སྟོན་པའི་འདས་ལོ་ ༢༥༦༡ བོད་རྒྱལ་ལོ་ ༢༡༤༤ རབ་གནས་མེ་མོ་བྱ་རབ་བྱུང་ ༡༧ སྤྱི་ལོ་ ༢༠༡༧ ལོའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ ཟླ་དྲུག་ཕྱི་མའི་མཛད་རིམ།
གྲྭ་ཚང་།
འདྲེན་མཆོག་དམ་པ་༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུའི་ཐུགས་བསྐྱེད་བླ་ན་མེད་པའི་འོག་གང་གི་དགོངས་བཞེད་བཞིན། ཟླ་རེའི་ནང་ལ་ཚེས་བཅུ་དང་ཉེར་ལྔའི་དུས་མཆོད་ཆེན་མོར། བླ་མ་རིག་འཛིན་འདུས་པ་དང་ཡུམ་ཀ་བདེ་ཆེན་རྒྱལ་མོའི་སྒོ་ནས་ཚོགས་འཁོར་སྐོར་བཞིན་ཡོད་པ་དང་། དེ་བཞིན་རཏྣ་གླིང་པའི་ཕུར་པའི་ཟློག་པ་གསོག་སྒྲུབ་བྱེད་མུས་བཅས་རྒྱུན་སྲོལ་ལྟར་ཡིན་པ་དང་།
སྤྱི་ཟླ་ ༠༨ ཚེས་ ༠༩ ནས་དབུ་བཙུགས་ཏེ་ཉིན་ཞག་ཞེ་བཞིའི་རིང་། གྲྭ་ཚང་དང་གཞི་རིམ་སློབ་གྲྭའི་ལས་བྱེད་མ་གཏོགས་པའི་འཛིན་གྲྭ་བཞི་པ་ནས་བརྒྱད་པའི་བར་གྱི་དགེ་འདུན་པ་སུམ་བརྒྱ་ལྷག་གིས། དབྱར་གནས་ཀྱི་དུས་བཟང་ཁྱད་པར་ཅན་གྱི་སྐབས་དང་བསྟུན་བདུན་རེ་བཞིན། སྙིང་ཐིག་གསོལ་ཁ་དང་། གནམ་ཆོས་གསོལ་ཁ། ཐུགས་ཆེན་གསང་འདུས། ཀར་གླིང་ཞི་ཁྲོ། རཏ་གླིང་ཚེ་ཆོག རཏ་གླིང་ཕུར་པ་བཅས་རིམ་བཞིན་འཚོགས་ནས། སྤྱི་ཟླ་ ༠༩ ཚེས་ ༢༠ ཉིན་རཏ་གླིང་ཚེ་ཆོག་འཆི་བསླུའི་ཆོ་གའི་སྒོ་ནས་ད་ལོའི་དབྱར་གནས་མཇུག་ལེགས་པར་གྲུབ།
ད་ལོར་སྐྱ་སེར་དགུ་བཅུ་གོ་ལྔ་ཐམ་པས་འབུམ་ལྔ་བསགས་སྦྱང་གནང་བཞིན་པ་ལས། བོད་ཟླ་ ༠༩ པའི་ཚེས་ ༢༢ སྤྱི་ཟླ་ ༡༡ ཚེས་ ༡༠ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་ཚོགས་འཁོར་དང་བཅས་པའིསྒོ་ནས་མཇུག་གྲུབ།
བོད་ཟླ་ ༡༡ པའི་ནང་ལ་སྔར་སྲོལ་ལྟར་གྲྭ་བཙུན་རྣམས་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་སྨོན་ལམ་ཆེན་མོ་སྐབས་ཉེར་དགུ་པར་ཕེབས་འཆར་ཡོད་པ་བཅས་སོ།།
སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་།
བོད་ཟླ་ ༠༦ ཚེས་ ༡༥ སྤྱི་ཟླ་ ༠༨ ཚེས་ ༠༧ ཉིན་བཟང་པོར་ཚོགས་གཙོ་མཁན་རིན་པོ་ཆེ་བཀྲ་ཤིས་རྣམ་རྒྱལ་མཆོག་གིས་དབྱར་གནས་ཀྱི་མཁན་པོ་མཛད་ནས། མཁན་སློབ་དགེ་འདུན་བཙུན་མ་དང་བཅས་འདུས་པ་སྟོང་ཕྲག་ལྷག་གིས་དབྱར་ཁས་བླངས་ཏེ། ཉིན་རེར་ཐུན་གསུམ་དུ་བགོས་ཏེ་ཞོགས་པའི་ཆར་རྒྱུན་ཆགས་གསུམ་པ། ཉིན་དགུང་གདུགས་ཚོད་སྐབས་དཀོན་མཆོག་རྗེས་དྲན། བར་བསམ་སྒྲོལ་གསུམ། གདུགས་ཤེར་སེང་གསུམ་སོགས་ཞབས་རིམ་ཁག་དང་། དགོང་མོའི་ཆར་གཞུང་ཆེན་ཁག་གི་རྩ་བ་དང་བསྔོ་སྨོན་ཞལ་འདོན་གནང་ཞིང་། ཟླ་རེའི་གསོ་སྦྱོང་བཅུ་བཞི་པ་དང་བཅོ་ལྔ་པ་རྣམས་ནམ་རྒྱུན་ལྟར་དང་། བོད་ཟླ་ ༠༧ པའི་ཚེས་ ༠༨ སྤྱི་ཟླ་ ༠༨ ཚེས་ ༢༩ ཉིན་བཀྲ་ཤིས་པའི་གསོ་སྦྱོང་བཅས་འཚོགས།
དབྱར་གནས་སྐབས་ལོ་རིམ་གོང་འོག་འཆད་རྩོད་རྩོམ་གསུམ་གྱི་ལས་རིམ་སྟར་ཆགས་སུ་ཡོད་པ་ལྟར། རེས་གཟའ་སྤེན་པའི་ཞོགས་པར་རྒྱུན་དུ་ལོ་རིམ་དགུ་པའི་སྐྱོར་དཔོན་རྣམས་ནས་སྔགས་དང་། ཕར་ཕྱིན། དབུ་མ། མངོན་པ། ཚད་མ། འདུལ་བ། ཆོས་འབྱུང་། རྒྱལ་རབས། བརྡ་སྤྲོད། སྙན་ངག་སོགས་བརྗོད་གཞི་དུ་མའི་རྩོམ་ཤོག་གི་དམ་བཅར་བཞུགས་ནས། ལོ་རིམ་བརྒྱད་པའི་སློབ་གཉེར་བ་རྣམས་ཀྱིས་གཙོས། གཞན་དོན་གཉེར་ཅན་གྱི་སློབ་ཕྲུག་ཚོས་རང་མོས་ཐོག་སྐབས་བབ་ཀྱི་བརྗོད་བྱ་དང་འབྲེལ་བའི་དྲི་བ་གནང་ནས་བགྲོ་གླེང་མཛད། གཞན་ཡང་རེས་གཟའ་ཕུར་བུ་དང་པ་སངས་ཀྱི་ཕྱི་དྲོའི་ཆར། ལོ་རིམ་བདུན་པའི་སློབ་གཉེར་བ་ཚོས་སྤྱི་དོན་འོད་གསལ་སྙིང་པོ་དང་། ལོ་རིམ་དྲུག་པའི་སློབ་གཉེར་བ་རྣམས་ནས་ཤེར་ཕྱིན་དཔལ་སྤྲུལ་སྤྱི་དོན་གྱི་བཤད་རྒྱུགས། དེ་མིན་ལོ་རིམ་བཞི་པ་ནས་དང་པོའི་བར་གྱི་སློབ་གཉེར་བ་ཡོངས་རྫོགས་ཀྱིས་རྩོད་རྒྱུགས་ཕུལ་ཡོད་ལ། དེ་བཞིན་དུ་སྔར་སྲོལ་ལྟར་ལོ་རིམ་གཉིས་པ་ནས་དགུ་པའི་བར་འཛིན་གྲྭ་གོང་འོག་གི་རྩོད་པ་འགྲན་སྡུར་གནང་བ་དང་། སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམས་ཀྱིས་ཡིག་གཟུགས་དང་། རིག་གནས་འགྲན་སྡུར་གནང་ཡོད།
སྤྱི་ཟླ་ ༠༩ ཚེས་ ༢༨ དགོང་མོར་དགག་དབྱེའི་སྦྱོར་ཆོས་བྱས་ཤིང་། བཤད་གྲྭའི་ཚོགས་གཙོ་མཁན་རིན་པོ་ཆེ་བཀྲ་ཤིས་རྣམ་རྒྱལ་མཆོག་ནས་དད་ལྡན་སེར་སྐྱ་རྣམས་ལ་བདག་མེད་གཉིས་དང་དམ་ཆོས་འདུལ་བ་ལ་མཐོང་ཆེན་བྱེད་དགོས་ཚུལ་གྱི་ནང་དོན་གཙོ་བོའི་ཐོག་ནས་བཀའ་ཆོས་བསྩལཔ་དང་། གཞན་སློབ་གཉེར་བ་རྣམས་ཀྱིས་དགེ་སློབ་ཚང་འཛོམས་ཀྱི་དབུས་སུ་འཆད་རྩོད་གཉིས་ཀྱི་མཆོད་སྤྲིན་རྒྱ་ཆེར་སྤེལ། བོད་ཟླ་ ༠༧ པའི་ཚེས་ ༢༩ སྤྱི་ཟླ་ ༠༩ ཚེས་ ༡༩ ཉིན་དགག་དབྱེ་དང་། སྤྱི་ཚེས་ ༢༠ གནམ་གང་ཞོགས་པར་ལྗོངས་རྒྱུར་ཕེབས་ཤིང་། སྐབས་དེར་ལོ་རིམ་དང་པོའི་སློབ་གཉེར་བ་དང་སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་ཚོས་ཆོས་རྩོད་གནང་བའི་སྒོ་ནས་དབྱར་གནས་ཀྱི་མཛད་རིམ་ལེགས་པར་མཐའ་གྲུབ།
སྤྱི་ཟླ་ ༠༧ པའི་ཚེས་ ༢༢ ནས་ ༠༨ པའི་ཚེས་ ༠༣ བར་བཤད་གྲྭའི་ཚོགས་ཁང་དུ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། འཇར་མ་ནིའི་ཧམ་བྷརྒ་མཐོ་སློབ་ (Universitat Hamburg) ཏུ་རྟེན་གཞི་བྱས་པའི་མཁྱེན་བརྩེ་བོད་བརྒྱུད་ནང་བསྟན་གསུང་རབ་ཞིབ་འཇུག་ཤེས་རིག་ལྟེ་གནས་ (Khyentse Center for Tibetan Buddhist Textual Scholarship) གཉིས་ཀྱི་གོ་སྒྲིག་འོག བརྗོད་གཞི་དད་པ་དང་རྒྱུ་མཚན་གྱི་གནས་ལ་མཁས་པར་བྱ་བ་ (Scholarship between Faith and Reason) ཞེས་པའི་ཐོག གསུང་རབ་ཞིབ་འཇུག་ཟབ་སྦྱོང་རིམ་པ་གསུམ་པ་དང་འབྲེལ་བའི་བགྲོ་གླེང་འཚོགས་ཡོད། བགྲོ་གླེང་གི་སྐབས་མཉམ་ཞུགས་པ་གཙོ་བོ་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་རིན་པོ་ཆེ་བཀྲ་ཤིས་རྣམ་རྒྱལ་མཆོག་དང་མཁས་དབང་རྡོ་རྗེ་དབང་ཕྱུག་ལགས། གཞན་ཡང་ཨིས྄་རེལ་གྱི་བྷར་ཨི་ལན་མཐོ་སློབ། (Bar Ilan University) རྒྱ་གར་གྱི་པུ་ཎ་མཐོ་སློབ། (Pune University) འཇར་པཱན་གྱི་ཊོཀྱོ་མཐོ་སློབ། (University of Tokyo) འཇར་མ་ནིའི་ཧམ་བྷརྒ་མཐོ་སློབ། (Universitat Hamburg) བལ་ཡུལ་ནས་རང་བྱུང་ཡེ་ཤེས་ཤེས་རིག་བསྟི་གནས། (Rangjung Yeshe Institute, Kathmandu) ཨ་རིའི་པེན་ས྄ཊེཊ་ལའོ་མཐོ་སློབ། (Penn State Law, Pennslavania) ཨ་རི་ནིའུ་ཡོརྐ་གི་པེས྄་མཐོ་སློབ་ (Pace University, New York) ལ་སོགས་པའི་མཐོ་སློབ་ཁག་དེ་དག་གི་འཐུས་མིའི་མི་སྣ་རེ་གཉིས་དང་། དེ་བཞིན་མཐོ་སློབ་འདིའི་ལོ་རིམ་དགུ་པ་དང་བརྒྱད་པའི་སློབ་གཉེར་བ་ཡོངས་རྫོགས་མཉམ་ཞུགས་གནང་ཡོད།
སྤྱི་ཟླ་ ༡༠ པའི་ཚེས་ ༡༢ དགོང་མོར་མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་ནས་བཤད་གྲྭའི་སློབ་གཉེར་བ་ཡོངས་ལ། སློབ་སྦྱོང་ཡག་པོ་ཆགས་པར་བྱེད་པ་ལ་ཁོར་ཡུག་མཐུན་རྐྱེན་ཚང་བ། སློབ་སྟོན་པ་ལ་ཤེས་ཡོན་གྱི་ཆུ་ཚད་ལོན་པ། སློབ་མས་བརྩོན་པ་རྒྱུན་འཁྱོངས་པ་གསུམ་ཚང་དགོས་ཚུལ་སོགས་བཀའ་སློབ་ལམ་སྟོན་ཟབ་མོ་བསྩལ།
སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་དགེ་སློབ་ཚང་འཛོམས་དབུས། སློབ་གཉེར་བ་རྣམས་ལ་དབྱར་གནས་སྐབས་ཀྱི་འཆད་རྩོད་རྩོམ་གསུམ་གྱི་གྲུབ་འབྲས་གསལ་བཤད་གནང་།
མཁན་ཆེན་སྡེ་སྣོད་འཛིན་པ་པདྨ་ཤེས་རབ་མཆོག་གི་བཀའ་དགོངས་ལྟར། སྤྱི་ལོ་ ༢༠༡༤ ལོ་ནས་བཟུང་ལོ་རིམ་བརྒྱད་པའི་སྐྱོར་དཔོན་རྣམས་དམ་བཅར་བཞུགས་ཏེ། སྔ་འགྱུར་ཐུན་མིན་ལྟ་གྲུབ་བགྲོ་གླེང་འཚོག་སྲོལ་ཡོད་པ་ལྟར། འདི་ལོར་སྤྱི་ཟླ་ ༡༠ པའི་ཚེས་ ༢༣ ཉིན་མོར་སྔ་འགྱུར་ཐུན་མིན་ལྟ་གྲུབ་བགྲོ་གླེང་སྐབས་བཞི་པ་འཚོགས་ཡོད། དེ་ཡང་ལོ་རིམ་བརྒྱད་པའི་སྐྱོར་དཔོན་རྣམ་པ་བཞི་ཡིས་བགྲོ་གླེང་གི་དམ་བཅའི་རྩོམ་ཤོག་གི་བརྗོད་བྱ་ལ། རྫོགས་ཆེན་གཞིའི་རྣམ་གཞག་གི་སྐོར་དང་། མདོ་སྔགས་ཀྱི་ལྟ་བའི་སྐོར། རང་སྟོང་དང་གཞན་སྟོང་གི་རྣམ་གཞག་གི་སྐོར། སྦྱོར་ལམ་མཉམ་གཞག་གི་ངོ་བོ་རྟོག་རྟོག་མེད་གང་ཡིན་བཅས་ཀྱི་བརྗོད་བྱའི་ཐོག་ནས་རྩོམ་ཤོག་འགྲེམས་སྤེལ་གནང་ཞིང་། སྔ་འགྱུར་མཐོ་སློབ་ཆེན་མོ་དང་བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གཉིས་ཀྱི་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པ་དང་སློབ་གཉེར་བ་རྣམས་ལྷན་འཛོམས་ཐོག དགེ་སློབ་རྣམས་རང་མོས་ཀྱིས་བརྗོད་གཞི་དང་མཐུན་པའི་དྲི་བ་བཀོད་རྗེས་བགྲོ་གླེང་ལེགས་པར་མཐའ་གྲུབ།
སྤྱི་ཟླ་ ༡༡ པའི་ཚེས་ ༡༠ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་བཤད་གྲྭའི་ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་ཡོངས་རྫོགས་མཐའ་གྲུབ།
སྤྱི་ཟླ་ ༡༡ པའི་ཚེས་ ༡༣ ནས་ཉིན་གསུམ་རིང་སྔ་འགྱུར་མཐོ་སློབ་ཆེན་མོར་དཔེ་ཁྲིད་གནང་བཞིན་པའི་མཁན་སློབ་ལྷན་འཛོམས་དབུས་སུ། སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམས་ཀྱིས་ལོ་འཁོར་རྩོད་རྒྱུགས་ཕུལ་ཞིང་། གཞན་འདུས་ཚོགས་ཡོངས་ནས་སྔ་འགྱུར་མཐོ་སློབ་ཆེན་མོའི་ཞབས་རིམ་ཆེད་བཀའ་འགྱུར་དག་ཚར་དང་། རཏ་གླིང་ཕུར་ཟློག སྙིང་ཐིག་བསང་གསོལ་བཅས་ཉིན་རེ་བཞིན་འཚོགས་ཡོད།
སྤྱི་ཟླ་ ༡༡ ཚེས་ ༢༠ དགོང་མོར་ད་ལོའི་ལོ་འཁོར་རྒྱུགས་སྤྲོད་དང་འབྲེལ་བའི་བཀའ་སློབ་གནང་ཡོད།
སྤྱི་ཟླ་ ༡༡ པའི་ཚེས་ ༢༡ ནས་ད་ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རང་སྦྱོང་དབུ་བཙུགས་ཏེ། སྤྱི་ཟླ་ ༡༢ པའི་ཚེས་ ༡༣ བར་ཉིན་ཞག་ཉེར་གསུམ་རིང་རང་སྦྱོང་གནང་བ་དང་། སྤྱི་ཟླ་ ༡༢ པའི་ཚེས་ ༡༤ ཉིན་ནས་བཟུང་ཉི་མ་གསུམ་རེའི་རྗེས་སུ་ཡིག་རྒྱུགས་རེ་བཏང་སྟེ། མཐར་སྤྱི་ཟླ་ ༡༢ པའི་ཚེས་ ༣༠ ཉིན་ད་ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ལེགས་པར་མཐའ་གྲུབ་པ་ཡིན་ནོ།།
སྤྱི་ལོ་ ༢༠༡༨ ཟླ་བ་ ༠༡ ནང་སློབ་གཉེར་བ་ཡོངས་རྫོགས་སྔ་འགྱུར་སྨོན་ལམ་ཆེན་མོ་སྐབས་ཉེར་དགུ་པ་འཚོག་ཕྱིར་རྡོ་རྗེ་གདན་ལ་ཕེབས་འཆར་དང་། སྤྱི་ཚེས་ ༡༧ ནས་ཉིན་བཅུའི་རིང་སྨོན་ལམ་ཆེན་མོ་འཚོགས་རྗེས། སྤྱི་ལོ་ ༢༠༡༨ ཟླ་བ་ ༠༣ པའི་ཚེས་ ༢༠ བོད་རྒྱལ་ལོ་ ༢༡༤༥ ཟླ་བ་ ༠༢ པའི་ཚེས་ ༠༣ བར་དུ་གུང་སེང་ཡིན་པ་བཅས་སོ།།
གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་།
སྤྱི་ལོ་ ༢༠༡༧ ཟླ་བ་ ༠༧ པའི་ཚེས་ ༢༡ ཉིན་བོད་ཡིག་སློབ་དེབ་ཀྱི་ཟླ་རྒྱུགས་ཐེངས་དང་པོ་དང་། སྤྱི་ཚེས་ ༢༨ ཉིན་དབྱིན་ཇིའི་སློབ་དེབ་ཀྱི་ཟླ་རྒྱུགས་ཐེངས་གཉིས་པ་བཏང་། སྤྱི་ཟླ་ ༠༨ པའི་ཚེས་ ༠༤ ཉིན་ཟླ་དྲུག་སྔ་མའི་དཔེ་ཁྲིད་མཚམས་འཇོག་གནང་ཡོད་ལ། སྤྱི་ཚེས་ ༠༦ གི་དགོང་དྲོར་དགེ་སློབ་ཚང་འཛོམས་དབུས་ཟླ་དྲུག་སྔ་མའི་བོད་སྐད་རྒྱུགས་སྤྲོད་འཕྲོད་པའི་སློབ་གཉེར་བ་རྩེ་ཕུད་རྣམས་ལ་གསོལ་རས་བསྩལ།
སྤྱི་ ༠༨ ཚེས་ ༠༩ ནས་ཟླ་དྲུག་ཕྱི་མའི་དཔེ་ཁྲིད་དབུ་འཛུགས་གནང་། སྤྱི་ཟླ་ ༠༩ པའི་ཚེས་ ༠༨ ཉིན་བོད་ཡིག་སློབ་དེབ་ཀྱི་ཟླ་རྒྱུགས་ཐེངས་གསུམ་པ་དང་། སྤྱི་ཚེས་ ༡༥ ལ་དབྱིན་ཇིའི་སློབ་དེབ་ཀྱི་ཟླ་རྒྱུགས་ཐེངས་གསུམ་པ་བཏང་ཟིན། ད་དུང་སློབ་ཕྲུག་རྣམས་ནས་ཡིག་གཟུགས་རྒྱུགས་སྤྲོད་ཐེངས་དང་པོ་དང་། བོད་སྐད་རྒྱུགས་སྤྲོད་ཐེངས་གཉིས་པ་བཅས་ཀྱང་བཏང་ཡོད།
སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ཉིན་ཟླ་དྲུག་སྔ་ཕྱིའི་ལས་བྱེད་འཕོ་ལེན་དང་འབྲེལ། ཡིག་གཟུགས་རྒྱུགས་སྤྲོད་ཐེངས་དང་པོ་དང་བོད་ཀྱི་སྐད་རྒྱུགས་ཐེངས་གཉིས་པའི་གྲུབ་འབྲས་གསལ་བཤད་དང་། སྤྱི་ཟླ་ ༡༠ པའི་ཚེས་ ༢༧ ལ་བོད་ཡིག་སློབ་དེབ་ཀྱི་ཟླ་རྒྱུགས་ཐེངས་གཉིས་པ་དང་། སྤྱི་ཟླ་ ༡༡ ཚེས་ ༠༣ ཉིན་དབྱིན་ཇིའི་སློབ་དེབ་ཀྱི་ཟླ་རྒྱུགས་ཐེངས་གཉིས་པ་བཏང་རྗེས། ལྷ་བབས་དུས་ཆེན་ཉིན་དཔེ་ཁྲིད་མཚམས་འཇོག་གནང་ཡོད།
སྤྱི་ཟླ་ ༡༡ པའི་ཚེས་ ༡༣ དང་ ༡༤ ཉིན་གཉིས་རིང་ཆོ་ག་ཕྱག་ལེན་དང་རི་མོའི་རྒྱུགས་སྤྲོད་བཏང་བ་དང་། སྤྱི་ཟླ་ ༡༡ པའི་ཚེས་ ༢༡ ནས་བཟུང་ད་ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རང་སྦྱོང་དབུ་བཙུགས་ཏེ། སྤྱི་ཟླ་ ༡༡ པའི་ཚེས་ ༢༨ ཉིན་ནས་ཉི་མ་གསུམ་རེའི་མཚམས་སུ་རྒྱུགས་སྤྲོད་རེ་རེ་བཏང་ནས། སྤྱི་ཟླ་ ༡༢ པའི་ཚེས་ ༡༣ ཉིན་མཐའ་གྲུབ་པ་བཅས་སོ། །གཞན་རྡོ་རྗེ་གདན་ཕེབས་ཕྱོགས་དང་གུང་སེང་རྣམས་སྔ་འགྱུར་མཐོ་སློབ་ཆེན་མོ་དང་གཅིག་མཚུངས་ཡིན།
བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་།
བཙུན་དགོན་གྲྭ་ཚང་།
༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན། ཉིན་ལྟར་བཙུན་མ་རྣམས་རེ་མོས་ཀྱིས་སྔ་དྲོར་སྒྲོལ་ཆོག་དང་། ཕྱི་དྲོར་གསོལ་ཁ་བསྔོ་སྨོན་བཅས་རྒྱུན་ཆད་མེད་པར་འཚོག་བཞིན་པ་དང་། དེ་བཞིན་ཚེས་བཅུ་ཉེར་ལྔའི་ཚོགས་མཆོད་རྣམས་ཀྱང་རྒྱུན་ལྡན་ལྟར་འཚོག་བཞིན་ཡོད།
སྤྱི་ཟླ་ ༠༨ ཚེས་ ༠༣ ཉིན་ཚོགས་གཙོ་མཁན་རིན་པོ་ཆེ་བཀྲ་ཤིས་རྣམ་རྒྱལ་གཙོས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་དབྱར་གནས་སྐབས་འཆད་རྩོད་རྩོམ་གསུམ་བྱེད་ཐོགས་དང་འབྲེལ་བའི་བཀའ་སློབ་གནང་།
དབྱར་གནས་སྐབས་སྔར་སྲོལ་ལྟར་གྲྭ་ཚང་གི་བཙུན་མ་རྣམས་དང་སློབ་གྲྭའི་འཛིན་གྲྭ་ལྔ་པ་ཡན་ཆད་ཀྱི་སློབ་གཉེར་བ་རྣམ་པས་ཉིན་ཞག་ཞེ་ལྔའི་རིང་ལ་བདུན་རེ་བཞིན། སྙིང་ཐིག་གསོལ་ཁ། སེང་གདོང་མའི་ཟློག་པ། སྨིན་གླིང་རྡོར་སེམས། རཏ་གླིང་ཚེ་ཆོག ཀར་གླིང་ཞི་ཁྲོ། དགེ་སློང་མ་དཔལ་མོའི་སྨྱུང་གནས་ཀྱི་ཆོ་ག་ཆ་བཞི་བཅས་འཚོགས་ནས། མཐར་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ཞལ་ཕྱེ་སྟེ་གཏང་རག་གི་ཚོགས་འཁོར་བསྐོར་ནས་མཐའ་གྲུབ་བོ།།
དམིགས་བསལ་ད་ལོ་སྤྱི་ཟླ་ ༡༠ ཚེས་ ༠༥ བོད་ཟླ་ ༠༨ པའི་ཚེས་ ༡༥ ཉིན། སྔ་འགྱུར་བཙུན་དགོན་སྒྲུབ་སྡེ་གྲུབ་གཉིས་དགའ་ཚལ་གླིང་ནས། ལོ་གསུམ་ཕྱོགས་གསུམ་གྱི་སྐུ་མཚམས་བཞུགས་ཏེ། རྩ་གསུམ་བསྙེན་པ་མཐར་ཕྱིན་པར་འཁྱོལ་མཁན་ལ་སྒྲུབ་བླ་བཙུན་མ་ ༡༨ ཐམ་པ་ཐོན་ཡོད།
བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ།
བོད་ཟླ་ ༠༦ ཚེས་ ༡༥ སྤྱི་ཟླ་ ༠༨ ཚེས་ ༠༧ ཉིན་བཟང་པོར་ཚོགས་གཙོ་མཁན་རིན་པོ་ཆེ་བཀྲ་ཤིས་རྣམ་རྒྱལ་མཆོག་གིས་དབྱར་གནས་ཀྱི་མཁན་པོ་མཛད་ནས། མཁན་སློབ་དགེ་འདུན་བཙུན་མ་དང་བཅས་པ་སྟོང་ཕྲག་ལྷག་གིས་དབྱར་ཁས་བླངས་ཏེ། ཉིན་རེར་ཐུན་གསུམ་དུ་བགོས་ཏེ་དབྱར་གནས་ཚུལ། དེ་བཞིན་དབྱར་གནས་སྐབས་ལོ་རིམ་གོང་འོག་གི་འཆད་རྩོད་རྩོམ་གསུམ་གྱི་ལས་རིམ་སྟར་ཆགས་སུ་ཡོད་པ་རྣམས་དང་། དགག་དབྱེའི་སྦྱོར་ཆོས་དང་དངོས་གཞི། མཐར་ལྗོངས་རྒྱུ་དང་བཅས་པ་སྔ་འགྱུར་མཐོ་སློབ་ཆེན་མོ་དང་གཅིག་མཚུངས་ཡིན།
སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་སློབ་གཉེར་བ་དང་ལྷན་དུ་ཐོས་བསམ་དགའ་བའི་ཚལ་གྱི་སློབ་གཉེར་བ་རྣམས་ལ་དབྱར་གནས་སྐབས་ཀྱི་འཆད་རྩོད་རྩོམ་གསུམ་གྱི་གྲུབ་འབྲས་གསལ་བཤད་མཛད།
སྤྱི་ཟླ་ ༡༠ ཚེས་ ༣༡ རེས་གཟའ་མིག་དམར་གྱི་ཕྱི་དྲོ་ཆུ་ཚོད་ལྔ་པའི་ཐོག་མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་ནས་བཙུན་དགོན་འདུས་སྤྱི་ཡོངས་ལ་བཀའ་སློབ་ལམ་སྟོན་བླང་དོར་ཟབ་མོ་བསྩལ།
སྤྱི་ཟླ་ ༡༡ ཚེས་ ༡༠ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་མོར་ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་ཡོངས་སུ་རྫོགས་པ་མཐའ་གྲུབ།
སྤྱི་ཟླ་ ༡༡ ཚེས་ ༡༣ ཉིན་སྔོན་འགྲོ་འཛིན་གྲྭའི་ལོ་འཁོར་རྩོད་རྒྱུགས་བཏང་ཡོད། སྤྱི་ཚེས་ ༢༡ ནས་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རང་སྦྱོང་དབུ་བཙུགས་ཏེ། སྤྱི་ཟླ་ ༡༢ པའི་ཚེས་ ༡༤ བར་རང་སྦྱོང་གནང་བ་དང་། སྤྱི་ཟླ་ ༡༢ པའི་ཚེས་ ༡༥ ཉིན་ནས་བཟུང་ཉིན་གསུམ་རེའི་རྗེས་སུ་ཡིག་རྒྱུགས་རེ་བཏང་སྟེ། མཐར་སྤྱི་ཟླ་ ༡༢ པའི་ཚེས་ ༣༡ ཉིན་ལེགས་པར་མཐའ་གྲུབ།།
གཞན་གནས་མཆོག་རྡོ་རྗེ་གདན་ལ་ཕེབས་ཕྱོགས་དང་གུང་སེང་སོགས་སྔ་འགྱུར་མཐོ་སློབ་ཆེན་མོ་དང་གཅིག་མཚུངས་སོ།།
བཙུན་དགོན་གཞི་རིམ་སློབ་གྲྭ།
སྤྱི་ཟླ་ ༡༠ པའི་ཚེས་ ༢༠ ཉིན་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་གླིང་གི་དགེ་སློབ་ལྷན་འཛོམས་དབུས། སློབ་གྲྭའི་སློབ་ཕྲུག་ཡོངས་ནས་དབྱིན་སྐད་འགྲན་སྡུར་གནང་བ་དང་། དེ་ལ་རྩེ་ཕུད་སོན་པའི་ཨང་དང་པོ་གཉིས་པ་གསུམ་པ་རྣམས་ལ་བྱ་དགའ་དང་བསྔགས་བརྗོད། བཀའ་སློབ་གནང་བ་བཅས་ཀྱིས་མཛད་རིམ་མཐའ་གྲུབ།
ད་ལོའི་ཆར་དམིགས་བསལ་བོད་ཟླ་ ༠༩ པའི་ཚེས་ ༢༢ སྤྱི་ཟླ་ ༡༡ པའི་ཚེས་ ༡༠ དགོང་མོར་མཁན་རིན་པོ་ཆེ་བཀྲ་ཤིས་རྣམ་རྒྱལ་མཆོག་གིས་གཙོས། སློབ་གྲྭའི་དགེ་སློབ་ལྷན་འཛོམས་ཀྱི་དབུས་སུ་འཛིན་གྲྭ་ལྔ་པ་ཡན་ཆད་ཀྱི་སློབ་ཕྲུག་རྣམ་པས། བོད་ཀྱི་བརྡ་སྤྲོད་རིག་གནས་སྐོར་འཛིན་གྲྭ་གོང་འོག་བར་འགྲན་སྡུར་གནང་།
སྤྱི་ཟླ་ ༡༡ ཚེས་ ༢༠ ཉིན་གཞི་རིམ་སློབ་གྲྭའི་སློབ་ཕྲུག་འཛིན་གྲྭ་བཞི་པ་ཡན་ཆད་ཀྱིས་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཆོ་ག་ཕྱག་ལེན་དང་། རྒྱན་གཏོར་བཟོ། དུང་རྒྱ་གླིང་། རི་མོ་བཅས་ཀྱི་རྒྱུགས་ཕུལ།
སྤྱི་ཟླ་ ༡༢ ཚེས་ ༠༥ ནས་ ༡༠ བར་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རང་སྦྱོང་གནང་ནས། ཚེས་ ༡༡ ཉིན་རྒྱུགས་སྤྲོད་དངོས་གཞི་དབུ་བཙུགས་ནས་ཉིན་གསུམ་རེའི་རྗེས་སུ་རྒྱུགས་སྤྲོད་རེ་བཏང་སྟེ། མཐར་སྤྱི་ཚེས་ ༢༨ ཉིན་ལེགས་པར་མཐའ་གྲུབ་བོ།།