་རྒས་པས་ཞེ་དྲག་ལས་མི་ཐུབ་ཀྱི། ངོ་མ་དཀོན་མཆོག་གི་ཐུགས་རྗེས་ད་ལྟ་ཁྱེད་ཀྱི་མངལ་ན་ཡོད་པའི་ཕྲུ་གུ་དེ་བུ་ཞིག་ཡིན་རོགས་བྱས་ན་” ཨ་ཁུ་དགྲ་འདུལ་གྱི་སྐད་ཆ་དེ་མཇུག་མ་བསྡུས་སྔོན་ནས། ཨ་ནེ་བསམ་ཆོས་ཀྱིས་“ཨུམ། བུ་ཅི་བྱེད། འུ་ཚང་ལ་བུ་སྐལ་ཡོད་པ་མ་རེད། ལྷ་སྲིན་གདོན་འདྲེ་དག་གིས་ངའི་སྙིང་དུ་སྡུག་པའི་གཅེས་ཕྲུག་སྐལ་བཟང་ནི་ཕྲོགས་སོང་། ད་དུང་ཁྱོད་ནམ་ཡིན་ཡང་བུ་དང་བུ།” ཨ་ཁུ་དགྲ་འདུལ་གྱིས་ཐ་མག་འཐེན་པ་ལྟར་དབུགས་རིང་ཞིག་འཐེན་ནས་“བུ་སྐལ་བཟང་འདས་ནས་ལོ་ལྔ་ཕྱིན་ཟིན་པ་རེད། ད་དུང་དེའི་སྐོར་ལ་བསམ་བློ་བཏང་ནས་ཅི་ཕན། མི་ལ་སྐྱིད་རེས་སྡུག་རེས་དང་ས་ལ་སྐྱ་རེས་སྔོ་རེས་ཤིག་ག་པ་ཡིན་ནའང་ཡོད་པ་རེད། བསམ་ཆོས་ཁྱོད་ང་ལ་ལྟོས་དང་། ང་རྒན་པོ་སང་ཤི་གནངས་ཤི་རེད། དེའི་སྔོན་ལ་བུ་ཞིག་སྐྱེ་རོགས་བྱས་ན། སྔར་མེས་པོའི་ཁ་དཔེ་ལ། བུ་སྐྱེས་ན་རང་ཁ་རང་གསོ་རེད། །ལས་ཡོད་ན་རྒྱུ་ནོར་རི་ལ་ཡོད། །ཟེར་བ་རེད། ངོ་མ་འུ་ཚང་ལ་བུ་སྟག་འདྲ་བ་ཞིག་བྱུང་ན་རྒན་པོ་ང་སང་ཉིན་ཤི་ཡང་འགྱོད་རྒྱུ་མི་འདུག” ཅེས་ཡིད་སེམས་སྐྱོ་བའི་སྒོ་ནས་དེ་ལྟར་སྨྲས། ཨ་ནེ་བསམ་ཆོས་རང་གི་མིག་སྟེང་དུ་ཁེབས་པའི་སྐྲ་ལོ་ཚོམ་བུ་དེ་རྒྱབ་ཏུ་སྐྱུར་བཞིན་ཡར་ལངས་ནས། “ད་འགྲིག་སོང་། རྣམ་རྟོག་མ་སློང་། མི་མ་ཤི་སྔོན་ལ་རོ་གཡུག་མཁན་ཁྱོད་མ་གཏོགས་མཐོང་མ་སོང་།” ཞེས་སྨྲས་ཏེ་གཡོས་ཁང་ལ་དགོང་ཟས་གྲ་སྒྲིག་བྱེད་དུ་བུད། ཨ་ཁུ་དགྲ་འདུལ་ཡང་སྐད་ཆ་དེ་མཇུག་མི་སྡུད་ཀ་མེད་དུ་གྱུར།


གཉིས་པ།


དེ་རིང་ནི་རྒྱ་མཚོ་གནམ་ནས་བྱོ་བ་ལྟར་དྲག་ཆར་རབ་ཏུ་འབབ་ཅིང་གློག་དམར་འཁྱུག་སྟངས་དང་འབྲུག་སྒྲ་ལ་བརྟགས་ན་དེ་རིང་རྟ་ཐང་སྡེ་པར་འབར་གས་ཆེན་པོ་ཞིག་བྱུང་བ་དང་གཉིས་སུ་མེད་པར་སྣང་། ཆར་རླུང་ལྡང་ཆེ་བས་ཤིང་སྡོང་གི་ཡལ་ག་དག་ཀྱང་ཕར་གཡུག་ཚུར་གཡུག་བྱེད་བཞིན་འདུག་ལ། བྱ་བྱིའུ་དག་ཀྱང་རྫས་མདེལ་གྱིས་དཀྲོགས་པ་ལྟར་རློན་ལྗིད་ལྗིད་ངང་གར་འགྲོ་འདིར་འགྲོ་མེད་པར་རང་ཚང་འཚོལ་བཞིན་འདུག
ཨ་ནེ་བསམ་ཆོས་ཡ་སོ་མ་མཆུར་བསྡམས་ཏེ་ཧ་ལམ་མིན་ན་གཡང་ནས་ཟག་གྲབས་ཡོད་པ་ལྟར་ལག་གཉིས་རྨོ་མོ་ཆོས་འཛོམས་ལ་དམ་དུ་བཟུང་། ཟུག་གཟེར་བརྒྱབས་པས་གནག་ཅིང་སྣུམ་པའི་སྐྲ་ལོའི་འོག་གི་དུང་ཟླ་ཡང་ཡོངས་སུ་མིག་ཆུས་བརླན། དེ་ལ་བརྟགས་ན་དེ་རིང་ཨ་ནེ་བསམ་ཆོས་ཕྲུ་གུ་སྐྱེ་མ་ནུས་ནས་མྱ་ངན་གྱི་འོབས་དོང་ནང་དུ་ལྷུང་འདུག ཁོང་མོ་ཟུག་གཟེར་གྱིས་མ་བཟོད་པར་དེ་མ་ཐག་དྲན་པ་འཐོར་ནས་ཅི་ཡང་བཤད་རྒྱུ་མེད་པར་གྱུར། སྔས་རྩར་ལངས་པའི་ཨ་ཁུ་དགྲ་འདུལ་ནི་མགོ་ལ་མེ་ཤོར་བ་ལྟར་ལག་པ་གཉིས་ཁོང་མོའི་བྲང་ཁར་བཟུང་ནས་སྐད་ཤུགས་ཆེན་པོས་“དཀོན་མཆོག་མཁྱེན། བསམ་ཆོས་སྐད་ཆ་ཤོད་དང་། སྐུ་མཁྱེན། ཁྱོད་མ་འགྲོ་དང་། ཁྱོད་བུད་ན་ང་ཅི་བྱེད།” ཅེས་དངངས་ཚབ་ཀྱིས་བསྐྱར་ཟློས་བྱེད་ཅིང་ཁོང་མོའི་སྐད་ལ་ངང་སྒུག་བྱེད། ཕྱི་རོལ་དུ་དྲག་ཆར་འབབ་ཅིང་ནང་དུ་འཆི་གསོན་གང་ཡང་ངོ་མི་ཆོད་པའི་ཆུང་མའི་སེམས་ཁྲལ་གྱིས་བཙིར་བས། ཨ་ཁུ་དགྲ་འདུལ་ཞེད་སྣང་གིས་སྙིང་རྩ་ལྡིང་ཞིང་དངངས་སྐྲག་གིས་ལུས་པོ་ཡང་འདར། ཅི་བྱ་གཏོལ་མེད་དུ་གྱུར་པའི་ཨ་ཁུ་དགྲ་འདུལ་མགྱོགས་པོར་སྒོ་ཕྱིར་ཐོན་ནས་ཁྱིམ་མཚེས་འབོད་དུ་ཕྱིན། རྒྱབ་ནས་སྐད་ཤུགས་ཆེན་པོས་“དགྲ་འདུལ་དྲན་པ་གསོས་སོང་།”ཞེས་རྨོ་མོ་ཆོས་འཛོམས་ཀྱི་འདར་སིག་སིག་གི་སྐད་ཆ་དེ་ཁོའི་རྣ་བར་ཐོས་པས། ཁོ་སླར་ཡང་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར་འཁྱར་འཁྱོར་ངང་ཕྱིར་ལོག་ནས་ལག་གཉིས་པོས་ཁོང་མོའི་འགྲམ་པ་བསྐྱོར་ཏེ་ཁུ་སིམ་མེར་ངང་ཅི་ཞིག་ཤོད་པ་ལ་སྒུག ཨ་ནེ་བསམ་ཆོས་ཀྱིས་“སྨན་པ་རྡོ་བཀྲ”ཞེས་སྨྲ་སྒོ་ལས་འབུད་ཐུབ་མི་ཐུབ་ཀྱིས་སྨྲས་ཏེ་སླར་ཡང་དྲན་མེད་དུ་བརྒྱལ། ཨ་ཁུ་དགྲ་འདུལ་བྱིའུ་མདའ་ཡིས་སྤུར་བ་ལྟར་མགྱོགས་པོར་སྒོ་ཕྱིར་བུད།
ཕྱི་རུ་དྲག་ཆར་དང་རླུང་འཚུབ་ཤིན་ཏུ་ལྡང་བས་ཁོའི་གོས་ལྭའི་མཐའ་མཚམས་ཀྱི་རལ་པ་དག་ནི་ལ་རྩེའི་དར་ལྕོག་ཟད་པོ་ལྟར་ལྷབ་ལྷུབ་ཏུ་གཡོ། ཁོ་ད་དུང་འདམ་རྫབ་ལྗན་ལྗིན་གྱི་ཁྲོད་དུ་ལང་མ་འགྱེལ་གྱིས་སྨན་པ་རྡོ་བཀྲའི་དུད་ཚང་ཕྱོགས་སུ་སོང་། ཁོའི་གོས་ལུས་ཡོངས་རྫོགས་འདམ་དང་ཆར་པས་བརླན་ནས་ཧོབ་ཀྱིས་བལྟས་ན་ངོ་ཡང་ཤེས་མི་ཐུབ་པར་གྱུར་འདུག
“ཁྲོག་….. ཁྲོག་…..” ཅེས་སྒོ་ཤུགས་ཆེན་པོས་བརྡུངས། ཨ་ཁུ་དགྲ་འདུལ་གྱིས་“སྒོ་ཕྱེས་དང་། སྨན་པ་རྡོ་བཀྲ་ལགས། མགྱོགས་པོ་གྱིས་དང་།” ཞེས་ངལ་ཤུགས་རིང་མོ་དང་བསྡོངས་ཏེ་རྒྱབ་ནས་གཡག་སྨྱོན་ཞིག་གིས་དེད་ཡོང་བ་ལྟར་བྲེལ་འཚུབ་འཚུབ་ངང་གཅིག་རྗེས་གཉིས་མཐུད་ཀྱིས་བོས། ནང་ནས་བུ་མོ་ཆུང་ཆུང་ཞིག་གིས་“ཝེ། ཁྱེད་སུ་ཡིན། པ་ལགས་མི་འདུག” ཅེས་མེ་ལས་ཚ་ཞིང་ཁབ་ལས་རྣོ་བའི་སྐད་ཆ་དེ་ཁོ་ཡི་སྙིང་ཁར་བསྣུན་དུས་ངུ་འབོད་ཀྱི་རླབས་ཕྲེང་དེ་མིད་མ་ཐུབ་པར་རང་དབང་མེད་པར་ངག་ནས་“ལྷ་བླ་མས་ཐུགས་རྗེ་གཟིགས་ཡོང་། ཁྱེད་སུ་ཡོད་ནའང་ངེད་ཚང་ལ་སྐྱོབ་རོགས་གྱིས་དང་།”ཞེས་སྐད་ཤུགས་ཆེན་པོས་སྨྲས། དེ་མུར་ཁྱིམ་མཚེས་བུད་མེད་འགས་མགོ་བོར་ཆར་ཤོག་བཀབ་སྟེ་ཧང་སངས་མདོག་གིས་སྒོ་ཕྱིར་ཐོན། དེའི་གསེབ་ནས་ལྗིད་ཅིང་སྦོམ་པའི་ངག་གིས་“ཝེ། སུ་ཡིན། ཡང་སྙིང་ཅི་བྱས་སོང་།” ཞེས་དེ་ནི་སྨན་པ་རྡོ་བཀྲའི་སྐད་ཡིན་པ་གོ་བ་ཙམ་གྱིས་ཤེས། ཁོང་ཁྱིམ་མཚེས་གཅིག་གི་སྒོ་ཁར་མགོ་བོར་ལག་པའི་སྦར་མོ་བཀབ་ནས་ལངས་ཏེ་འདུག ཨ་ཁུ་དགྲ་འདུལ་བྲེལ་འཚུབ་ཀྱིས་སྐད་ཆ་ཡང་ཤོད་ཁོམ་མེད་པར། “སྐུ་མཁྱེན། རྡོ་བཀྲ། མགྱོགས་པར་ཕེབས་དང་། བསམ་ཆོས་ཤི་ལ་ཁད་འདུག” ཅེས་སྐད་ཆ་དེ་འབྲུག་སྒྲ་དང་བསྡེབས་ནས་སྨན་པའི་རྣ་བར་ལྷུང་། སྐད་ཆ་དེས་སྨན་པ་རྡོ་བཀྲའི་ལྷིང་འཇགས་རབ་ཏུ་བཅོམ་ནས་སྙིང་རྩ་འཕར་ལྡིང་བྱེད་འགོ་ཚུགས། “ད་ཁྱེད་རྒྱུགས་ཤིག མགྱོགས་པོ་རྒྱུགས། ང་སྨན་ཁྱེར་ནས་སླེབས་ཡོང་།” ཞེས་སྨྲས་ཏེ་ཚབ་ཚུབ་ངང་ནང་ལ་ཕྱིན། གཡས་གཡོན་གྱི་བུད་མེད་འགས་“ང་ཚོ་ལྟ་རུ་ཕྱིན་ན་ཅི་ཡང་ཕན་ཐོགས་སྲིད།”ཅེས་དང་། ལ་ལས་“མི་མང་ན་རོ་མང་རོགས་རེད། གང་ལྟར་སྨན་པ་རྡོ་བཀྲ་གཤར་སོང་བས་ཅི་ཡིན་ནའང་དྲག་གི་རེད།” ཅེས་འུར་འུར་ངང་ཕྱི་རོལ་གྱི་ཆར་པའི་སྒྲ་དང་འགྲན་བཞིན་འདུག ཧ་ལམ་སྐར་མ་བཅུ་ཙམ་གྱི་རྗེས་སྨན་པ་རྡོ་བཀྲས་རང་གི་སྨན་སྒམ་ཁྱེར་ནས་ཨ་ཁུ་དགྲ་འདུལ་ཚང་དུ་འབྱོར། ཁོང་གིས་མགྱོགས་པོར་ཆུ་ཁོལ་ནང་དུ་སྨན་རིལ་བུ་འགའ་སྦངས་ནས་ཁོང་མོར་བླུད། མར་ཞུན་གྱིས་མགོ་གཙུག་ལ་རླུང་གསང་བསྡམས། དེ་ལྟར་ལན་འགའ་བྱས་པས་ཅུང་མ་འགོར་བར་ཁོང་མོ་མིག་ཟུང་འབྱེད་ཐུབ་ཙམ་བྱུང་། བསྐྱར་དུ་ཨ་ནེ་བསམ་ཆོས་ཟུག་གཟེར་གྱི་ངུ་ངག་དང་ལྷན་དུ་ཤུགས་དྲག་ཆེན་པོས་བཙིར་བས། མཐར་ཕྲུ་གུ་དངོས་སུ་བཙའ་ཐུབ་པ་བྱུང་། ཁོང་ཚང་ལ་ཡང་བསྐྱར་བུ་ཞིག་སྐྱེས་འདུག་པས་ཨ་ཁུ་དགྲ་འདུལ་གྱི་སེམས་ཁོང་ན་འཛུམ་གྱི་མེ་ཏོག་གྲོལ་ཡང་ཕྱི་རུ་བཞད་མ་ཐུབ། རྨོ་མོ་ཆོས་འཛོམས་ནི་བཛྲ་གུ་རུ་བགྲང་གིན་ཐབ་ཏུ་བསང་དུད་བཏང་། ཨ་ཁུ་དགྲ་འདུལ་སྨན་པ་རྡོ་བཀྲ་ལ་ཇ་འདྲེན་བཞིན་“ད་དེ་རིང་ལྷ་བླ་མ་དཀོན་མཆོག་གིས་བསྐྱབས་སོང་། གཞན་མིན་ན་”ཞེས་སྐད་ཆ་མཇུག་འཁྱོལ་མ་འཁྱོལ་བའི་ཚེ། སྨན་པ་རྡོ་བཀྲས་འཛུམ་དང་བཅས་ཏེ་“བླ་མ་དཀོན་མཆོག་གིས་ཨེ་ཡིན་ན།”ཞེས་ཅུང་ཟད་བགད་དེ་ཇ་འཐུང་། དེ་ནས་ཉིན་འགའི་རྗེས་བླ་མ་ཀློང་གྲོལ་གདན་དྲངས་ཏེ་བུའི་མིང་ལ་བསྟན་འཛིན་དར་རྒྱས་ཞེས་བཏགས། ཡིན་ནའང་རྗེས་སུ་ཕ་མས་ཁོ་ལ་བསྟན་དར་ཞེས་གཅེས་མིང་དུ་འབོད།


གསུམ་པ།


དཔྱིད་ཀའི་མེ་ཏོག་གི་དྲི་བཞོན་དང་། དགུན་ཁའི་ཁ་བའི་འདབ་མའི་གསེབ་ནས་ནར་སོན། ཨ་མའི་ནུ་འོ་དང་ཨ་ཕའི་པང་སྟེང་ནས་ལང་ཚོ་རྒྱས། ལོ་ཆེ་ན་འགན་ཆེ་ཞེས་པ་ལྟར། བསྟན་དར་རིམ་གྱིས་ལང་ཚོའི་ཁོ་ལག་རྒྱས་པ་དང་ལྷན་དུ་ནང་གི་ལས་འགན་ཡང་ཕྲག་པའི་སྟེང་དུ་ལྗིད་ཏིག་གེར་བབས། ཨ་ཁུ་དགྲ་འདུལ་ཚང་ལ་བུ་ཟེར་ནའང་འདྲ། བུ་མོ་ཟེར་ནའང་ཆོག གང་ལྟར་བསྟན་དར་གཅིག་རང་ཡིན་པས། ཁོང་ནི་གཅེས་ཕྲུག་དང་ལས་རོགས་གཉིས་ལྡན་དུ་གྱུར། བསྟན་དར་རྟག་ཏུ་སུས་ཀྱང་སྐུལ་མི་དགོས་པར་ཞོགས་པ་སྔ་པོར་ལངས་ནས་ནང་གི་ཡོན་ཆབ་ཀྱི་ཆུ་ལེན་རོགས་དང་། གད་རྒྱག་རོགས། མེ་སྤར་བ་སོགས་མདོར་ན་ནང་གི་ལས་ཀ་ཙག་ཙིག་ཡོངས་རྫོགས་སྒྲུབ་ཐུབ་པས། ཨ་མ་བསམ་ཆོས་ཅུང་ལྷོད་ཡངས་སུ་གྱུར། རྨོ་མོ་ཆོས་འཛོམས་སྐབས་རེ་མིག་ཆུ་ཕྲུམ་ཕྲུམ་གྱིས་“ཡ་གཅེས་ཕྲུག་སྣབས་འཛར་ཚུར་ཤོག་དང་། ད་རྨོ་མོ་ལོ་ཆེན་པོ་ཆགས་ནས་ཤི་རན་རེད། ཡིན་ནའང་ང་ལ་ཚ་བོ་ཁྱེད་འདྲ་པོ་ཞིག་ཡོད་པས་རྨོ་མོ་འགྱོད་རྒྱུ་ཅི་ཡང་མི་འདུག ཁྱོད་ཀྱིས་ཕ་མར་ཞབས་ཏོག་ཡག་པོ་ཞུ་ཁོ་ཐག་རེད།” ཅེས་བསྟན་དར་གྱི་མགོ་བོར་བྱིལ་བྱིལ་འགའ་བཏང་རྗེས། མུ་མཐུད་ནས་བཤད་རྒྱུར། “ཕ་ཤུལ་བུ་ཡིས་འཛིན། །མདའ་ཤུལ་སྒྲོ་ཡིས་འཛིན། །ཅེས་པའི་གཏམ་དཔེ་ཞིག་ཡོད་རེད། ཁྱོད་ཀྱིས་འུ་ཚོའི་གྲོང་པ་དེ་སྟེང་ནམ་མཁའ་ལ་མ་བསྐྱལ་ནའང་། དམའ་རྒྱ་མཚོ་ལ་མ་གཡུག་ཨ།” ཞེས་སྨྲས་མཚམས་སུ། བསྟན་དར་མགོ་བོ་གུར་གུར་འགའ་བྱས་ཏེ། “རྨོ་མོ་ཁྱོད་ཀྱིས་རྟག་ཏུ་ཅི་ཞིག་བགྲང་གིན་ཡོད། དེ་ང་ལའང་སློབས་དང་།” ཞེས་སྨྲས། རྨོ་མོ་ཆོས་འཛོམས་ཀྱང་དགའ་སྤྲོ་ཆེན་པོའི་ངང་རང་ཉིད་ཀྱི་གཟུངས་སྔགས་ཤེས་ཚད་རེ་རེ་བཞིན་གསལ་མི་གསལ་གྱིས་བཏོན་ནས། ཁོ་ལ་རྗེས་ཟློས་བྱེད་དུ་བཅུག མཐར་བསྟན་དར་ཉོབ་ནས་རྨོ་མོའི་པང་དུ་གཉིད། ཉིན་ཞིག་གི་ཞོགས་པར། ཨ་ཁུ་དགྲ་འདུལ་ནད་གཞི་ལྕི་མོ་ཞིག་གིས་མནར་ནས་མལ་སར་ལྷུང་། སྨན་པ་རྡོ་བཀྲས་བཤད་དོན་ལ། ནད་གཞི་འདི་གཙོ་བོ་ཨ་ཁུ་དགྲ་འདུལ་རང་ཉིད་གཟུགས་གཞི་སྐྱོ་བས་ཡིན་པ་དང་། ཉིན་མང་རིང་ངལ་གསོ་ལེགས་པོ་ཞིག་དགོས་རབས་བཤད། ཨ་ཁུ་དགྲ་འདུལ་མལ་ནས་འགུལ་ཐུབ་མི་ཐུབ་ཀྱིས་“བསྟན་དར་འདིར་ཤོག་དང་།”ཞེས་བསྟན་དར་གྱི་མགོ་བོར་བྱིལ་བྱིལ་བྱས་ཏེ་བཤད་རྒྱུར། “ཨ་ཕར་ལྟོས་དང་། ཁྱོད་ཆེན་པོ་ཆགས་ཟིན་པ་རེད། ཕོ་སྟག་དང་ཐུག་ནའང་ལས་སླ་པོར་ཤོར་མཁན་ཞིག་མིན། ཨ་ཕ་ནི་དང་པོ་ནས་སྐམ་ཞིང་རིད་པ་ཞིག་རེད། ད་དུང་སྨན་པས་ལས་ཀ་ལས་ན་ནད་གཞི་ཇེ་སྡུག་ཏུ་འགྲོ་ཡི་རེད་ཟེར། དེ་བས་དེ་རིང་ནས་བཟུང་བུ་ཁྱོད་ཀྱིས་ཕ་ཚབ་བྱས་ཏེ་ནང་གི་ལས་ཀ་ཡོད་དོ་ཅོག་མགོ་ཐོན་པ་བྱོས་ཨ།” ཞེས་རེ་བ་ལྷ་ལ་བཏོན་པ་ལྟར་སྐད་ཤུགས་དལ་པོས་སྨྲས། སྐད་ཆ་དེ་ནི་བསྟན་དར་ལ་མཚོན་ན་རྐང་པ་གཅིག་ལ་ཚེར་མ་བརྒྱ་ཞེས་པའི་དཔེ་ལྟར་གྱུར། འོན་ཀྱང་། སྔར་རང་ཉིད་སྐྱེ་དུས་ཨ་མས་མྱངས་པའི་སྡུག་བསྔལ་དང་ད་ལྟ་གཉེར་མའི་པ་ཏྲ་འཁྱིལ་བའི་ཉམ་ཐག་ཆོད་པའི་ཨ་ཕའི་ངོ་རིས་མཐོང་དུས། ཁོས་མིན་ཞེས་ལབ་མ་ཐུབ་པར་དེའི་ཚབ་ཏུ། “ང་གཅིག་པུས་ལས་ཨེ་ཐུབ་ན་”ཞེས་སྨྲས་པར། དེ་མུར་ཨ་ཕས་“ལས་འགོ་བཙུགས་སྔ་ན། མཇུག་འཁྱོལ་སྔ་ཟེར་བ་རེད། དེ་ཡིན་དུས་བུ་ཁྱོད་ཀྱིས་ད་ལྟ་ནས་འགོ་ཚུགས་ཤོག་དང་། ལོ་ཤས་རྗེས་ཐོགས་པ་མེད་པ་ཆགས་ཀྱི་རེད།” ཅེས་ཨ་ཕས་བཤད་པའི་སྐད་ཆ་དེར་བསྟན་དར་གྱིས་ཇི་ལྟར་ལན་འདེབས་དགོས་པ་ཡང་མ་ཤེས་པར་ངང་གིས་ཁས་ལེན་བྱས། དེ་ནས་བཟུང་སྟེ་ཁོས་ནང་གི་ཕ་ཚབ་བྱས་ཏེ། ཞོགས་པ་བྱ་ཕོ་སྐད་མ་བརྒྱབས་སྔོན་ནས་མཆོད་པ་གཤོམ་པ་དང་། ཨ་མའི་ལས་རོགས་ཇ་སྐོལ་བ་བཅས་ནང་གི་ལས་ཀ་ཙག་ཙིག་རྣམས་སྒྲུབ་རོགས་བྱེད།
ཞོགས་པའི་ཉི་གཞོན་གྱི་སེར་མདངས་ཤར་རིའི་ཉག་ཁ་ནས་འཆར་བ་དང་རྒྱབ་ཏུ་སླེལ་པོ་ཁྱེར་ནས་རྫི་བོར་ཆས། ས་སྲོད་ཙམ་ལ་རྒྱབ་ཏུ་ཤིང་ཁུར་ཐེག་ཚད་ཅིག་ཁྱེར་ནས་ནོར་ཟོག་རྣམས་དེད་དེ་ནང་དུ་ལོག ངོ་མ་བསྟན་དར་སྐར་མ་ལྔ་ཙམ་ཡང་འདུག་ལོང་མེད་པར་འབད་འབད་དུང་དུང་གིས་ནང་གི་འཚོ་བའི་ཆེད་དུ་ཚོང་རྒྱག་པ་དང་ཞིང་ཁ་ཡང་རྨོ་དགོས། ཁོའི་ངལ་བ་ལྷོད་མེད་ཀྱི་འབད་པ་དག་ལ་ཕ་མ་གཉིས་པོ་བློ་ཡིད་ཚིམ་ལ་གྲོང་པ་ཁྱིམ་མཚེས་ཀུན་ཀྱིས་ཀྱང་བསྟོད་བསྔགས་བྱེད་ཡུལ་དུ་གྱུར། ཁྱིམ་མཚེས་འགས་རང་གི་ཕྲུ་གུ་སློབ་གྲྭ་ནས་བསློགས་ཏེ་ནང་གི་ལས་རོགས་ལ་བཞག་ན་ཕན་ཐོགས་ལྷག་ཏུ་ཆེ་བ་ཡོད་པར་ཤོད་མཁན་ཡང་གཅིག་གཉིས་ཙམ་ག་ལ་ཡིན། ཡིན་ཡང་འཇིག་རྟེན་གྱི་གཏམ་དཔེ་ལ། སྐྱེས་ཕོ་རབ་གཅིག་ལ་བསམ་པ་ཞིག །རྟ་བྱང་མ་གཅིག་ལ་རྒྱུག་ལུགས་ཤིག །ཅེས་པ་ལྟར་ཁོ་ཡི་སེམས་སུ་དམིགས་ཡུལ་གཅིག་རང་ཡོད་པ་ནི་གྲོང་པ་གཞན་གྱི་ཕྲུ་གུ་དག་དང་འདྲ་བར་སློབ་གྲྭར་འགྲོ་འདོད་པ་དེ་རེད།

བཞི་པ།


དེ་རིང་ཡང་རྒྱུན་ལྡན་ལྟར་བསྟན་དར་རྫི་བོར་འགྲོ་ལམ་དུ། རང་དང་ན་ཚོད་མཐུན་པའི་«དཔལ་ལྡན་སློབ་གྲྭའི་»སློབ་ཕྲུག་འགའ་རྒྱབ་ལ་དཔེ་ཁུག་ཁྱེར་ཞིང་སྒྲིག་ཆས་གཅིག་གི་འོག་ལ་འགྲོ་བ་མཐོང་དུས། རང་གི་སྣམ་བུའི་གོས་ལྭ་དང་རྒྱབ་ཀྱི་སླེལ་པོ་ལ་སྡིགས་སྨོད་ཚ་པོ་ཞིག་གཏོང་དགོས་བསམས་ན་ཡང་། ཁོག་ནས་མེ་འབར་ཡང་ཁ་ནས་དུ་བ་མི་ཐོན་ཅེས་པའི་གཏམ་དཔེ་ལྟར་གང་དུའང་ཤོད་ས་མེད་པར་མུ་མཐུད་ནས་སོང་། མ་ཟད་དགོང་གར་ཆུ་ལུང་གི་མཐའ་ལ་ཤོག་བུའི་ཆུ་གྲུ་དང་། ཤོག་འཁོར་སོགས་ལ་སྣང་བ་རྩེན་པའི་མི་བུ་དག་མཐོང་དུས་ཁོ་རང་ཡིད་སེམས་རབ་ཏུ་སྐྱོ། བསྟན་དར་སློབ་གྲྭར་འགྲོ་འདོད་ཆེ་བས་དགོང་མོ་ནང་དུ་དུས་ཚོད་སྟོང་པ་ནམ་བྱུང་ནའང་ཕ་མས་མི་མཐོང་ས་ཞིག་ནས་ལྐོག་ལྐོག་སུད་སུད་ཀྱིས་གྲོགས་མོ་ལྷ་མོའི་གམ་དུ་ཡི་གེ་སྦྱོང་དུ་འགྲོ། དེའང་ཕ་མས་ལས་ཀ་ནམ་ཡོད་ལ་སྐད་བཏང་ན། སློབ་སྦྱོང་བྱེད་མཚམས་བཞག་ནས་དེ་མུར་ལས་ཀར་འགྲོ་བ་ལས་རང་དབང་གང་ཡང་མེད།
ཉིན་ཞིག་བསྟན་དར་གྱིས། “ལྷ་མོ་ང་ཡང་སློབ་གྲྭར་འགྲོ་འདོད་འདུག འོན་ཀྱང་ཨ་ཕས་ཅི་འདྲ་ཟེར་རམ་”ཞེས་སོམ་ཉིའི་ངང་དུ་དྲིས། ལྷ་མོས་དབུགས་རིང་ཞིག་འཐེན་ཏེ། “ཁྱོད་ཀྱི་ཨ་ཕས་ཅི་འདྲ་ཟེར་རམ་ངས་མི་ཤེས། མ་གཞི་ང་ཚོའི་ཕ་མ་ཚོའི་བསམ་བློའི་ནང་དུ་ལས་ཟེར་ན། རྔུལ་ཆུ་བཏོན་ནས་ས་ལས་རྡོ་ལས་བྱེད་པ་མ་གཏོགས་དེ་ལས་གཞན་པའི་འཚོ་བ་ཞིག་དང་ལས་ཀ་འདྲ་ཡོད་པ་ཁོང་ཚོའི་སྣང་བ་ལ་གཏན་ནས་མེད་པ་རེད།” ཅེས་ཤོད་མཚམས་བཞག་སྟེ། མུ་མཐུད་ནས་བཤད་དོན། “ཉིན་འགའི་སྔོན་ལ་ཨ་ཁུ་དར་རྒྱས་ཀྱི་ལག་ཏུ་ཁ་བཏགས་ཤིག་ཁྱེར་ནས་ངེད་ཚང་དུ་སླེབས་སོང་། དེ་མུར་ཨ་ཕས་ང་སྒོའི་ཕྱི་ལ་བཏང་བྱུང་། ཕལ་ཆེར་བལྟས་ཚོད་ལ་མནའ་མ་བསུ་ཁར་སླེབས་པ་ཡིན་གྱི་རེད། སྟབས་ལེགས་པ་ཞིག་ལ་དེ་དུས་རྒན་བསམ་གྲུབ་ཀྱང་ནང་དུ་ཡོད་པས་ཨ་ཕ་ཁོང་གཉིས་ཞེ་དྲག་འཐབས་སོང་། གང་ལྟར་རྒན་ལགས་ཕེབས་དུས་མིག་མཐར་མཆི་མ་ལྷོག་ལྷོག་གིས་ངའི་མགོ་བོར་བྱིལ་བྱིལ་འགའ་བཏང་ནས། ལྷ་མོ་ཁྱོད་སློབ་སྦྱོང་ཡག་པོ་སྦྱོངས་ཨ། ཁྱོད་ད་ལྟ་ལོ་ཆུང་ཆུང་རེད། རྗེས་སུ་ཆེན་པོ་ཆགས་དུས་འུ་ཚོའི་གྲོང་ཚོ་ཆུང་ཆུང་དེའི་སྨན་པ་ཞིག་མ་བྱུང་ནའང་དགེ་རྒན་ཞིག་བྱེད་ཐུབ་པ་བྱོས་ཨ། ཞེས་སྨྲས་ནས་བུད་སོང་།” ཞེས་ཁོང་གཉིས་ནང་ཕན་ཚུན་སྙིང་གཏམ་མང་པོ་ཞིག་ཤོད་རེེས་བརྩེས། ལྷ་མོས་བཤད་པའི་སྐད་ཆ་འགས་ཁོ་རང་སློབ་གྲྭར་འགྲོ་བའི་འདུན་པ་འགོག་ཏུ་མེད་པ་བཟོས། མ་ཟད་འཇིག་རྟེན་གྱི་གསང་བ་མང་པོ་ཞིག་ཀྱང་སློབ་གྲྭ་དང་སློབ་དེབ་གཉིས་ཀྱི་གསེབ་ཏུ་ཡོད་པའང་ར་འཕྲོད་བྱུང་། དེའི་དགོང་མོར་བསྟན་དར་གྱིས་སེམས་ཐག་བཅད་དེ་ཡག་སྡུག་ཅི་འདྲ་བྱུང་ཡང་སློབ་གྲྭར་འགྲོ་འདོད་པའི་སྐད་ཆ་དེ་ནང་གི་ཕ་མ་གཉིས་ལ་ཞུ་ཁོ་ཐག་ཡིིན་སྙམ་ནས་ནང་དུ་ལོག ཁོ་རང་མཚན་མོ་ཨ་ཕའི་མལ་ཁྲིའི་གམ་དུ་བཅར་ནས་ཞེད་སྣང་གིས་སྐད་ཆ་གང་ནས་འགོ་འཛུགས་དགོས་པ་ཡང་མ་ཤེས་པར་ལྷག དུས་ཚོད་ཉུང་ངུ་འགོར་རྗེས། ཅི་ལབ་འདི་ལབ་མེད་པར། “ཨ་ཕ་ཁྱེད་ཀྱི་ནད་གཞི་དེ་དྲག་ཨེ་འདུག” ཅེས་ངག་ནས་ཐལ། ཁོས་གུས་གུས་ཞུམ་ཞུམ་གྱིས་མུ་མཐུད་ནས་“ཨ་ཕ་ལགས། ངས་གཏན་དུ་ཕ་མ་ཁྱེད་གཉིས་ཀྱི་ཞབས་ཏོག་གང་ཐུབ་ཅི་ནུས་ཀྱིས་ཞུ་ཁོ་ཐག་ཡིན། དེ་དང་ལྷན་དུ་ང་སློབ་གྲྭར་ཕྱིན་ནས་སློབ་སྦྱོང་ཞིག་ཀྱང་སྦྱོང་འདོད་ཡོད། དེ་ལ་ཕ་མ་ཁྱེད་གཉིས་ཀྱིས་མིན་ཞེས་མ་གསུང་རོགས། སྐུ་མཁྱེན།” ཞེས་རེ་བ་ཞུས། སྐད་ཆ་དེས་ཨ་ཁུ་དགྲ་འདུལ་གྱི་བྲང་ལ་ཁབ་གཙགས་པ་ལྟར་ཟུག་གཟེར་བསླངས། ཨ་ཁུ་དགྲ་འདུལ་གྱིས་“བསྟན་དར་ཁྱོད་བསམ་མནོ་མི་བསམ་དགུ་བསམ་བཏང་ནས་མ་སྡོད། བྱ་ཕོ་གདང་ལ་འཛེག་པའི་སྤྱན་མིག་ཡར་ལྟ་མ་གཏོགས། ཞི་མི་སྐས་ལས་འབབ་པའི་མིག་དཔེ་ལྟར་ལྟ་མི་དགོས། འུ་ཚོའི་གྲོང་ལ་ད་བར་སློབ་གྲྭ་ཐོན་ཡིན་ཟེར་ནས་སྐད་ཉམས་ཆོད་མཁན་ཞིག་དང་། འཚོ་བ་འཁྱོལ་མཁན་ཞིག་སུ་འདུག ཡོད་ཚད་ནོར་ཞིང་ལ་བརྟེན་ནས་འཚོ་ཡི་ཡོད་རེད། ངོ་མ་ཁྱོད་འཇོན་འདོད་ན་དེ་ལ་འཇོན་དང་། རྒྱུ་དཔལ་འབྱོར་དང་གཏམ་སྙན་གྲགས་ཚང་མ་དེ་ན་ཡོད་རེད། མེས་པོའི་ཤུལ་བཞག་ཀྱང་དེ་རེད། སློབ་སྦྱོང་གིས་ཅི་བྱེད།” ཅེས་སྐད་ཤུགས་ཆེན་པོས་དེ་ལྟར་བཤད། བུ་བསྟན་དར་མིག་ཆུ་ཕྲུམ་ཕྲུམ་གྱིས་ལག་གཉིས་ཐལ་མོ་སྦྱར་ཏེ། “ངས་སློབ་སྦྱོང་བྱས་ཏེ། ཕ་མ་ཁྱེད་གཉིས་ཀྱི་རེ་བ་གང་ཡོད་ཀྱང་སྐོང་ཆོག” མཁུར་ཚོས་མིག་ཆུས་བརླན་ཏེ་སྐད་ཤུགས་ཆུང་ངུས་ངུས། དེ་མུར་རྒྱབ་ནས་ཨ་ནེ་བསམ་ཆོས་ཀྱིས་“དགྲ་འདུལ། བསྟན་དར་ཁོ་ད་ལྟ་སློབ་གྲྭ་འགྲོ་འདོད་ན་བཏང་བཞག་ནའང་མི་འགྲིག་པ་ཅི་འདུག ལོ་འགའི་རྗེས་ཚུར་ལེན་ཆོག་གི་རེད།” ཅེས་ངག་དལ་པོས་སྨྲས། ཨ་ཁུ་དགྲ་འདུལ་གྱིས་དབུགས་རིང་ཞིག་འཐེན་ཏེ། “ད་ཁྱོད་ཀྱིས་གང་ལྟར་ཕར་སླེལ་པོ་མེད་ལ། ཚུར་ལྕི་བ་ཡང་མེད་པ་ཞིག་མ་བྱེད་རོགས།” ཞེས་སྐད་ཆ་དེ་ཙམ་གྱིས་མཚམས་བཅད། དེ་ནས་ཁོང་མ་བུ་གསུམ་པོ་སྐད་ཆ་གང་ཡང་མེད་པར་རང་སོར་གཉིད་དུ་སོང་། བསྟན་དར་གྱི་སེམས་སུ་དགའ་བའི་མེ་འབར། ད་ལམ་ཨ་ཕས་བཤད་པའི་སྐད་ཆ་དེ་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར་རྣ་བར་སྙན་ཞིང་ཡིད་ལ་འཇེབས། མཚན་མོ་དེར་ཁོ་རང་བསམ་མནོ་དྲུག་གསུམ་བཅོ་བརྒྱད་འཁོར་ཏེ་མཚན་གང་གཉིད་ཀྱང་མེད་པར་ལྷག


ལྔ་པ།


དེ་རིང་གནམ་གཤིས་དྲོ་གྲང་སྙོམས་ལ་ལྗོན་ལོ་དག་ཀྱང་གཉིད་དུ་ཡུར་བ་ལྟར་འཇམ་ཅག་གེར་སྣང་། བསྟན་དར་སློབ་གྲོགས་འགའ་དང་ལྷན་དུ་རྒྱབ་ལ་དཔེ་ཁུག་ཁྱེར་ཞིང་སློབ་གྲྭར་ཆས་འགོ་བཙུགས། སྐུ་ཤ་རིད་ལ་སྤྱན་ཤེལ་མཐུག་པོ་བསྣམས་པའི་རྒན་ཞིག་འཛིན་གྲྭར་ཕེབས། དེ་མུར་སློབ་ཕྲུག་ཚང་མས་ཡར་ལངས་ཏེ་འཚམས་འདྲི་ཞུས། དེ་ནི་བོད་དགེ་རབ་དགའ་རེད། རྒན་རབ་དགས་“འོ་ཡ། སྔ་དྲོ་བདེ་ལེགས། མར་སྡོད།” ཅེས་ངག་འཇམ་པོས་སྨྲས། རྒན་རབ་དགའི་བག་ཕེབས་པའི་རྣམ་འགྱུར་དེ་མཐོང་དུས་བསྟན་དར་ཅུང་བློ་སྤོབས་ཆེ་རུ་ཕྱིན། ཁོང་གིས་སློབ་ཕྲུག་ཚང་མས་ནང་ལས་བྲིས་ཚར་ཡོད་མེད་རྟོག་ཞིབ་གནང་བས་མཐར་ནག་པང་གི་སྟེང་དུ་ས་པཎ་གྱི་གསུང་སྟེ། རིག་པ་ནངས་པར་འཆིི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་འདྲ། །ཞེས་ཤོ་ལོ་ཀ་དེ་བྲིས་ནས་དེར་རང་ཉིད་ཀྱིས་འགྲེལ་བཤད་བསྐྱོན་པ་མ་ཟད་ཚང་མར་ངག་ཐོག་ཏུའང་འཛིན་ཏུ་བཅུག རྒན་རབ་དགའི་སློབ་སྟོན་བྱེད་སྟངས་ལ་བརྟགས་ན་ཁོང་ནི་མི་རིགས་དང་རྒྱལ་ཁབ་ལ་ཤ་ཞེན་ཆེ་བའི་མི་ཞིག་ཡིན་པ་མ་ཟད། སྡེ་པ་དེའི་སློབ་ཕྲུག་རྣམས་ནི་ཁོང་གི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན་པའང་ངང་གིས་རྟོགས་ནུས། ཚིག་དེ་བསྟན་དར་གྱི་སེམས་སུ་ནམ་ཡང་སུབ་ཐབས་བྲལ་བའི་གདམས་ངག་ཅིག་ཏུ་ཐིམ་ལ་རྒན་རབ་དགའ་ཡང་ཁོང་གི་སེམས་སུ་སྔར་ལས་ཉེ་བའི་མི་ཞིག་ཏུ་གྱུར། བར་སེང་ནམ་ཡིན་ལ་ལྷ་མོས་བསྟན་དར་ཁྲིད་ནས་མཛུབ་ཁྲིད་ཀྱིས་ཡི་གེ་སློབ་པའམ། སྐབས་རེར་རྟོག་སྒྲུང་བཤད་དེ་དུས་འདའ་བར་བྱེད།
ཉིན་ཞིག་སློབ་ཕྲུག་མང་ཆེ་བས་ནང་ལས་བྲིས་མེད་པས་རྒན་རབ་དགའ་ཅུང་ཁྲོས་ནས་ཚང་མ་སློབ་གྲྭའི་མདུན་གྱི་རི་ལྡེབས་ལ་བོས། ཉེས་པ་འགེལ་ཆེད་ཚང་མའི་ལག་ཏུ་རྡོ་ལེབ་རེ་བཞག་ནས་རི་མགོར་འཛེག་ཏུ་བཅུག ཇི་ཙམ་དཀའ་ལས་ཁག་ཏུ་སོང་བར་དེ་ཙམ་གྱིས་རྡོ་རེ་བསྣན་པས་མཐར་ཕྲུ་གུ་རེའི་ལག་ཏུ་རྡོ་ལེབ་བཞི་ཙམ་འཁྱེར་དགོས་ཐུག དེ་ལྟར་བྱས་པས་ཚང་མ་ཐང་ཆད་ནས་ལམ་ཕྱེད་དུ་མ་སླེབས་སྔོན་ནས་འགྲོ་མཚམས་མི་འཇོག་ཀ་མེད་དུ་གྱུར། རྒན་རབ་དགའ་ཡང་ཕྲུ་གུ་ཚོ་མཐོང་འཕྲལ་ཅུང་ཟད་སྙིང་རྗེ་ནས་ལྷན་དུ་སློབ་གྲྭར་ལོག རྒན་རབ་དགས་“སློབ་ཕྲུག་ཚོ་དཀའ་ཨེ་སོང་།”ཞེས་དྲིས། སློབ་ཕྲུག་ཚོ་ཡང་གཅིག་མགྱོགས་གཉིས་མགྱོགས་ཀྱིས། “རྒན་ལགས། ངོ་མ་དཀའ་སོང་ལགས།” རྒན་རབ་དགས།“འོ་དེ་རེད། ཁྱེད་ཚོ་ཉི་མ་དེ་རིང་གི་ནང་ལས་དེ་ཉི་མ་སང་ཉིན་ལ་འབྲི་དགོས་སྙམ་ནས་ཕྱིར་འགྱངས་བྱས་ན། སང་ཉིན་ནི་སྦྱང་བྱ་དེ་ལས་མང་དུ་འགྲོ་ཡི་རེད་ལ། གནངས་ཉིན་དེ་བས་མང་དུ་འགྲོ་ངེས་རེད། མདོར་ན། སྦྱང་བྱ་མང་དུ་འགྲོ་ཡི་རེད་ལ་དུས་ཚོད་ནི་ཉུང་དུ་འགྲོ་ཡི་རེད། བྱས་ཙང་སློབ་སྦྱོང་ཟེར་ན་ཆུ་བོའི་རྒྱུན་ལྟ་བུ་སྦྱང་དགོས་རེད། ཤེས་ཨེ་སོང་།” ཞེས་ལབ་པས། ཕྲུ་གུ་ཚང་མས་མགོ་བོ་གུག་གུག་གིས་“ལགས་སོ།”ཞེས་པའི་ལན་དེས་སྒེའུ་ཁུང་སྟེང་གི་བྱིའུ་ཡང་སྤུར།
ཞོགས་པའི་ཨ་སྔོན་དྭངས་ལ་རྟ་བདུན་དབང་པོ་ཡང་གངས་རིའི་ཉག་ཁ་ནས་འཛུམ་ཤིག་ཤིག་ངང་ནས་འཕྲོས་འོང་། དེ་རིང་ནི་ཏག་ཏག་གཟའ་མཇུག་ཡིན་པས་ལྷ་མོ་ཡང་བསྟན་དར་དང་ལྷན་དུ་རྫི་བོར་ཆས། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དེའི་སྟེང་དུ་རྫི་བོ་ཁོང་གཉིས་ལས་གཞན་སུ་ཡང་མཐོང་རྒྱུ་མེད་ལ། བསིལ་རླུང་དྭངས་མས་ཕྱོགས་ཡོངས་སུ་མེ་ཏོག་གི་དྲི་བསུང་གཏོར། ཁུ་བྱུག་དང་ཆུ་མིག་གི་མགྲིན་གླུ་ནི་ལྷག་ཏུ་སྙན། མེ་ཏོག་གི་སྐྲ་ལོའི་ལན་བུ་དང་ཕུ་མེད་རྣམས་ནི་རླུང་ལ་བསྐུར་བའི་དར་དཀར་ལྟར་ཡོངས་སུ་གཡོ། ཁོང་གཉིས་ཀྱིས་ནོར་ཕྱུགས་རྣམས་རི་ལ་བརྒྱབས་ནས་རྩྭ་ཐང་གི་ཕྱོགས་གཅིག་ཏུ་བསྡད། བསྟན་དར་གྱིས་ཁོང་མོར་བྱིས་སྒྲུང་དང་མཚར་གཏམ་བཤད་འགོ་བཙུགས། བསྟན་དར་གྱི་མཚར་གཏམ་དེས་ཁོང་མོའི་ཡིད་སེམས་རབ་ཏུ་ཕྲོགས་ནས་སྐབས་རེར་སོ་ཕྲེང་གི་གེ་སར་ཡོད་དོ་ཅོག་སྟོན་ནས་བགད་པ་དང་། ཡང་སྐབས་རེར་མུར་མཛོག་གཞུ་ཁུལ་ཡང་བྱས། ལྷ་མོའི་དཀར་ལ་དམར་མདངས་ཆགས་པའི་ཞལ་རས་དང་དེ་ལ་པིར་གྱིས་བྲིས་འདྲའི་སྨིན་མ་ཟུང་། ད་དུང་བསིལ་རླུང་གིས་དལ་གྱིས་བསྐྱོད་པའི་གནག་སྣུམ་གྱི་སྐྲ་ལོ་མཉེན་མོ་དག ཁོ་ཡི་སེམས་སུ་གཞན་སུ་ལའང་ཤོད་མི་ནུས་པའི་འཇིག་རྟེན་གྱི་གསང་གཏམ་མཛེས་ཤོས་དེ་རེད། བསྟན་དར་གྱིས་ཁོང་མོ་མགུ་ཆེད། ད་དུང་ཁོ་རང་བཟང་རབས་དང་འཇོན་རབས་ཀྱི་སྐད་ཆ་མང་དག་ཅིག་ཀྱང་མཐའ་རྒྱ་བསྐོར་ནས་བཤད།


དྲུག་པ།


«དཔལ་ལྡན་སློབ་གྲྭ་»ནི་དེང་སང་བསྟན་དར་གྱི་སེམས་སུ་རང་ཁྱིམ་ལས་ལྷག་པའི་སེམས་པ་འཁྲེང་སའི་གནས་ཤིག་ཏུ་གྱུར་ལ། རྒན་རབ་དགའི་སློབ་ཁྲིད་དང་ལྷ་མོའི་བཅོས་མིན་གྱི་འཛུམ་ཆུང་དག་ནི་ཁོ་ཡི་ཉིན་མོའི་ཟས་དང་དགོང་མོའི་གཉིད་ལྟར་ནམ་ཡང་ཆད་ན་མི་འདོད་པའི་གཤིས་སུ་གྱུར། ཁོ་དེ་རིང་ཁྱིམ་ནས་ཅུང་སྔ་ཙམ་ཐོན་ཏེ་སློབ་གྲྭར་ཆས། རྒན་རབ་དགའ་སྔ་ས་ནས་སློབ་གྲྭར་འབྱོར་ཏེ། སྦྱར་པང་གི་སྟེང་དུ་“སྦྱང་བ་མི་གཙོ། ཆུབ་པ་གཙོ།”ཞེས་མཚོན་སྣ་ཚོགས་ཀྱིས་སྤྲས་པའི་བརྗོད་ཚིག་གཉིས་པོ་དེ་སྦྱར་འདུག ཅུང་མ་འགོར་བར་སློབ་ཕྲུག་ཚང་མ་འཛོམས་སོང་བས་རྒན་རབ་དགས་སློབ་ཁྲིད་འགོ་བཙུགས། དེ་མུར་སློབ་ཕྲུག་གཅིག་གིས་“རྒན་ལགས། དབྱངས་སྐྱིད་ཀྱི་ཕ་མས་རྒན་ལགས་ལ་འཕྲིན་ཡིག་ཅིག་བསྐུར་འདུག” ཅེས་ཡི་གེ་དེ་རྒན་རབ་དགའ་ལ་ཕུལ། དེའི་ནང་དུ་བརྗོད་དོན་གཙོ་བོ་ནི་“རྒན་ལགས། བུ་མོ་དབྱངས་སྐྱིད་ནི་འདི་ལོར་ལོ་ངོ་བརྒྱད་གཉིས་བཅུ་དྲུག་འཁོར་གྱི་ཡོད་པས་གཞན་ལ་མནའ་མར་བརྫངས་ན་རྫོང་རན་སོང་ལ། རང་གི་ལས་སྣེ་ཁུར་ནའང་འཁུར་རན་སོང་བས། དེའི་ཕྱིར་ངེད་ཕ་མ་གཉིས་ནས་མུ་མཐུད་དེ་སློབ་གྲྭར་གཏོང་ཐུབ་ཀྱི་མེད་པའི་གྲོས་ཐག་ཆོད་ཟིན་པའི་མིང་རྟགས་སུ།” ཞེས་བཀླགས་ཚར་བ་དང་རྒན་རབ་དགས་ཤོག་ལྷེ་དེ་བསྒྲིལ་ནས་རང་གི་ཀློག་དེབ་གསེབ་ཏུ་བཅུག རྒན་རབ་དགའི་སྤྱན་ཟུང་མིག་ཆུས་ཁེངས་ཤིང་དབུགས་ཀྱི་རྒྱུ་བ་ཡང་རྒྱུན་ལྡན་དང་མི་འདྲ་བར་ཤེད་ཀྱིས་འཐེན་ནས་སྐར་མ་ཁ་ཤས་ཀྱི་རིང་ལ་ངག་ནས་གང་ཡང་ཤོད་མི་ཐུབ་པར་ལྷག རྒན་རབ་དགས་ས་སྨྱུག་དེ་རང་ཤུགས་ཡོད་ཚད་ཀྱིས་བསྣུན་ཏེ། ལ་ལར་འཇའ་གུར་ཕུབ་འདུག །ལ་ལར་གསེར་སྒོ་ཕྱེ་འདུག །རྟ་ཐང་སྡེ་པའི་ཚང་ལ། །རྙིང་ཞེན་སྨག་གིས་བསྒྲིབས་འདུག །ན་ཚོད་ལག་ལ་ཡོད་པའི། །མེས་པོའི་གཅེས་ཕྲུག་ལོ་ལོ། །དུང་རུས་རྙིང་པ་ཡོད་ན། །རིག་གནས་རུམ་དུ་ཆོངས་དང་། །ཞེས་ཤོ་ལོ་ཀ་གཉིས་པོ་དེ་བྲིས་ནས་ཁ་ཚུར་འཁོར། ལེགས་པར་བརྟགས་ན་རྒན་རབ་དགས་ཁོང་ཁྲོ་ཡོད་ཚད་ཤོ་ལོ་ཀ་དེ་ལ་བསྟན་ཚར་བའི་ཉམས་སྣང་ཞིག་གསལ་པོར་མངོན། ཁོང་གིས་སླར་ཡང་འཛུམ་མདངས་བསྟན་ཏེ། སྙན་གྲགས་ཅན་གྱི་དབུལ་པོ་ཞེས་པའི་དངོས་བྱུང་གི་སྒྲུང་ཞིག་སློབ་ཕྲུག་ཚོར་བཤད། སློབ་ཕྲུག་ཚོའི་སེམས་ནང་དུ་རྒན་རབ་དགའི་བྱམས་སྐྱོང་དང་སློབ་ཁྲིད་ཞོར་གྱི་སྒྲུང་གཏམ་དག་ནི་ཁབ་ཀྱིས་གཙགས་པའི་རི་མོ་ལྟར་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཏུ་གྱུར།
སྟོན་ཀའི་ལོ་ཏོག་དང་བསྟུན་ནས་བསྟན་དར་དང་ལྷ་མོ་གཉིས་ཀྱི་མཛའ་བརྩེ་ཡང་ཇེ་གསལ་ཇེ་བརྟན་དུ་གྱུར། བསྟན་དར་གྱི་ཁོག་ཏུ་ཟུག་པའི་ལྷ་མོ་ལ་བཅོལ་བའི་མཛའ་བརྩེའི་མེ་ཏོག་དེ་ཉིད་ཇེ་སྨིན་དུ་གྱུར་པ་དང་ལྷན་དུ། ཁོ་ནི་«དཔལ་ལྡན་སློབ་གྲྭའི་»ཤེས་སྤྱོད་གཉིས་ལྡན་གྱི་སློབ་བུ་ཞིག་ཡིན་པའི་མིང་གྲགས་ཀྱང་དགེ་རྒན་ཡོངས་ཀྱི་རྣ་བར་ལྷུང་། བསྟན་དར་ཕྲུ་གུ་སྙོམས་ཆུང་ཞིག་ཡིན་པས་སྐབས་རེར་ནང་གི་ལས་དོན་མང་བའི་རྐྱེན་གྱིས་ནང་སྦྱོང་བྱ་རྒྱུ་མ་བྱུང་ཚེ། རྒན་རབ་དགས་ཁོར་གཤེ་གཤེ་གཏང་རྒྱུའི་ཚབ་ཏུ་“གང་ཡང་ཡོད་མ་རེད། བསྟན་དར་ཁྱོད་ནང་གི་ལས་སྣེ་ཡོངས་རྫོགས་ཀྱི་འགན་འཁུར་དགོས་པ་མ་ཟད། ཁྱེད་ཅག་གི་ཕ་མ་རྣམས་ཀྱང་སློབ་སྦྱོང་ལས་ཞིང་ལས་ཕྱུགས་ལས་ལ་གཙིགས་སུ་འཛིན་པ་ངས་ཤེས། ཡིན་ནའང་ད་དུང་འུ་ཚོའི་གྲོང་ཚོ་ལ་ཁྱོད་དང་ཁྱོད་འདྲ་བའི་མི་བུ་འགའ་ཡོད་པས། ང་ལ་སེམས་ཁྲལ་གང་ཡང་མི་འདུག འོ་རེད། གསར་གཏོད་ཀྱི་སྙིང་སྟོབས་དང་རིག་གནས་ལ་དུངས་ཞེན་ཆེ་བའི་མི་བུ་ཁྱེད་ཚོས་འུ་ཚང་གི་འཚོ་བ་དང་། དཔལ་ཡོན། སློབ་གསོ་བཅས་ཡར་རྒྱས་གཏོང་དགོས། དེས་ན་ཕྱིན་ཟིན་པའི་དུས་དེ་ནམ་ཡང་ལོག་མི་སྲིད་པས་སང་ཉིན་ལ་ངང་སྒུག་ཞེ་དྲག་མ་བྱས་ནས་སློབ་སྦྱོང་བྱོས་ཨ།” ཞེས་རྒན་རབ་དགས་སྤྱན་ཟུང་ཆེས་ཆེར་གདངས་ཏེ། གང་ནན་ནན་གྱིས་བཤད། སྐད་ཆ་དེས་བསྟན་དར་གྱི་སེམས་སུ་ངར་ཤུགས་སྔར་ལས་ཆེ་བ་སྤར་བས་ཁོས་སྐད་ཤུགས་ཆེན་པོས་“ལགས་སོ། །རྒན་ལགས།” ཞེས་ལན་བཏབ།


བདུན་པ།


དབྱར་ཁའི་སྤང་ལ་མི་སྐྱེ་དགུ་སྐྱེ། །འཇིག་རྟེན་མི་ལ་མི་ཡོང་དགུ་ཡོང་། །ཞེས་པའི་དཔེ་ལྟར། ཟླ་ངོ་འགའ་ཤས་རྗེས་བསྟན་དར་གྱི་ཨ་ཕར་སྔར་གྱི་ནད་རྙིང་དེ་སླར་ལོག་ནས། ཁོང་མ་བུ་གཉིས་ཀྱིས་ཐབས་ཤེས་སྣ་དགུ་བཏང་ཡང་ནད་གཞི་དེ་དྲག་ཐབས་དཀའ་བས་བསྟན་དར་ནང་གི་འཚོ་བའི་ཆེད་སྙིང་ལྟར་གཅེས་པའི་སློབ་གྲྭ་དེ་མི་གཡུག་རང་གཡུག་ཏུ་གྱུར། གནད་དོན་དེ་ནི་བསྟན་དར་ལ་མཚོན་ན་ནམ་ཡང་བཟོད་མི་ཐུབ་པའི་ན་ཟུག་ཅིག་ཏུ་མཆིས། འོན་ཀྱང་བསྟན་དར་གྱིས་སྔར་རྒན་རབ་དགས་གསུངས་པའི་རྟ་ཕོ་ལ་རྒྱུག་ཤེད་ཡོད་ན། །བྱང་ཐང་ལ་འཛད་མཐའ་མེད། །ཅེས་པའི་སྐད་ཆ་དེ་ལ་ཡིད་སེམས་གཏད་དེ་ཁོ་རང་སློབ་སྦྱོང་གི་འདུན་པ་ནི་ལུས་དང་གྲིབ་མ་ལྟར་ནམ་ཡང་སེམས་སུ་འབྲལ་མེད་དུ་གནས། བསྟན་དར་གྱིས་སློབ་གྲྭ་གཡུགས་པའི་རྗེས་སུ། རྒན་རབ་དགའི་གམ་དུ་གཅོར་དགོས་བསམས་ཀྱང་ཞེད་སྣང་དང་ངོ་ཚའི་རྐྱེན་པས་ནམ་ཡང་གཅོར་མ་ཐུབ་པར་ལྷག རྒན་རབ་དགའ་ཡང་ཁོ་ལ་ལྟ་རུ་མ་ཕེབས། ཉིན་ཞིག་བསྟན་དར་རྫི་བོར་འགྲོ་དུས་ལམ་ཟུར་ཞིག་ན་རྒན་རབ་དགའ་འགྲོ་བ་མཐོང་། ཁོང་གི་ཕྱག་ན་འབྲི་དེབ་བཅུ་གྲངས་ཤིག་ཁྱེར་ནས་སློབ་གྲྭའི་ཕྱོགས་སུ་ཁ་འཁོར་ནས་འདུག ཁོང་གིས་བསྟན་དར་མཐོང་ཡང་མ་མཐོང་ཁུལ་གྱིས་གོམ་པ་གཅིག་མགྱོགས་གཉིས་མགྱོགས་ཀྱིས་མདུན་སྤོ་བྱས། འོན་ཀྱང་བསྟན་དར་གྱིས་རྒན་རབ་དགའ་མཐོང་བའི་དགའ་སྐྱོ་ཟུང་འབྲེལ་གྱི་མིག་ཆུ་དེ་མིད་མ་ཐུབ་ནས་སྐད་ཤུགས་ཆེན་པོས་“རྒན་ལགས།” ཞེས་བོས་ནས་ཁོང་གི་གམ་དུ་བརྒྱུགས། རྒན་རབ་དགས་དེ་མུར་ཁ་ཚུར་འཁོར་ནས་མིག་ཆུས་བརླན་པའི་བསྟན་དར་གྱི་མཁུར་ཚོས་དང་རྒྱབ་ཀྱི་སླེལ་པོ་རྣམས་མཐོང་དུས། སྙིང་རྗེས་བཟོད་མ་ཐུབ་པར་དབང་མེད་དུ་མིག་ཆུ་ཤོར་ཏེ་བསྟན་དར་ལ་འཐམས། བསྟན་དར་གྱིས་“རྒན་ལགས། དགོངས་པ་མ་འཚོམས།” ཞེས་སྐད་ཤུགས་ཆུང་ངུས་ངུས། སྐད་ཆ་དེས་རྒན་རབ་དགར་ན་ཟུག་སྔར་ལས་ཆེ་བར་བཏང་སོང་བ་འདྲ། རྒན་རབ་དགས་དངན་པ་རིང་པོ་ཞིག་འཐེན་པ་ལས་ངག་ནས་ཚིག་གཅིག་ཀྱང་འབྱིན་མ་ཐུབ། རྒན་རབ་དགས་བསྟན་དར་གྱི་མགོ་བོར་བྱིལ་བྱིལ་འགའ་བཏང་ནས་ཁ་ཐུག་སློབ་གྲྭའི་ཕྱོགས་སུ་གོམ་ཁ་བསྒྱུར།

བརྒྱད་པ།


ནམ་དུས་ཇི་ཙམ་མགྱོགས་ནའང་དེའི་འགྱུར་ལྡོག་གི་རང་མདངས་ཀྱང་དེ་བས་མངོན་གསལ་ཆེ། དེ་རིང་གི་ནམ་མཁའ་ནི་སྨུག་སྤྲིན་དང་ན་བུན་གྱིས་ཡོངས་སུ་བཏུམས་ནས་ཧ་ལམ་ཁ་བ་ཡང་འབབ་སྲིད་པར་སྣང་། དེ་ནི་དགུན་ཁའི་སྔོན་བརྡ་ཡང་ཡིན་སྲིད། བསྟན་དར་སློག་སྐྱ་མཐུག་པོ་ཞིག་གྱོན་ནས་ཆུ་ཀླུང་དུ་འཐུང་ཆུ་ལེན་དུ་ཆས། ལམ་དུ་གྲོགས་པོ་ཞིག་གིས་ཁོ་ལ་འཕྲིན་ཡིག་ཅིག་བྱིན། བསྟན་དར་སྒུག་ལོང་མེད་པར་ལམ་སང་ཡི་གེ་དེ་ཁ་བསྔོགས་པས་དེའི་ནང་དུ་འཁོད་དོན།
“ངའི་བརྩེ་བའི་ཆུང་གྲོགས་བསྟན་དར་ལགས། ང་ནི་དམའ་རིམ་སློབ་གྲྭ་ཐོན་སོང་བས་རྒན་ལགས་རྣམས་ཀྱི་ལམ་སྟོན་ལྟར་སང་ཉིན་ཞོགས་པར་རྒྱལ་ས་ལ་ཐོན་ནས་སློབ་གྲྭ་ཆེན་མོར་འགྲིམ་ངེས་ཡིན། ངའི་སེམས་སུ་ནམ་ཡང་འབྲལ་མི་ཕོད་པའི་སྐྱེ་བོ་ནི་ཁྱེད་ཡིན་ལ། ཁྱེད་རྟག་ཏུ་ངའི་མདུན་དུ་མཐོང་ན་འདོད། ངོ་མ་འུ་གཉིས་ལ་ལས་དང་རླུང་རྟ་ཡོད་ན། སླར་ཡང་སློབ་གྲྭ་གཅིག་གི་ནང་དུ་འཛོམས་པའི་སྨོན་འདུན་ཡང་ཡང་ཞུ་བཞིན་ཡོད།”
ལྷ་མོ་ནས།

འདོད་པ་ཡིད་ལ་ཡོད་རུང་། མི་འདོད་ཐོག་ཏུ་འབབ། ཅེས་པ་ལྟར། ཡི་གེ་དེས་ཁོའི་སྙིང་ལ་ཟུག་གཟེར་གྱི་ཟུངས་ཁྲག་ཁོལ་དུ་བཅུག ནུབ་མོ་གཉིད་ཀྱང་མེད་པར་རང་སྡུག་རང་གིས་ཉོས་པ་ལྟར་བསམ་མནོ་དྲུག་གསུམ་བཅོ་བརྒྱད་ཀྱི་ཀློང་དུ་ཐིམ། ཕྱི་ཉིན་ཞོགས་པར་དགེ་སློབ་ཚང་མས་ལྷ་མོའི་སྐེ་ལ་ཁ་བཏགས་བསྒྲོན་པ་དང་། ཁ་ཤས་ཀྱིས་ལག་བརྡ་བཏང་ནས་འདུག ལྷ་མོས་རྒྱབ་ཏུ་རྡོག་ཁྲེས་ཆུང་ཆུང་ཞིག་ཁུར་ཏེ་རང་གི་ཨ་ཁུ་དང་ལྷན་དུ་ཆས་ལ་ཁད་འདུག འོན་ཀྱང་ཁོང་མོས་ཡང་ཡང་རྒྱང་ལྟ་བྱེད་སྟངས་དེས་སུ་ཞིག་ལ་ངང་སྒུག་བྱེད་ཀྱིན་པའང་ལྐོག་ནས་ཤེས་ནུས། བསྟན་དར་ལམ་ཟུར་ཞིག་ནས་གོམ་པ་གཅིག་མགྱོགས་གཉིས་མགྱོགས་ཀྱིས་ཁོང་མོའི་ཕྱོགས་སུ་བརྒྱུགས་ཡོང་བ་མཐོང་། ཁོག་ནང་དགའ་བའི་འཛུམ་གྱི་མེ་ཏོག་གྲོལ་བ་དང་། ལྷན་དུ་མིག་ཆུའི་ཟིལ་པ་ཡང་འགོག་མེད་དུ་བཞུར། བསྟན་དར་གྱིས་ཨམ་ཕྲག་ནས་ཁ་བཏགས་བཏོན་ཏེ་ཁོང་མོར་བསྒྲོན། ཁོང་གཉིས་ཕན་ཚུན་འཐམས་ནས་ངུ་བ་ལས་ངག་ནས་སྐད་ཆ་གང་ཡང་ཤོད་མི་ཐུབ་པར་ལུས། ཕྱོགས་གཅིག་ནས་བཤད་ན་སྐད་ཆ་ཚང་མ་བཤད་ཚར་བ་འདྲ། གཞན་ཞིག་ནས་བཤད་ན་ཁོང་གཉིས་བར་གྱི་མཛའ་བརྩེ་ནི་ལྐུག་པ་ཞིག་དང་ཨ་ན་མ་ན་རེད། དེ་ནས་བཟུང་བསྟན་དར་ནི་ཡལ་འདབ་རླུང་གིས་བཅོམ་པའི་སྟོན་མཇུག་གི་སྡོང་སྐམ་ལྟ་བུ་ཁེར་རྐྱང་དུ་ལྷག ཁོ་ལ་མདུན་ལམ་གྱི་ཁ་ཕྱོགས་འཚོལ་ས་སློབ་གྲྭ་མེད་ལ། མཛའ་བརྩེའི་གསེར་ཐག་འཆིང་ས་ལྷ་མོ་ཡང་ཁོ་དང་གྱེས། ནང་གི་འཚོ་བ་དང་ཕ་མའི་ཤུགས་སྣོན་གྱི་དབང་གིས་ཁོའི་སློབ་གཉེར་ལ་གཏད་པའི་འདུན་པའང་རིམ་གྱིས་ཡལ་དུ་བཅུག

དགུ་པ།


ལོ་བརྒྱད་ཙམ་གྱི་རྗེས་སུ་ལྷ་མོ་སློབ་ཆེན་མཐར་ཕྱིན་ནས་ཕྱི་རྒྱལ་སྤྲོ་འཁྱམས་པ་འགའ་ཁྲིད་ཏེ་རང་ཁྱིམ་དུ་གུང་གསེང་ལ་འབྱོར། ཁོང་མོ་སྔར་དང་མི་འདྲ་བར་སྐྱེ་གཟུགས་ཕྲ་ལ་ལང་ཚོའི་ལྕུག་ཕྲན་ནི་དཔྱིད་ཀྱི་དཔལ་ཡོན་གསར་པ་ལྟར་ཡོངས་སུ་འབུས་འདུག མདུན་རྒྱབ་གང་ནས་བལྟས་ཀྱང་རྒྱལ་སའི་བུད་མེད་ཅིག་གི་རྣམ་པ་ལས་གྲོང་གསེབ་བུད་མེད་ཀྱི་རྣམ་པ་ཟུར་ཙམ་ཡང་མཐོང་དཀའ། གྲོང་མི་འགས་བཤད་དོན་ལ། ལྷ་མོས་ཕ་ཡུལ་དུ་སྨན་ཞབས་ཀྱི་ལས་ཀ་བྱས་ན་གཞུང་གི་ཟླ་ཕོགས་སྒོར་ཁྲི་གསུམ་ཙམ་ཡོད་སྐད། ཡང་ཁ་ཤས་ཀྱིས་བཤད་དོན་ལ་ཁོང་མོ་རང་གི་ཕ་ཡུལ་ཆེད་སྲིད་དོན་ཚོགས་པ་ཞིག་ཏུ་འཛུལ་ཞུགས་བྱས་ཡོད་པའི་སྐོར་ཡང་གླེང་བར་བྱེད། གང་ལྟར་མི་རེ་རེའི་ཤོད་སྟངས་འདྲ་མིན་གྱིས་ཁོང་མོ་ནི་སྡེ་པ་ཡོངས་ཀྱི་གླེང་གཞིར་གྱུར་པ་མ་ཟད། ཀུན་ཀྱི་ཡིད་སྨོན་ཤོར་ས་ཞིག་ཏུའང་གྱུར། ལོ་མང་གི་རྗེས་སུ་ད་ལམ་བསྟན་དར་གྱིས་ཁོང་མོ་མཐོང་འཕྲལ་ལུས་པོ་ཡོངས་རྫོགས་དགའ་སྤྲོ་དང་སྐྱོ་གདུང་། དུངས་ཞེན་སོགས་ཅི་ཡིན་འདི་ཡིན་མེད་པའི་ཚོར་སྣང་ཞིག་གིས་ཡོངས་སུ་བཏེག བསྟན་དར་རྩིག་ལྡེབས་ཀྱི་རྒྱབ་ཅིག་ནས་ལྐོག་ཏུ་ཁོང་མོར་ཡིབ་ལྟ་བྱས་ཤིང་མིག་ཆུ་བཏང་། བསྟན་དར་གྱིས་ཁོང་མོ་ཁྲིད་ནས་མཛའ་ཞིང་བརྩེ་བའི་ངང་མཉམ་འགྲོ་མཉམ་སྐྱེལ་གྱི་མི་ཚེའི་སྐོར་གླེང་བའི་སྤོབས་པ་དེ་ཕར་ཞོག མོའི་གམ་དུ་གཅོར་བའི་གདེང་སྤོབས་ཀྱང་ནམ་མཁའི་འཇའ་ལྟར་ཡལ་ནས་སོང་། དེའི་རྒྱུ་མཚན་གང་ཡིན་མིན་ནི་བསྟན་དར་རང་ཉིད་ལས་གཞན་སུས་ཀྱང་ཤེས་ཐབས་བྲལ། ཁོ་མུ་མཐུད་ནས་ནོར་ཟོག་རྣམས་དེད་དེ་ངག་ནས། དགུང་ཨ་སྔོན་སྒོ་འཕར་ཡངས་ཡངས་རེད། །བྱ་རྒོད་པོ་གཤོག་རྩལ་ངོམས་སེ་ངོམས། །ས་དོག་མོར་འགག་མདོ་མང་མང་རེད། །རྟ་རྟིང་དཀར་རྐང་པ་དོག་སེ་དོག །ཚེ་རི་ལ་ཟད་པའི་རྫི་བོ་ང་། །ཁོག་རྨི་ལམ་ཞིག་ལ་གཉེར་མ་ཤོར། །ཞེས་གླུ་འདི་ལེན་བཞིན་རི་བོའི་ཕྱོགས་སུ་བུད།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།