ལུང་རིགས་ཀླུ་སྒྲུབ་མཛེས་རྒྱན།

མཆོག་བཀྲ་ཤིས། འཛིན་རིམ་དྲུག་པ།

་་་་་་་འདོན་ཐེངས་སྔ་མའི་འཕྲོ།

བརྟག་པ་གསུམ་པ་རྣམ་པར་གཞག །ཡང་ཤེས་བྱ་ཐམས་ཅད་དགག་བྱ་ཡིན་ཏེ། བརྟགས་ན་གང་ཡང་མ་གྲུབ་པའི་ཕྱིར་ཟེར། འདི་ལ་དང་པོ་དྲི་བར་བྱ་བ་འདི་ལྟར་ཏེ། རིགས་པས་བརྟགས་ནས་མ་གྲུབ་ཅེས་པ་དེ་ཡུལ་གྱི་སྡོད་ལུགས་སུ་མ་གྲུབ་པའི་དོན་ཡིན་ནམ། ཐ་སྙད་དུ་ཡོད་པའི་ལས་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་རྟེེན་འབྱུང་ལྟོས་གྲུབ་ཀྱི་ཆོས་དེ་དག་མ་གྲུབ་པའི་དོན་ཡིན།

དང་པོ་ལྟར་ན་ཁྱབ་པ་མ་ངེས་ཏེ། འདི་ལྟར་ཡུལ་གྱི་སྡོད་ལུགས་སུ་མ་གྲུབ་པའི་རྒྱུ་མཚན་གྱིས་ཁེགས་པར་འགྱུར་བས་དེ་ལྟར་མ་གྲུབ་ན་ཆོས་ཐམས་ཅད་དུས་དང་རྣམ་པ་ཀུན་ཏུ་མེད་པར་ཐལ་ཏེ། དུས་དང་རྣམ་པ་ཀུན་ཏུ་ཡུལ་གྱི་སྡོད་ལུགས་སུ་མ་གྲུབ་པའི་ཕྱིར། ཁྱབ་སྟེ། ཡུལ་གྱི་སྡོད་ལུགས་སུ་མ་གྲུབ་ན་མ་གྲུབ་པས་ཁྱབ་པའི་ཕྱིར། དེར་ཐལ། ཡུལ་གྱི་སྡོད་ལུགས་སུ་མ་གྲུབ་ན་རིགས་པས་ཁེགས་པས་ཁྱབ་པའི་ཕྱིར། རྟགས་ཁས་བླངས་སུ་སོང་། ཁྱབ་པ་དོན་གྱིས་གྲུབ་སྟེ་རིགས་པས་ཁེགས་པ་དང་ཡོད་པ་གཉིས་མི་འགལ་ན་རིགས་པ་དེའི་ངོར་ཁེགས་པ་དང་དེའི་ངོར་ཡོད་པ་གཉིས་གཞི་མཐུན་པར་ཁས་ལེན་དགོས་པར་འགྱུར་བས་དེ་ལྟ་ན་ཐ་སྙད་རིགས་པའི་ངོར་རི་རྭ་དང་དོན་དཔྱོད་རིགས་པའི་ངོར་བདེན་གྲུབ་སྲིད་པར་འགྱུར་བའི་ཕྱིར་རོ།།

མ་ཟད་ཡུལ་གྱི་སྡོད་ལུགས་སུ་མ་གྲུབ་པས་ཁེགས་པར་འདོད་པ་དེ་ནི་དངོས་སྨྲ་བའི་འདོད་པ་དང་མཚུངས་པས་དེ་དག་གིས་རྩོད་ཟློག་ལས།[1] གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། །ཞེས་དང་། རྩ་ཤེས་ལས།[2] གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་དངོས་སྨྲ་བ་རྣམས་ཀྱིས་ཚུར་དབུ་མ་པར་རྒོལ་བ་ལ་དབུ་མ་པས་ལན་འདེབས་མི་ཤེས་པར་འགྱུར་རོ། །དེས་ན་རིགས་པས་བརྟགས་པའི་ཚེ་ན་བུམ་སོགས་ཡོད་ན་བདེན་པར་གྲུབ་པ་དང་དོན་དཔྱོད་རིགས་པའི་ངོར་རྙེད་དགོས་སམ་སྙམ་པ་དང་ཡང་ན་རང་རེའི་བླ་མ་གོང་མས་ཁས་ལེན་མི་རུང་བར་ཇི་སྙེད་ཅིག་གསུངས་འདུག་པས། དེ་དང་འགལ་ན་བླ་མའི་བཀའ་ཆད་ཕོག་ཡོང་སྙམ་པའི་འཇིགས་སྣང་དངངས་སྐྲག་གིས་དོགས་ཟོན་དང་དོན་མེད་སེམས་ཁྲལ་གྱིས་སེམས་སྡུག་འཁུར་དགོས་དོན་མེད་དེ། ཆོས་ཅན་བུམ་པ་སོགས་དོན་དཔྱོད་རིགས་པའི་ངོར་མེད་ན་མེད་མི་དགོས་པ་དང་། ཆོས་ཉིད་དོན་དམ་དོན་དཔྱོད་རིགས་པའི་ངོར་གྲུབ་ཀྱང་བདེན་པར་གྲུབ་མི་དགོས་པའི་ཕྱིར་རོ།།

གཉིས་པ་ལྟར་ན་རྟགས་མ་གྲུབ་སྟེ། བརྟག་པ་བྱེད་པའི་སྐབས་ཡིན་རུང་མི་བྱེད་པའི་སྐབས་ཡིན་རུང་རང་བཞིན་གྱིས་གྲུབ་པ་ནི་རྣམ་པ་ཀུན་ཏུ་མ་གྲུབ་པར་བདེན་མོད། དེས་སྟོང་པའི་ཆོས་ཐམས་ཅད་མཉམ་རྗེས་གང་གི་སྐབས་སུ་ཡིན་ཡང་ཐ་སྙད་རིགས་པས་ཡོད་པར་གྲུབ་པའི་ཕྱིར་མཐའ་གཅིག་ཏུ་ཁས་ལེན་དགོས་ཏེ་དེ་ཙམ་ཞིག་ཁས་བླངས་པ་ལ་རིགས་པས་གནོད་པ་མེད་པའི་ཕྱིར་རོ།།

གཞན་ཡང་ཐ་སྙད་རིགས་པ་ལ་ཡིད་རྟོན་བྱེད་མི་རུང་བར་བཤད་པ་ལྟར་ན་སྔར་གྱི་རང་སྡེའི་མཁས་པ་ཚོས་ནང་པའི་གཞུང་ནས་ཚེ་སྔ་ཕྱི་དང་ལས་འབྲས་མེད་པར་སྨྲ་བ་ལ་སུན་ཕྱུང་བའི་ཐ་སྙད་རིགས་པ་རྣམས་མཁས་པ་དེ་དག་གི་རང་མགོ་གཅོད་པའི་མཚོན་ཆ་ཙམ་དུ་ཟད་པ་ལས་དགོས་པ་གང་ཡང་མེད་པར་འགྱུར་རོ། །གལ་ཏེ་རིགས་པས་བརྟག་པའི་སྐབས་སྐྱེ་འགག་སོགས་ཡོད་མ་རེད་ཅེས་བཤད་པ་ལ་ཆད་མཐར་མི་ལྷུང་ན་རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་ཡོད་མ་རེད་ཅེས་བཤད་པ་ལའང་ཆད་མཐར་ལྷུང་བའི་རྒྱུ་མཚན་ཅི་ཡོད་དེ། གཉིས་ཀ་ཐ་སྙད་ཚད་མའི་ངོར་ཁས་མ་བླངས་པ་ཙམ་དུ་འདྲ་བའི་ཕྱིར། མི་འདྲ་སྟེ་ཁོ་བོ་ནི་དེའི་ཚེ་དོན་དམ་གྱི་གནས་ལུགས་ལ་དཔྱོད་པའི་སྐབས་ཡིན་པའི་ཕྱིར་ཞེ་ན། རྒྱང་འཕེན་པ་ཡང་དེའི་ཚེ་ཐ་སྙད་ཀྱི་གནས་ལུགས་ལ་དཔྱོད་པའི་སྐབས་ཡིན་པའི་ཕྱིར་ཞེ་ན་ལན་ཅི་ཞིག་ཡོད་དེ་གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ཞེས་གསུངས་པ་ལྟར་དོན་དམ་བདེན་པ་ཡང་རང་རྐྱ་བར་མེད་པར་ཐ་སྙད་ལ་བལྟོས་ནས་གྲུབ་པའི་ཕྱིར་དེ་གཏན་ལ་འབེབས་པ་ལ་ཡང་ཐ་སྙད་ལ་ལྟོས་དགོས་པ་ལས་དེ་ལ་མ་བརྟེན་པར་གཏན་ལ་དབབ་བྱ་ཞིག་ཤེས་བྱ་ལ་མི་སྲིད་པའི་ཕྱིར་རོ། །ཡིན་ལུགས་གཏན་ལ་འབེབས་སྐབས་ཆོས་ཐམས་ཅད་ཐ་སྙད་དུ་ཡོད་པ་དང་དོན་དམ་པར་མེད་པར་འཆད་མ་ཤེས་ན་ཆོས་ཐམས་ཅད་རང་མཚན་གྱིས་སྟོང་པའི་སྟོང་ཉིད་ཕྲ་མོའི་རྣམ་གཞག་དང་རང་གི་གདགས་གཞི་ལ་ལྟོས་ནས་གྲུབ་པའི་ལྟོས་གྲུབ་དང་རྟེན་འབྱུང་ཕྲ་མོའི་རིགས་པའི་ཚུལ་ལས་ཉམས་པར་འགྱུར་བ་ཁོ་ནའོ། །དེའི་ཕྱིར་དོན་དམ་གཏན་འབེབས་སྐབས་ཆོས་ཐམས་ཅད་ཁས་མ་བླངས་ན་ཐ་སྙད་རྣམ་གཞག་བྱེད་པའི་སྐབས་སུའང་ཆོས་ཐམས་ཅད་ཁས་ལེན་མི་ནུས་ཏེ་ཆོས་ཐམས་ཅད་སྟོང་ཉིད་ཡིན་པ་དེ་དོན་དཔྱོད་རིགས་པས་གྲུབ་པའི་ཕྱིར། ཁྱབ་སྟེ། དོན་དམ་གཏན་ལ་འབེབས་སྐབས་དཔྱད་བྱ་དོན་དམ་དང་དཔྱོད་བྱེད་རིགས་པ་དཔྱོད་པ་པོ་གང་ཟག་རྣམས་མེད་ན་ཐ་སྙད་དུ་དོན་དམ་གྱི་རྣམ་གཞག་གཏན་ནས་འཆད་མི་ནུས་པས་བདེན་པ་གཉིས་ཀ་ལས་ཉམས་པར་འགྱུར་བའི་ཕྱིར་རོ།།

ལུང་གིས་ཀྱང་གྲུབ་སྟེ། བཞི་བརྒྱ་པའི་འགྲེལ་ཆེན་ལས།[3] གལ་ཏེ་དེ་ལ་རང་བཞིན་མེད་ན་ཅི་ཞིག་ཡོད་ཅེ་ན། བརྗོད་པར་བྱ་སྟེ། གང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུ་བྱས་པའི་ངོ་བོ་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཡོད་ལ། ཞེས་དང་། [4]གལ་ཏེ་ལུས་ཡོངས་སུ་གཅོད་པ་འདི་རྣམ་པ་ཐམས་ཅད་དུ་མེད་དམ་ཞེ་ན། མེད་པ་མ་ཡིན་ཏེ། རང་བཞིན་མེད་པའི་དངོས་པོ་ཡོད་པའི་ཕྱིར་ཞེས་གསུངས་པའི་ཕྱིར་རོ། །འོ་ན་བརྟགས་ཤིང་དཔྱོད་པའི་ཚེ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་མ་སྦྱར་བར་སྐྱེ་སོགས་མེད་ཅེས་ཐལ་འགྱུར་བའི་གཞུང་ལས་མང་དུ་གསུངས་པའི་ཕྱིར་དེ་དང་མི་འགལ་ལམ་ཞེ་ན། རང་སྟོང་མཚན་ཉིད་པ་སྨྲ་བའི་ལུགས་ལ་མི་འགལ་ཏེ། སྟོང་ཉིད་བདུན་ཅུ་པའི་རང་འགྲེལ་ལས།[5] བརྟགས་ན་དངོས་པོ་ཐམས་ཅད་ཡོད་པ་མ་ཡིན་ཏེ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང་། ཚིག་གསལ་ལས།[6] ཁོ་བོ་ཅག་ནི་ལས་དང་བྱེད་པ་པོ་དང་འབྲས་བུ་ལ་སོགས་པ་མེད་དོ་ཞེས་སྨྲ་བ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། འདི་དག་རང་བཞིན་མེད་དོ་ཞེས་རྣམ་པར་འཇོག་པ་ཡིན་ནོ། །ཞེས་དང་། [7]དེ་བཞིན་དུ་བློ་གྲོས་ཆེན་པོ་རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་གསུངས་པ་ཞེས་རྒྱ་ཆེར་གསུངས་སོ་ལྟ་བུའོ། །ཞེས་དང་། བུདྡྷ་པཱ་ལི་ཏ་ལས།[8] བཅོམ་ལྡན་འདས་ཀྱིས་དོན་དམ་པ་བསྟན་པའི་དབང་གིས་ནི། དེ་ལ་སྔོན་མེད་ཕྱི་མ་མེད། །ཅེས་གསུངས་སོ། །ཞེས་དང་། [9]དོན་དམ་པའི་དབང་གིས་གཞན་མེད་དོ་ཞེས་སྨྲའོ། །ཞེས་གསུངས་པ་ལྟར་བརྟག་པའི་ཚེ་ན་དངོས་པོ་ཐམས་ཅད་མ་གྲུབ་པ་དང་མ་སྐྱེས་པར་གསུངས་པ་ནི་རང་བཞིན་གྱིས་མ་གྲུབ་པ་དང་དོན་དམ་པར་མ་གྲུབ་པ་ལ་དགོངས་པ་ལས་སྤྱིར་ཡོད་པ་ཙམ་མ་ཡིན་པ་དབུ་མ་རིགས་ཚོགས་དྲུག་གང་ནས་ཀྱང་མ་གསུངས་སོ།།

དེས་ན་དགག་བྱ་ལ་དོན་དམ་གྱི་སྒྲ་དངོས་ཤུགས་སྐབས་གསུམ་སྦྱར་ཡོད་པ་ཤེས་དགོས་པའི་གནད་ཟིན་ན་ཚིག་གི་འཁྲུལ་བ་ཡོངས་སུ་སྤངས་ནས་དོན་གྱི་གོ་བ་ལྷུར་ལེན་ནུས་ཀྱང་གཞན་དུ་གཟུགས་མེད་ཅེས་པ་ལྟ་བུ་ཚིག་ཙམ་ཁ་ལ་ཁྱེར་ཏེ་ཅི་ཡང་མ་གྲུབ་ཅེས་འུར་སྒྲོག་བྱས་པས་གཞུང་ཕན་ཚུན་དང་དངོས་ཤུགས་གོང་འོག་གི་དོན་སྒྲིལ་མི་ནུས་སོ། །གང་ལྟར་རྩོད་པ་དང་རིགས་པས་དཔྱོད་པའི་སྐབས་ལ་ཆོས་ཐམས་ཅད་རང་རང་སོ་སོའི་ས་ན་རང་བཞིན་སྟོང་པའི་ངང་དུ་ཡོད་པ་ལ་ཡོད་པ་ལྟར་དུ་ཐལ་འགྱུར་བས་ཁས་ལེན་པ་ཡིན་ཏེ། བཞི་བརྒྱ་པའི་འགྲེལ་ཆེན་ལས།[10] ཅི་ཁྱོད་དངོས་པོ་སྨྲ་བ་ཞིག་གམ་ཞེ་ན། མ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཁྱོད་ཅི་སྨྲ་བ་ཞིག་ཅེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བའོ། །ཞེས་དངོས་སྨྲ་བས་རྩོད་སྐབས་ཁྱོད་ཅི་ཞིག་སྨྲ་བ་ཡིན་ནམ་ཞེས་དྲིས་པ་ན་རྟེན་འབྲེལ་སྨྲ་བ་ཡིན་ཞེས་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་པར་ཁས་བླངས་པའི་ཕྱིར་རོ།།

འོ་ན་རྩོད་ཟློག་དང་། བཞི་བརྒྱ་པ། ཚིག་གསལ། འཇུག་པ་རྣམས་ལས་དམ་བཅའ་དང་ཁས་ལེན་རང་ཕྱོགས་མེད་པར་གསུངས་པ་དང་མི་འགལ་ལམ་སྙམ་ན། །ཡོད་ན་རང་བཞིན་གྱིས་ཡོད་དགོས་པ་དང་དེ་ལྟར་མེད་ན་མེད་དགོས་པར་འདོད་པའི་ལུགས་ལ་འགལ་བ་ཁོ་ནར་གྱུར་ཀྱང་། ཐལ་འགྱུར་བ་ལ་རང་ངོའི་ཁས་ལེན་དང་རང་ལུགས་ཡོད་པར་སྨྲ་བའི་ལུགས་ལ་མི་འགལ་ཏེ། ལུང་དེའི་བསྟན་དོན་ནི་དངོས་སྨྲ་བ་རྣམས་ཀྱིས་དངོས་པོ་ཡིན་ན་རང་བཞིན་ནམ་རང་མཚན་གྱིས་གྲུབ་དགོས་པ་དང་། སྐྱེ་བ་ཡིན་ན་མཐའ་བཞི་གང་རུང་ལས་སྐྱེ་དགོས་པ་དང་དེ་འདྲ་ཞིག་མེད་ན་ཡོད་མི་རུང་བ་དང་སྐྱེ་མི་ཆོག་པའི་ཁས་ལེན་འུ་ཐུག་ཐབས་ཟད་དེ་འདྲ་ཞིག་མེད་ཅེས་པའི་དོན་ཙམ་ཡིན་ཏེ། ཚིག་གསལ་ལས།[11] རྐྱེན་ཉིད་འདི་པ་ཙམ་གྱིས་ཀུན་རྫོབ་གྲུབ་པར་ཁས་ལེན་གྱི། ཕྱོགས་བཞི་ཁས་བླངས་པའི་སྒོ་ནས་ནི་མ་ཡིན་ཏེ། དངོས་པོ་རང་བཞིན་དང་བཅས་པ་སྨྲ་བར་ཐལ་བར་འགྱུར་བའི་ཕྱིར་དང་། དེ་ཡང་རིགས་པ་མ་ཡིན་པའི་ཕྱིར་རོ། །ཞེས་དང་། [12]དངོས་པོ་རང་བཞིན་དང་བཅས་པར་སྨྲ་བར་འགྱུར་བ་མ་ཡིན་ནོ། །ཞེས་མཐའ་བཞི་དང་རང་བཞིན་གྱིས་གྲུབ་པ་ཁས་ལེན་མེད་པའི་དོན་ཡིན་པ་ལ་ནི་འགྲེལ་པ་ལ་ཡང་འགྲེལ་གསུམ་འགྲེལ་རྒྱག་མི་དགོས་པར་རྣམ་དཔྱོད་ཅན་ཞིག་ཡིན་ན་བདེ་བླག་ཏུ་ངེས་ནུས་སོ། །དེས་ན་གཞན་ལ་རྩོད་པ་དང་ལྟ་བ་གཏན་ལ་འབེབས་སྐབས་སུ་རང་ངོར་ཡང་ཁས་ལེན་ཡོད་དེ། ཐ་སྙད་བདེན་པ་ཁས་མ་བླངས་ཕྱིན་ཆད་སྟོང་ཉིད་འཆད་མི་ནུས་པའི་ཕྱིར། རྩོད་བཟློག་རང་འགྲེལ་ལས།[13] ཐ་སྙད་ཀྱི་བདེན་པ་ཁས་མ་བླངས་ཤིང་མ་བརྟེན་པར་དངོས་པོ་ཐམས་ཅད་སྟོང་པའོ་ཞེས་མི་འཆད་དོ། །ཐ་སྙད་ཀྱི་བདེན་པ་ཁས་མ་བླངས་པར་ནི་ཆོས་བསྟན་པར་མི་ནུས་ཏེ། ཞེས་གསུངས་པའི་ཕྱིར་རོ། །དེས་ན་འཇིག་རྟེན་གྲགས་པ་ལྟར་དུ་ཁས་ལེན་ལུགས་དེ་ནི་རང་ངོར་ཁས་ལེན་ལུགས་ཡིན་པས་ཐམས་ཅད་གཞན་ངོར་སྐྱེལ་མི་རུང་སྟེ། འཇིག་རྟེན་པ་རྣམས་ཀྱིས་ཀྱང་ས་བོན་ལས་མྱུ་གུ་སྐྱེ་བ་ལྟ་བུ་འཇིག་རྟེན་སྤྱི་མཐུན་ནམ་ཀུན་ལ་གྲགས་ཤིང་གྲུབ་པ་ལྟར་ཁས་ལེན་པ་ལས་སྒེར་གྱིས་དཔྱད་པ་ཞིབ་མོར་ཞུགས་ཏེ། སྐྱེ་བ་ཡིན་ན་མཐའ་བཞི་གང་རུང་ལས་སྐྱེ་དགོས་པ་དང་ཡོད་པ་ཡིན་ན་རང་བཞིན་གྱིས་གྲུབ་དགོས་པའི་གྲུབ་མཐས་བསླད་པ་གང་ཡང་མེད་པའི་ཕྱིར་དེ་དག་ལ་རང་ངོའི་ཁས་ལེན་མེད་པར་ཐལ་བའི་ཕྱིར་རོ།།

མདོར་ན་དོན་དམ་གཏན་འབེབས་ཀྱི་སྐབས་ཡིན་ན་ཡང་འདྲ་དེའི་ཚེ་ཁས་ལེན་ཡོད་པ་ཙམ་གྱིས་ཐ་སྙད་རང་མཚན་གྱིས་གྲུབ་པ་ཁས་ལེན་དགོས་པ་དང་རང་རྒྱུད་པ་ཡིན་དགོས་དོན་གཏན་ནས་མེད་དེ། སྐྱེ་སོགས་བདེན་མེད་དམ་ངོ་བོ་ཉིད་ཀྱིས་སྟོང་པར་གཏན་ལ་འབེབས་སྐབས་དགག་བྱ་ལ་རང་བཞིན་དང་རང་མཚན་ངོ་བོ་ཉིད་བདེན་གྲུབ་དང་དོན་དམ་སོགས་ཅི་རིགས་ཀྱི་ཁྱད་པར་སྦྱར་ནས་འགོག་ནུས་པའི་ཕྱིར་ངེས་པར་དུ་དོན་དམ་དང་ཡང་དག་པའི་ཁྱད་པར་ཁོ་ན་སྦྱོར་མི་དགོས་པའི་ཕྱིར་རོ། །ཐལ་འགྱུར་བའི་ལུགས་ཀྱི་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བ་ནི། བྱང་ཆུབ་སེམས་འགྲེལ་ལས།[14] སྲིད་པའི་ལམ་ལ་སྐྱོ་རྣམས་ལ། །ངལ་གསོའི་དོན་དུ་ཐེག་པ་ཆེ། །འབྱུང་བའི་ཡེ་ཤེས་གཉིས་པོ་ཡང་། །གསུངས་པ་ཡིན་ཏེ་དོན་དམ་མིན། །ཞེས་དང་། སྟོང་ཉིད་བདུན་ཅུ་པའི་རང་འགྲེལ་ལས།[15] དོན་དམ་པར་རང་བཞིན་གྱིས་དངོས་པོ་འགའ་ཡང་མེད་ལ། ཞེས་དང་། [16]དོན་དམ་པར་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བ་དེར་ཟད་དོ། །ཞེས་དང་། སྟོང་ཉིད་བདུན་ཅུ་པའི་རྒྱ་ཆེར་འགྲེལ་ལས།[17] ཐ་སྙད་ཀྱི་དབང་གིས་བརྗོད་པ་འགའ་ཞིག་ཏུ་གྲུབ་ཀྱི། དོན་དམ་པའི་དབང་གིས་ནི་མ་ཡིན་ནོ། །ཞེས་དང་། [18]ཀུན་རྫོབ་ཏུ་མིག་ཡོད་ལ་དོན་དམ་པར་མེད་དོ། །ཞེས་དང་། [19]འཁྲུལ་བ་ཡང་དོན་དམ་པ་ཡིན་པ་མི་རིགས་སོ། །ཞེས་དང་། བཞི་བརྒྱ་པའི་འགྲེལ་ཆེན་ལས།[20] འདི་ཡང་འཇིག་རྟེན་ཐ་སྙད་ཡིན་གྱི་དོན་དམ་པ་ནི་མ་ཡིན། ཞེས་དང་། འཇུག་པ་རང་འགྲེལ་ལས།[21] དོན་དམ་པར་མ་སྐྱེས་པ་དང་མ་འགགས་པའི་ཕྱིར། ཞེས་དང་།

ཚིག་གསལ་ལས།[22] མཚན་ཉིད་འདི་ནི་ཀུན་རྫོབ་པ་ཡིན་གྱི་དོན་དམ་པ་ནི་མ་ཡིན་པས་ཉེས་པ་མེད་དོ། །ཞེས་གསུངས་པ་ལྟ་བུ་རྣམས་སོ། །འགའ་ཞིག་གིས་དེ་དག་ཐལ་འགྱུར་བའི་གཞུང་ནས་གསུངས་ཀྱང་ཡིན་རྒྱུ་ནི་ཐམས་ཅད་རང་རྒྱུད་པའི་འདོད་པ་ཡིན་ཞེས་སྨྲ་ཡང་དེ་མི་འཐད་དེ། ཧ་ཤང་གི་ཅིག་ཅར་འཇུག་པ་རྣམ་པར་མི་རྟོག་པའི་བསྒོམ་དོན་ལས།[23] གཟུགས་ལ་སོགས་པ་ཕྱི་ནང་གི་ཆོས་ཀུན་ཀྱང་། དོན་དམ་པར་ཡང་ཆོས་ཙམ་དུ་ནི་མ་མཆིས་པར་འཚལ། ཞེས་དང་།

[24]དོན་དམ་པར་ནི་ནང་གི་སེམས་དང་། ཕྱིའི་ཡུལ་གཉི་ག་ཡང་བདག་དང་གཞན་དང་། གཉི་ག་དང་རྒྱུ་མེད་པ་ལ་མ་སྐྱེས་པས། ཞེས་དང་། གཞན་ཡང་བསམ་གཏན་ཅིག་ཅར་འཇུག་པའི་སྒོ་ཞེས་བྱ་བ་ལས།[25] ཀུན་རྫོབ་ཏུ་ཕྱི་ནང་གི་ཆོས་ཐམས་ཅད་ནི། ཐོག་མ་ནས་རང་གི་རྣམ་པར་རྟོག་པས་འཁྲུལ་བར་མཐོང་བའམ། རྟེན་ཅིང་འབྲེལ་ཏེ་བྱུང་བ་སྒྱུ་མའི་མཚན་ཉིད་ཙམ་ཡིན་པས། དོན་དམ་པར་དངོས་པོ་མེད་དོ། །ཞེས་བཤད་པ་ཡང་མཐར་ཐུག་ལྟ་བ་གཏན་ལ་འབེབས་པ་ལ་དགག་བྱར་དོན་དམ་གྱི་སྒྲ་དངོས་སུ་སྦྱར་བའི་ཕྱིར་རང་རྒྱུད་པའི་འདོད་པ་ཡིན་པར་ཐལ་ལོ། །ཡང་ན་ཧ་ཤང་མ་ཧཱ་ཡཱ་ནའི་རྗེས་འཛིན་ལ་ཡང་ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་སུ་འདོད་དགོས་སམ།

གཞན་ཡང་ཚེ་གཅིག་ལུས་གཅིག་གི་སངས་རྒྱས་སྒྲིབ་པ་ཀུན་ཟད་ཀྱི་གྲུབ་ཐོབ་རྩོད་མེད་ཡོངས་གྲགས་ཀྱི་རྣལ་འབྱོར་པ་ཆེན་པོ་རྗེ་མི་ལས།[26] དོན་དམ་བདེན་པའི་དབང་བྱས་ན། །དགེ་བའི་སངས་རྒྱས་ཉིད་ཀྱང་མེད། །ཆོས་སྐུ་ས་ལ་ལམ་ཡང་མེད། །ཅེས་གསུངས་པའི་རྗེ་མི་ལའི་གསུང་དེ་ཡང་དབུ་མ་ཐལ་འགྱུར་བས་ཁས་ལེན་མི་ནུས་པར་རང་རྒྱུད་པ་ཁོ་ནའི་འདོད་པ་རེད་ཅེས་བརྗོད་ཐུབ་བམ་ལེགས་པར་སོམས། སྤྱིར་བཏང་ནས་དོན་དམ་གཏན་འབེབས་སྐབས་དགག་བྱ་ལ་དོན་དམ་གྱི་སྒྲ་སྦྱར་མ་སྦྱར་གྱིས་ཐལ་རང་གི་ཁྱད་པར་དུ་ཕྱེ་ན། མུ་སྟེགས་པའི་གཞུང་སྟེ་ཁྱབ་འཇུག་གི་ཞལ་ལྔ་པ་ཞེས་བྱ་བ་ལས།[27] མིང་ཙམ་ལས་ནི་རབ་འདས་ཤིང་། །དངོས་དང་དངོས་མེད་རྣམ་པར་སྤངས། །ཞེས་དང་། དངོས་ལ་དངོས་ཉིད་ཡོད་མ་ཡིན། །དངོས་མེད་ལའང་དངོས་ཉིད་མེད། །དངོས་དང་དངོས་མེད་རྣམ་གྲོལ་བར། །གང་གིས་ཤེས་དེ་དེ་ཉིད་རིག །ཅེས་བཤད་པ་དེ་དག་དོན་དམ་གཏན་འབེབས་སྐབས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་མ་སྦྱར་བའི་ཕྱོགས་དང་མཚུངས་པའི་ཕྱིར་དབུ་མ་ཐལ་འགྱུར་བའི་གྲུབ་མཐར་ཁས་ལེན་དགོས་པར་ཐལ་བ་ལ་ལན་ཅི་ཡང་མི་རྙེད་དོ།།

དེས་ན་སྔར་དྲངས་པའི་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་གཞུང་དེ་དག་ནི་ཐལ་འགྱུར་བའི་བཞེད་དགོངས་ཡིན་ཏེ། སྟོང་ཉིད་བདུན་ཅུ་པ་ལས།[28] དངོས་པོ་ཐམས་ཅད་རང་བཞིན་གྱིས། །སྟོང་པ་ཡིན་པས་དངོས་རྣམས་ཀྱིས། །རྟེན་འབྱུང་དེ་ནི་རང་བཞིན་གཤེགས། །མཚུངས་པ་མེད་པར་ཉེ་བར་བསྟན། །དམ་པའི་དོན་ནི་དེར་ཟད་དོ། །ཞེས་གསུངས་པ་ལྟར་དངོས་རྣམས་རང་བཞིན་གྱིས་མ་གྲུབ་པའི་རྒྱུ་མཚན་གྱིས་དོན་དམ་པར་མ་གྲུབ་པའི་དོན་དུ་འཆད་པ་ལ་བརྟགས་ན་ངེས་ནུས་ཏེ། རང་རྒྱུད་པས་ནི་ཆོས་ཀུན་རང་བཞིན་གྱིས་གྲུབ་པར་འདོད་པ་ལས་རང་བཞིན་གྱིས་སྟོང་པའི་ཆོས་ནི་ཤིག་གི་སྲོ་མ་ཙམ་ཡང་མི་འདོད་པར་གོང་དུ་རྒྱས་པར་བཤད་ཟིན་ཏོ། །མདོར་བསྡུས་ན་ཕྱོགས་སྔ་མས་ཐལ་འགྱུར་བ་རང་ངོར་ཁས་ལེན་མེད་པར་བཤད་པ་དང་ཁས་ལེན་ཐམས་ཅད་གཞན་ངོར་སྐྱེལ་བ་དེ་ནི་ལུང་རིགས་གང་གི་དབང་དུ་བྱས་ཀྱང་མི་འཐད་དེ། ལས་དགེ་སྡིག་ལ་བརྟེན་ནས་འབྲས་བུ་བཟང་ངན་འབྱུང་བ་ལྟ་བུ་གང་ཟག་བྱེ་བྲག་གི་བློ་ངོར་ལྟོས་མི་དགོས་པར་ཐ་སྙད་གནས་ཚུལ་ལ་ཇི་བཞིན་ཡོད་པ་ལ་དེ་ལྟར་དུ་ཁས་ལེན་པ་དེ་ནི་རང་ངོའི་ཁས་ལེན་དང་། ཕ་གསད་པར་བྱ་བ་ལྟ་བུ་དངོས་ཡོད་ལ་མི་རན་བཞིན་དུ་ཕ་རོལ་པོའི་བློ་ངོར་ལྟོས་པའི་སྒོ་ནས་ཁས་ལེན་པ་ལྟ་བུ་ནི་གཞན་ངོའི་ཁས་ལེན་ཚུལ་དེ་ལྟ་བུ་གཉིས་ལས།

ཐལ་འགྱུར་བས་ཐ་སྙད་ཁས་ལེན་ལུགས་དེ་ནི་དང་པོ་ལྟར་ཡིན་པའི་ཕྱིར་ཏེ། རྩ་ཤེས་ལས།[29] རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། རྩོད་ཟློག་ལས།[30] གང་ལ་སྟོང་པ་ཉིད་སྲིད་པ། །དེ་ལ་དོན་རྣམས་ཐམས་ཅད་སྲིད། །ཅེས་དང་། བྱང་ཆུབ་སེམས་འགྲེལ་ལས།[31] ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང་། །དེ་ནི་ངོ་མཚར་བས་ངོ་མཚར་། །རྨད་དུ་བྱུང་བས་རྨད་དུ་བྱུང་། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་དོན་དངོས་ཡོད་གནས་ཚུལ་ལ་རང་གི་གདགས་གཞིའི་ངོས་ནས་མ་གྲུབ་པར་གཞན་ལ་རག་ལས་པའམ་གཞན་ལ་བརྟེན་ནས་འབྱུང་བ་དང་། རང་མཚན་གྱིས་སྟོང་པ་ཤ་སྟག་ཡིན་པ་ལ་དེ་ལྟར་དུ་ཁས་ལེན་ལུགས་དེ་ནི་ངོ་མཚར་བས་ཀྱང་ངོ་མཚར་རྨད་བྱུང་བས་ཀྱང་རྨད་བྱུང་དུ་མཐོང་བའི་ཕྱིར་ཐལ་འགྱུར་བའི་གྲུབ་མཐའི་བཞེད་མཚམས་ལས་མ་འདས་པའི་ཕྱིར་རོ།།

གཉིས་པ་རང་ཕྱོགས་གཞག་པ་ལ། །དགག་བྱའི་དོན་གཞག་དགག་གཞི་ཆོས། །མི་འགོག་རྒྱུ་མཚན་བསྟན་པ་དང་། །དགག་བྱར་དཔྱོད་ཚུལ་མ་ནོར་བར། །བསྟན་པའི་ས་བཅད་རྣམ་གསུམ་ལས། །དང་པོར་དངོས་དང་ལོག་རྟོག་དགག །རང་གི་ཤེས་བྱེད་འགོད་པ་གསུམ།།

དང་པོ། དགག་བྱ་ཞེས་པ་ནི་གཏི་མུག་བདེན་འཛིན་གྱིས་བཅོས་པའམ་དེས་སྒྲོ་བཏགས་པ་སྟེ་རང་བཞིན་གྱིས་གྲུབ་པའམ་བདག་ཏུ་གྲུབ་པ་དེ་ཙམ་ཞིག་ལ་འཇོག་དགོས་ཏེ། བཞི་བརྒྱ་པའི་འགྲེལ་ཆེན་ལས།[32] དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གིས་དབྱེ་བས་གཉིས་སུ་རྟོགས་ཏེ། ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པ་ཞེས་བྱའོ། །ཞེས་དང་། བུདྡྷ་པཱ་ལི་ཏ་ལས།[33] ཆོས་ཐམས་ཅད་བདག་མེད་དོ་ཞེས་གསུངས་པ་དང་བདག་མེད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་དོན་ཏེ། བདག་ཅེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་ཀྱི་ཚིག་ཡིན་པའི་ཕྱིར་རོ། །ཞེས་པས་ཆོས་དང་གང་ཟག་གི་བདག་མེད་གཉིས་ལས་ལྷག་པའི་རྟོགས་བྱ་མཐར་ཐུག་པ་ཞིག་མེད་པའི་ཕྱིར། དེ་གཉིས་གཏན་ལ་འབེབས་པ་ལ་ནི་གོང་དུ་དེ་མེད་པ་ནི་བདག་མེད་པའོ་ཞེས་དྲངས་པ་ལྟར། དགག་བྱ་རང་བཞིན་གྱིས་གྲུབ་པའམ་བདག་ཏུ་གྲུབ་པ་དེ་ཁོ་ན་འགོག་པ་ལས་རང་བཞིན་གྱིས་སྟོང་པའི་ཀ་བ་བུམ་པ་སོགས་དགག་དགོས་པ་རྒྱལ་བའི་བཀའ་བསྟན་གང་ནས་ཀྱང་མ་གསུངས་པའི་ཕྱིར་རོ། །མདོར་ན་འདིར་དེ་ཁོ་ན་ཉིད་འཚོལ་བའི་རིགས་པའི་དགག་བྱ་ཞེས་བྱ་བ་ནི་བདེན་འཛིན་གྱི་ཞེན་ཡུལ་དང་འཛིན་སྟངས་ཡུལ་གང་ཡིན་པ་ལ་བརྗོད་པ་ནི་ཐལ་འགྱུར་བའི་སློབ་དཔོན་ཆེན་པོ་དཔལ་ལྡན་ཟླ་བ་གྲགས་པ་རང་ཉིད་ཀྱི་དགོངས་པ་ཡིན་ནོ།།

གཉིས་པ་ལོག་པར་རྟོག་པ་དགག །དེང་སང་མང་པོ་ཞིག་གིས་བདག་མེད་གཉིས་ལས་ལྷག་པའམ་དེ་ལས་རྟོགས་དཀའ་ཞིང་གནད་ཟབ་ཤོས་ནི་མཐའ་ཀུན་དང་བྲལ་བའི་སྤྲོས་བྲལ་ཞེས་བྱ་བ་དེ་ཡིན་པ་དང་། དེ་ཡང་ཉན་རང་གིས་རྟོགས་མི་ནུས་པའི་གནས་ལུགས་ཆེན་པོ་ཞིག་ཏུ་རྗོད་ཀྱི་འདུག རྒྱ་གར་མཁས་པ་རྣམས་ཀྱི་གཞུང་ལ་བསམས་ན་བཤད་སྲོལ་དེ་ནི་མི་འཐད་དེ། བཞི་བརྒྱ་པ་ལས།[34] ཞི་སྒོ་གཉིས་པ་མེད་པ་དང་། །ལྟ་བ་ངན་རྣམས་འཇིག་བྱེད་ཅིང་། །ཞེས་དང་། དེའི་འགྲེལ་ཆེན་ལས།[35] དེ་ཉིད་ཀྱི་ཕྱིར་རང་བཞིན་མེད་པའི་མཚན་ཉིད་ཅན་གྱི་བདག་མེད་པ་འདི་ནི་ཞི་བའི་སྒོ་གཉིས་པ་མེད་པར་འགྱུར་ཏེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱ་བ་ལ་འདི་གཅིག་པུ་ཁོ་ན་ཟླ་མེད་པའི་སྒོ་ཞིག་གོ །ཞེས་དང་། [36]དེའི་ཕྱིར་བདག་མེད་པ་འདི་ནི་ཞི་བའི་སྒོ་གཉིས་པ་མེད་པ་ཁོ་ན་ཡིན་ནོ། །ཞེས་དང་། བཞི་བརྒྱ་པ་ལས།[37] ཆོས་འདི་ཡི་ནི་མིང་ལས་ཀྱང་། །དམ་པ་མིན་པ་འཇིགས་པ་སྐྱེ། །གཞན་ལ་འཇིགས་པ་མི་སྐྱེད་པའི། །སྟོབས་ལྡན་ཞེས་བྱ་གང་ཞིག་མཐོང་། །ཞེས་དང་། དེའི་འགྲེལ་ཆེན་ལས།[38] བདག་མེད་པ་འདི་ནི་དམ་པས་སྐྱེ་བོ་བློ་ཞན་པ་ལ་བསྟན་པར་བྱ་བ་མ་ཡིན་ཏེ། ཞེས་དང་། དམ་པ་མ་ཡིན་པ་ནི་ཆོས་འདི་གཏིང་གཏུག་པར་དཀའ་ཞིང་ཟབ་པའི་ཕྱིར་བདག་མེད་པའི་སྒྲ་ཐོས་པ་ལས་ཀྱང་འཇིགས་པ་སྐྱེའོ། །ཞེས་དང་། བདག་མེད་པར་ལྟ་བ་ནི་སྟོབས་དང་ལྡན་པ་ཡིན་ཏེ། དམ་པ་མ་ཡིན་པའི་ལྟ་བ་ཐམས་ཅད་དྲུངས་འབྱིན་པར་ནུས་པའི་ཕྱིར་རོ། །ཞེས་གསུངས་པ་བཞིན་བདག་མེད་པ་དེ་ནི་མཐར་ཐུག་གི་ཐར་པ་འཐོབ་པ་ལ་ཞི་བའི་སྒོ་གཅིག་པུར་གྱུར་པ་དང་ཆོས་ཀུན་ལས་ཆེས་ཟབ་ཅིང་རྟོགས་དཀའ་བའི་ཕྱིར། རང་སྟོང་གི་དོན་ལ་བློ་ཁ་མ་ཕྱོགས་པའི་བློ་དམན་པ་རྣམས་ལ་སྟོན་པར་མི་ནུས་པ་དང་དེ་དག་གིས་སྒྲ་ཐོས་པ་ཙམ་གྱིས་ཀྱང་འཇིགས་པ་སྐྱེ་བའི་གནས་ལུགས་ཟབ་མོ་ཞིག་ཡིན་པར་གསུངས་པའི་ཕྱིར་དེ་ལས་ལྷག་པའི་གནས་ལུགས་མཐར་ཐུག་པ་ཞིག་གམ་སྤྲོས་བྲལ་ཞེས་བྱ་བ་ཞིག་རྒྱལ་བའི་བཀའ་བསྟན་བཅོས་གང་ནས་ཀྱང་མ་བསྟན་ཏོ།།

དེས་ན་བཞི་བརྒྱ་པ་ལས།[39] གང་ལ་བརྟེན་ནས་འབྱུང་ཡོད་པ། །དེ་ནི་རང་དབང་མི་འགྱུར་རོ། །འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་དང་། བུདྡྷ་པཱ་ལི་ཏ་ལས།[40] ཆོས་ཐམས་ཅད་བདག་མེད་དོ་ཞེས་གསུངས་པ་དང་། བདག་མེད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་དོན་ཏེ། ཞེས་གསུངས་པ་ལྟར་སྤྲོས་བྲལ་ཞེས་པ་ནི་རྗོད་བྱེད་ཚིག་གི་ཉམས་ཇི་ཙམ་ཐོན་ཀྱང་དོན་ལ་ནི་བདག་མེད་དང་སྟོང་ཉིད་སྤྲོས་བྲལ་གསུམ་ལ་རྟོགས་དཀའ་སླ་དང་ཕྲ་རགས་ཀྱི་ཁྱད་པར་གང་ཡང་མེད་དེ། དགག་བྱ་ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་དེ་ཙམ་ཞིག་དེ་དག་གི་དོན་ཡིན་པའི་ཕྱིར། དཔེར་ན་བུམ་པའི་སྟེང་གི་སྟོང་ཉིད་དང་ཀ་བའི་སྟེང་གི་སྟོང་ཉིད་བཞིན་ནོ། །རྒྱུ་མཚན་དེ་བས་ན་ཀླུ་སྒྲུབ་ཡབ་སྲས་ཀྱིས་གསུངས་པའི་སྤྲོས་བྲལ་དེ་ནི་ཉན་རང་འཕགས་པའི་སྤྱོད་ཡུལ་དུ་གྱུར་པ་ཡིན་ཏེ། བཞི་བརྒྱ་པ་ལས།[41] སངས་རྒྱས་ཀུན་གྱི་ཡུལ་གྱུར་ལ། །བདག་མེད་ཅེས་ནི་བྱ་བར་བརྗོད། །ཅེས་དང་། དེའི་འགྲེལ་ཆེན་ལས།[42] བདག་མེད་པ་ནི་སངས་རྒྱས་ཀུན་གྱི་ཡུལ་ཏེ། སངས་རྒྱས་ཀྱི་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིའོ། །ཞེས་གསུངས་པའི་ཕྱིར། ཁྱབ་པ་དེ་མ་ཐག་ཏུ་གྲུབ་ཟིན་ཏོ།།

གསུམ་པར་ལུང་རིགས་ཤེས་བྱེད་གཉིས། །དང་པོ། བཞི་བརྒྱ་པ་ལས།[43] དངོས་པོ་གཅིག་གི་ལྟ་པོ་གང་། །དེ་ནི་ཀུན་གྱི་ལྟ་པོར་བརྗོད། །ཅེས་དང་། དེའི་འགྲེལ་ཆེན་ལས།[44] ཆོས་གཅིག་ཁོ་ནའི་རང་བཞིན་གྱིས་མ་སྐྱེས་པ་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་མ་སྐྱེས་པ་ཡང་ཡོངས་སུ་ཤེས་པར་འགྱུར་ཏེ། ཞེས་དང་། [45]ཇི་ལྟར་རོ་མཚུངས་པའི་ཕྱིར་གཅིག་ཏུ་རྒྱ་མཚོའི་རོ་མྱངས་ན་ཐམས་ཅད་རོ་མྱང་བར་འགྱུར་བ་དེ་བཞིན་དུ། དངོས་པོ་རྣམས་ཀྱི་འདུས་བྱས་སྟོང་པ་ཉིད་ཀྱང་ཡིན་ཏེ། མཚན་ཉིད་མཚུངས་པའི་ཕྱིར་རོ། །ཞེས་དང་། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་མདོ་ལས།[46] གང་གིས་ཆོས་གཅིག་སྒོ་ནས་ཆོས་རྣམས་ཀུན། །སྒྱུ་མ་སྨིག་རྒྱུ་འདྲ་ཞིང་གཟུང་མེད་ལ། །གསོབ་རྫུན་ཐེར་ཟུག་མིན་པར་ཤེས་པ་དེ། །རིང་པོར་མི་ཐོགས་བྱང་ཆུབ་སྙིང་པོར་འགྲོ། །ཞེས་དང་། ཏིང་འཛིན་རྒྱལ་པོའི་མདོ་ལས་ཀྱང་།[47] གཅིག་གིས་ཐམས་ཅད་མཐོང་བར་འགྱུར། །ཞེས་དཔེ་དང་རིགས་པ་གཉིས་ཀྱི་སྒོ་ནས་རྒྱས་པར་གསུངས་པའི་ཕྱིར་རོ། །གཞན་ཡང་ས་བཅུ་པའི་མདོ་ལས།[48] འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་དམིགས་སུ་མེད་པའོ། །འདིས་ནི་དེ་བཞིན་གཤེགས་པ་རྣམས་ཉི་ཚེ་རབ་ཏུ་དབྱེ་བར་བྱ་བ་མ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་རྣམ་པར་མི་རྟོག་པའི་ཆོས་ཉིད་འདི་ཐོབ་བོ། །ཞེས་པས་ཐེག་ཆེན་འཕགས་པ་ལྟར་ཉན་རང་འཕགས་པས་ཀྱང་ཆོས་ཐམས་ཅད་ཀྱི་སྟེང་དུ་སྟོང་ཉིད་རྟོགས་པ་ཡོད་པར་མདོ་བསྟན་བཅོས་གཉིས་ཀ་ལས་གསལ་བར་བསྟན་པའི་ཕྱིར། དེ་ལས་ལྷག་པའི་སྤྲོས་བྲལ་ཞིག་བཅོམ་ལྡན་འདས་ཀྱིས་ཀྱང་གཟིགས་མི་ཤེས་པས་ན་ཉན་རང་འཕགས་པས་སྤྲོས་བྲལ་མ་རྟོགས་ཞེས་བློ་ཆུང་གསར་བུ་བ་ཚོས་རང་དགར་རྗོད་ཐུབ་བམ།

འདིར་གོང་གི་ལུང་དེ་ཉན་རང་འཕགས་པས་རང་གིས་རྟོགས་ནུས་པའི་ཆོས་ཐམས་ཅད་སྟོང་ཉིད་རྟོགས་ཞེས་པའི་དོན་ལས་སྤྱིར་ཆོས་ཐམས་ཅད་ཀྱི་སྟེང་དུ་སྟོང་ཉིད་རྟོགས་པའི་དོན་མིན་ཟེར་མཁན་ཚོ་ལ་འདི་ཞུ་བར་བྱ་སྟེ། འོ་ན་ཉན་རང་གིས་རྟོགས་ནུས་པའི་སྟོང་ཉིད་དེ་ཆོས་ཀྱི་དབྱིངས་དང་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཡིན་ནམ་མིན། དང་པོ་ལྟར་ན་ཉན་རང་གིས་ཆོས་ཐམས་ཅད་ཀྱི་སྟོང་ཉིད་མ་རྟོགས་པར་ཁས་ལེན་ཚར། གཉིས་པ་ལྟར་ན་ས་བཅུ་པའི་མདོ་ལས་ཆོས་ཀྱི་དབྱིངས་འདི་ནི་གནས་པ་ཉིད་དེ་འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དེ་ཞེས་པའི་མཚམས་སྦྱར་དུ་ཉན་རང་གིས་ཀྱང་རྣམ་པར་མི་རྟོག་པའི་ཆོས་ཉིད་འདི་ཐོབ་བོ་ཞེས་པའི་རྒྱལ་བའི་བཀའ་ལུང་ཟབ་མོ་དང་འགལ་བར་འགྱུར་རོ། །འཇུག་པ་རང་འགྲེལ་ལས་ཀྱང་།[49] ལུང་འདི་ལས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་ཡང་ཡོད་དོ་ཞེས་བྱ་བར་གསལ་བར་ངེས་ཏེ་ཞེས་པས་ས་བཅུ་པའི་མདོ་ཡི་དགོངས་དོན་ནི། ཉན་རང་གིས་སྤྱིར་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་དོན་ཡིན་པར་དཔལ་ལྡན་ཟླ་བ་གྲགས་པ་རང་ཉིད་ཀྱིས་གསལ་བར་གསུངས་པའི་ཕྱིར། དེ་ལས་ཟུར་དུ་ཉན་རང་གི་རྟོགས་བྱའི་ཁྱད་པར་སྦྱོར་དོན་མེད་དོ། །དེ་ལྟའི་ཁྱད་པར་སྦྱར་བའི་གཞུང་ཚིག་ཅིག་བཀའ་བསྟན་བཅོས་གང་དུའང་མཇལ་རྒྱུ་མི་འདུག་ལ་རིགས་པས་ཀྱང་གྲུབ་དཀའ་སྟེ་བཤད་མ་ཐག་པའི་ལུང་རིགས་ཟབ་མོ་དང་འགལ་བའི་ཕྱིར་རོ།།

གཉིས་པ་རིགས་པའི་ཤེས་བྱེད་ནི། །གལ་ཏེ་དེ་ལྟར་མི་འདོད་ན་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆོས་ཅན། ཉན་རང་འཕགས་པ་ལ་བློ་ཡི་སྒོ་ནས་ཟིལ་གྱིས་གནོན་པར་ཐལ། སྤྲོལ་བྲལ་མངོན་སུམ་དུ་རྟོགས་ཤིང་ཆོས་ཐམས་ཅད་ཀྱི་སྟེང་དུ་སྟོང་ཉིད་རྫོགས་པར་རྟོགས་པ་གང་ཞིག་ཉན་རང་འཕགས་པས་ནི་སྤྲོས་བྲལ་ཙམ་ཡང་མ་རྟོགས་པ་མ་ཟད་གང་རྟོགས་ཟིན་པའི་སྟོང་ཉིད་དེ་ཡང་ཡུངས་འབྲུའི་ནང་གི་བུ་གུ་ལྟ་བུ་ཆུང་ངུ་ཙམ་ཞིག་ལས་མ་རྟོགས་པའི་ཕྱིར། རྟགས་ཁས་བླངས་སུ་སོང་། ཁྱབ་པ་གྲུབ་སྟེ། རྟོགས་པའི་ཡེ་ཤེས་ལ་གནམ་སའི་བར་གྱི་ཁྱད་པར་ཤོར་བ་དེ་ལྟ་བུ་ལ་བློ་ཡི་སྒོ་ནས་ཟིལ་གྱིས་གནོན་པའི་དོན་དུ་མི་འགྲོ་ན་ཟླ་བ་གྲགས་པས་ས་བདུན་པའི་ཡེ་ཤེས་དེ་སྐད་ཅིག་སྐད་ཅིག་གིས་འགོག་པ་ལ་འཇུག་ལྡང་བྱེད་པས་ཉན་རང་གི་བློ་ལ་ཟིལ་གྱིས་གནོན་པར་གསུངས་པ་ལ་རྒྱུ་མཚན་བཤད་དུ་མེད་པར་འགྱུར་རོ།།

དེས་ན་འདིར་སྤྲོས་བྲལ་དང་བདག་མེད་སྟོང་ཉིད་གསུམ་དོན་གཅིག་ཏུ་འདོད་པའི་རང་ལུགས་ལ་ཉན་རང་གིས་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཤེས་བྱེད་ནི་འདི་ལྟར་ཏེ། ཉན་རང་འཕགས་པ་ཆོས་ཅན། སྤྲོས་བྲལ་མངོན་སུམ་དུ་རྟོགས་ཏེ། སྟོང་ཉིད་རྫོགས་པར་རྟོགས་པའི་ཕྱིར། དེར་ཐལ། ཆོས་གཅིག་གི་སྟེང་དུ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར། ཁྱབ་སྟེ། ཆོས་རེ་རེའི་སྟེང་གི་སྟོང་ཉིད་རྟོགས་པ་ལ་སྒྲུབ་བྱེད་གསར་པ་རེ་འགོད་དགོས་ན་ཤེས་བྱའི་ཆོས་ལ་མཐའ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྟེང་དུ་སྟོང་ཉིད་རྟོགས་པའི་དུས་ནམ་ཡང་མི་སྲིད་པར་ཐལ་བའི་ཕྱིར། དེ་མི་སྲིད་ན་ཐེག་ཆེན་འཕགས་པས་ཀྱང་ཆོས་ཐམས་ཅད་ཀྱི་སྟེང་དུ་སྟོང་ཉིད་རྟོགས་པར་བཤད་པ་ཡང་ཐེག་ཆེན་འཕགས་པ་ཡིན་པའི་ཕྱིར་ཟེར་བ་དང་སྤྲོས་བྲལ་རྟོགས་པའི་ཕྱིར་ཟེར་བ་ལྟ་བུ་བསྒྲུབ་བྱ་སྒྲུབ་བྱེད་དུ་འགོད་པ་ཙམ་ལས་རིགས་པ་རྣམ་དག་གི་སྒྲུབ་བྱེད་ནམ་ཡང་འགོད་མི་ཤེས་པར་འགྱུར་བའི་ཕྱིར་རོ།།

གསུམ་པ་དགག་གཞི་མི་འགོག་ཚུལ། །རང་བཞིན་གྱིས་སྟོང་པའི་ཆོས་རྣམས་ནི་ཡོད་པ་ཡིན་པས་རིགས་པའི་དགག་བྱ་ཡིན་པར་འགལ། གལ་ཏེ་ཡོད་བཞིན་དུ་དངོས་ཡོད་གནས་ཚུལ་ལ་དགག་དགོས་ན། ཐམས་ཅད་རང་བཞིན་གྱིས་གྲུབ་པ་ཉིད་དུ་ཐལ་བར་འགྱུར་ཏེ། རྩོད་ཟློག་རང་འགྲེལ་ལས།[50] དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་འགོག་པར་བྱེད་ན་ནི། རང་བཞིན་མེད་པ་ཉིད་བཀག་པའི་ཕྱིར་དངོས་པོ་རྣམས་རང་བཞིན་དང་བཅས་པར་འགྱུར་ལ། རང་བཞིན་དང་བཅས་པའི་ཕྱིར་སྟོང་པ་མ་ཡིན་པར་འགྱུར་རོ། །ཞེས་དང་། [51]གང་གི་ཕྱིར་འདི་ཐམས་ཅད་ལ་མེད་པའི་ཕྱིར་འདི་རང་བཞིན་མེད་པ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་སྟོང་པ་ཡིན་ནོ། །དེ་ལྟ་བས་ན་འདིས་དངོས་པོ་ཐམས་ཅད་ཟློག་པར་བྱེད་མི་ནུས་སོ་ཞེས་གསུངས་སོ།།

གཞན་ཡང་ཆོས་ཐམས་ཅད་དོན་དམ་པ་དང་ཐ་སྙད་གཉིས་ཀར་བཀག་པ་ཡིན་ན་རྟེན་འབྲེལ་ལྟོས་གྲུབ་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕབ་ཟིན་པའི་སྟོང་ཉིད་ལྟ་བའི་ལག་རྗེས་ལ་ཆོས་རྣམས་སྒྱུ་མ་ལྟ་བུའི་སྣང་བ་ཡང་མི་སྲིད་པར་འགྱུར་ཏེ། བཞི་བརྒྱ་པའི་འགྲེལ་ཆེན་ལས།[52] གལ་ཏེ་རྣམ་པར་དཔྱོད་པ་འདིས་སྐྱེ་བ་རྣམ་པ་ཐམས་ཅད་དུ་བཀག་པ་ལས་འདུས་བྱས་སྐྱེ་བ་མེད་པར་བསྟན་པར་འདོད་ན་ནི་དེའི་ཚེ་དེ་སྒྱུ་མ་ལྟ་བུ་ཉིད་དུ་མི་འགྱུར་གྱི། ཞེས་གསུངས་སོ། །དེས་ན་སྟོང་ཉིད་བདུན་ཅུ་པ་ལས།[53] འཇིག་རྟེན་སྒྲུབ་འདི་འགོག་མི་མཛད། །རྟེན་འབྱུང་གང་དེ་རང་བཞིན་མེད། །ཇི་ལྟར་དེ་ཡོད་ཡང་དག་ངེས། །འདི་ལ་བརྟེན་ནས་འདི་འབྱུང་ངོ་། །ཞེས་དང་། འཇུག་པ་ལས།[54] འཇིག་རྟེན་དོན་ནི་འཇིག་རྟེན་གྲགས་ཉིད་ཀྱིས། །གལ་ཏེ་སེལ་ན་འཇིག་རྟེན་གྱིས་གནོད་འགྱུར། །ཞེས་དང་། སྟོང་ཉིད་བདུན་ཅུ་པའི་རྒྱ་ཆེར་འགྲེལ་ལས།[55] དེ་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་དབང་དུ་བྱས་ཀྱི་དེ་སེལ་བའི་དབང་དུ་བྱས་པ་མ་ཡིན། །ཞེས་དང་། ཚིག་གསལ་ལས།[56] འཇིག་རྟེན་གྱི་ཆོས་ལུགས་ལས་ཉམས་པ་ཁྱོད་ཁོ་ན་ཟློག་པར་བྱེད་པ་ཡིན་གྱི་ཀུན་རྫོབ་ནི་མ་ཡིན་ནོ། །ཞེས་དང་། འཇུག་པ་རང་འགྲེལ་ལས།[57] བྱེད་པ་པོ་རང་བཞིན་དུ་གྱུར་པ་བཀག་པར་ཤེས་པར་བྱའི་བརྟེན་ནས་གདགས་པར་བྱ་བ་ཐ་སྙད་ཀྱི་ཡན་ལག་ཏུ་གྱུར་པ་ཡང་བཀག་གོ་ཞེས་བྱ་བ་ནི་ཤེས་པར་མི་བྱའོ། །ཞེས་དང་། བཞི་བརྒྱ་པའི་འགྲེལ་ཆེན་ལས།[58] ཁོ་བོ་ཅག་ནི་འདིར་དངོས་པོ་རྣམས་རང་གི་ངོ་བོས་གྲུབ་པ་འགོག་གི་མིག་ལ་སོགས་པ་བྱས་ཤིང་རྟེན་ཅིང་འབྲེལ་བར་འབྱུང་བའི་ལས་ཀྱི་རྣམ་པར་སྨིན་པ་ཉིད་ནི་མི་འགོག་གོ །ཞེས་རྒྱ་ཆེར་གསུངས་པའི་ཕྱིར་ཐམས་ཅད་དགག་བྱར་འདོད་པ་དེ་ནི་པཎ་གྲུབ་ཆེན་པོ་རྣམས་ཀྱི་ལུང་རིགས་ཟབ་མོ་དང་འགལ་བར་གྱུར་པའི་ཕྱིར་རྣམ་པ་ཀུན་ཏུ་ཁས་བླང་བར་མི་བྱའོ།།

གསུམ་པ་དགག་བྱར་དཔྱོད་ཚུལ་ནི། །དེས་ན་འདིར་དགག་བྱ་འགོག་པའི་རིགས་པ་ནི། དགག་རྟགས་ལས་སྣང་རུང་མ་དམིགས་པའི་གཏན་ཚིགས་ཡིན་པའི་ཕྱིར། གཏི་མུག་བདེན་འཛིན་གྱིས་ཇི་ལྟར་བཟུང་བ་ལྟར་གནས་པའི་ངོ་བོ་ཉིད་དུ་གྲུབ་པ་ཞིག་ཡོད་ན་བརྟགས་དོན་བཙལ་ནས་རྙེད་དགོས་པ་ལས། དེ་ལྟར་རྙེད་པའི་སྐབས་ནམ་ཡང་མི་སྲིད་པའི་ཕྱིར་དེ་རྣམ་པ་ཀུན་ཏུ་ཁེགས་པའི་དོན་དུ་འགྲོ་ཡང་། ཐ་སྙད་བདེན་པ་ནི་ཡོད་ཀྱང་རུང་མེད་ཀྱང་རུང་གནས་ལུགས་དཔྱོད་པའི་རིགས་པས་རྙེད་མི་དགོས་པའི་ཕྱིར། རིགས་པ་དེས་ཁེགས་པའི་རྒྱུ་མཚན་ཅི་ཞིག་ཡོད་དེ། དཔེར་ན་ཤ་ཟ་ལ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་མ་རྙེད་པ་ཙམ་ཡིན་ཡང་དེས་ཤ་ཟ་མ་ཁེགས་པའི་རིགས་པ་དང་མཚུངས་པའི་ཕྱིར་རོ། །དེས་ན་ངོ་བོ་ཉིད་ཀྱིས་གྲུབ་པ་དང་ཐ་སྙད་བདེན་པ་གཉིས་རིགས་པས་མ་རྙེད་པ་ཙམ་དུ་འདྲ་ན་ཡང་། སྔ་མ་དགག་བྱ་ཡིན་པ་དང་ཕྱི་མ་དགག་བྱ་མ་ཡིན་པའི་ཁྱད་པར་ནི། སྤྱིར་རིགས་པ་གང་ཞིག་གིས་རང་གི་དགག་བྱ་འགོག་ཚུལ་དང་བྱེ་བྲག་ཏུ་དགག་རྟགས་གཉིས་ཀྱི་དགག་བྱ་འགོག་ལུགས་མི་འདྲ་བའི་སྟེང་ནས་ཤེས་དགོས་པ་ལས་དེ་ལས་གཞན་དུ་ཅ་ཅོ་ཇི་ཙམ་སྒྲོག་ཀྱང་གོ་རྒྱུ་མེད་པ་ལུག་གིས་འབའ་སྒྲ་སྒྲོག་པ་ཙམ་དུ་ཟད། དེ་ལྟ་བུའི་རྩ་བའི་གནད་དེ་ངོས་ཟིན་མ་ཐུབ་ཕན་ཆད་ཁ་ནས་དགག་བྱ་འགོག་ཚུལ་ཇི་སྙེད་ཅིག་བརྗོད་པ་ནི་མ་བརྟགས་བབ་ཅོལ་གྱི་སྤོམ་བཤད་ཙམ་ལས་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་རྒྱན་དུ་ནམ་ཡང་མི་འགྲོ་བར་ཞུའོ།།

གནད་ཀྱི་དོན་ནི་སྒྲ་རྟག་པ་འགོག་པའི་རིགས་པས་དགག་བྱ་སྒྲ་རྟག་པ་འགོག་པའི་ཚེ་སྒྲ་དེ་ཉིད་རྟག་པའི་ངོ་བོར་གྲུབ་འདུག་གམ་མི་འདུག་དཔྱད་ནས་རང་གི་དགག་བྱ་འགོག་པ་ཙམ་ལས་དཔྱད་གཞི་སྒྲ་རང་ཉིད་གྲུབ་མ་གྲུབ་ལ་མི་དཔྱོད་པ་བཞིན་དུ། འདིར་ཡང་རིགས་པས་བུམ་སོགས་ངོ་བོ་ཉིད་ཀྱིས་གྲུབ་པ་འགོག་པ་ལྟ་བུ་ལ་སྟོང་གཞི་ཆོས་ཅན་བུམ་པ་དེ་ཉིད་ངོ་བོ་ཉིད་ཀྱིས་གྲུབ་ཡོད་མེད་ལ་དཔྱད་ནས་རང་གི་དགག་བྱ་འགོག་དགོས་པ་ལས་སྟོང་གཞི་ཆོས་ཅན་རང་ཉིད་གྲུབ་མ་གྲུབ་ལ་དཔྱད་པ་ནམ་ཡང་འཇུག་མི་དགོས་སོ། །དེས་ན་དགག་བྱ་དང་དགག་གཞི་གཉིས་དཔྱོད་ལུགས་མི་འདྲ་བ་དང་དཔྱོད་བྱེད་རིགས་པ་ཡང་སོ་སོ་ནས་ཡོད་པར་ཤེས་པར་བྱའོ། །ཡང་དོན་དཔྱོད་རིགས་པ་ནི་སྒྲ་རྟག་པ་འགོག་བྱེད་རིགས་པ་དེ་ལས་ཆེས་ཕྲ་བའི་ཕྱིར་དེ་དང་དགག་བྱ་འགོག་ལུགས་ཅི་ནས་ཀྱང་མི་མཚུངས་སོ་ཞེ་ན། འོ་ན་གཟུགས་བརྙན་ཆོས་ཅན། ཆོས་ཀུན་བདེན་མེད་སྒྲུབ་པའི་དཔེར་མི་རུང་བར་ཐལ། ཁྱོད་ཇི་བཞིན་དུ་བདེན་པར་མ་གྲུབ་པ་ནི་རགས་པ་དང་འཇིག་རྟེན་པས་མངོན་སུམ་དུ་རྟོགས་ནུས་ཀྱང་སྤྱིར་ངོ་བོ་ཉིད་ཀྱིས་སྟོང་པའི་བདེན་མེད་ནི་དེ་ལས་ཆེ་ཕྲ་བའི་ཕྱིར་རྗེས་དཔག་གིས་ཀྱང་ཡུན་རིང་གོམས་པ་ལ་མ་བརྟེན་པར་རྟོགས་མི་ནུས་པའི་ཕྱིར་ཞེ་ན་དེ་ལ་ལན་ཅི་ཡོད། དེས་ན་ཕྲ་རགས་དང་ཟབ་ཁྱད་ཡོད་པ་ཙམ་གྱིས་དཔེ་དང་རིགས་མཚུངས་སུ་མི་འགྲོ་བར་མ་ངེས་སོ།།

གསུམ་པ་མཇུག་བསྡུ་བ།

ཟབ་ཅིང་རླིངས་པའི་དབུ་མའི་གཞུང་ཆེན་རང་དགར་འཆད་ལ་མ་སྤོབས་ཀྱང་།།

རྒྱ་ཆེན་གཞུང་ལ་བརྡར་ཤ་བཅད་པའི་སྦྱངས་སྟོབས་བློ་ཡི་རིག་རྩལ་དང་།།

ནཱ་ལནྡཱ་ཡི་པཎ་གྲུབ་ཆེན་པོས་ལེགས་པར་བཤད་པའི་རྡོ་རྗེའི་ཚིག།

གཤིབ་སྡུར་བགྱིས་པས་ཀླུ་སྒྲུབ་ལྟ་སྒོམ་རྗེན་ཅེར་སྟོན་པའི་མེ་ལོང་ཙམ།།

ལུང་རིགས་ཟུང་འབྲེལ་གདོང་ལྔའི་ངར་ཤེད་འདི།།

ཐོས་ཙམ་བློ་ཞན་ཚོགས་རྣམས་འཇིགས་གྱུར་ཀྱང་།།

དཔྱོད་ལྡན་མཁས་པ་ཞིག་གིས་བསམས་ཤེས་ན།།

མཐར་ཐུག་དབུ་མའི་ཟབ་གནད་རྟོགས་ངེས་རེད།།

ཕྱོགས་འཛིན་དྲི་མ་མེད་པའི་མཛའ་གྲོགས་རྣམས།།

ཁོ་བོའི་བདེན་གཏམ་བདུད་རྩི་འདི་མྱོངས་དང་།།

གངས་ཅན་མཁས་པའི་དགོངས་པ་འཁྲུལ་མེད་དུ།།

རྣམ་དག་རིགས་པའི་ལམ་ནས་གསལ་ངེས་རེད།།


[1]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༢ པར་གསལ།

[2]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ རབ་བྱེད་ཉེར་བཞི་པ། ཤོག་གྲངས། ༡༠༧ པར་གསལ།

[3]  ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༣༩༡ པར་གསལ།

[4]  ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༣༥༡ པར་གསལ།

[5]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༤༣ པར་གསལ།

[6]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༥༣༨ པར་གསལ།          

[7]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༤༣༣ པར་གསལ།

[8]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༢༦༦ པར་གསལ།

[9]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༣༡༩ པར་གསལ།

[10]  ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༣༨༡ པར་གསལ།

[11]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༨༣ པར་གསལ།

[12]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༨༤ པར་གསལ།

[13]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༣༨ པར་གསལ།

[14]  སེ་ར་བྱེས་པར་མ། དེབ་གཟུགས། ཤོག་གྲངས། ༣༣ པར་གསལ།

[15]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༥༢ པར་གསལ།

[16]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༥༣ པར་གསལ།

[17]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༢༨ པར་གསལ།

[18]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༥༦ པར་གསལ།

[19]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༣༠༧ པར་གསལ།

[20]  ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༢༩༢ པར་གསལ།

[21]  སེ་ར་སྨད་པར་མ། དེབ་གཟུགས། ཤོག་གྲངས། ༡༡༥ པར་གསལ།

[22]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༡༣༥ པར་གསལ།

[23]  དབུ་མའི་ལྟ་སྒོམ་དང་ཚན་རིག་གི་རྣམ་བཤད། དེབ་གཟུགས། ཤོག་གྲངས། ༩༡ པར་གསལ། པར་མ་མི་གསལ།

[24]  དབུ་མའི་ལྟ་སྒོམ་དང་ཚན་རིག་གི་རྣམ་བཤད། དེབ་གཟུགས། ཤོག་གྲངས། ༩༡ པར་གསལ། པར་མ་མི་གསལ།

[25]  དབུ་མའི་ལྟ་སྒོམ་དང་ཚན་རིག་གི་རྣམ་བཤད། དེབ་གཟུགས། ཤོག་གྲངས། ༡༠༢ པར་གསལ། པར་མ་མི་གསལ།

[26]  ལྟ་བའི་དཀའ་གནད་གསལ་སྒྲོན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ཀྱིས་པར་དུ་བསྐྲུན་པའི་༸གོང་ས་མཆོག་གི་གསུང་པོད་ན་པ། དེབ་གཟུགས། ཤོག་གྲངས། ༡༢༠ པར་གསལ།

[27]  ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་ནང་བསྟན་ལ་བཅངས་པའི་ལྷག་བསམ། བལ་ཡུལ་བཀའ་བརྒྱུད་འབྲི་གུང་རིན་ཆེན་གླིང་དགོན་གྱི་པར་མ། དེབ་གཟུགས། ཤོག་གྲངས། ༡༡༦ པར་གསལ།

[28]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༥༣ པར་གསལ།

[29]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ རབ་བྱེད་ཉེར་བཞི་པ། ཤོག་གྲངས། ༡༠༧

[30]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༡༦ པར་གསལ།

[31]  སེ་ར་བྱེས་པར་མ། དེབ་གཟུགས། ཤོག་གྲངས། ༣༡ པར་གསལ།

[32]  ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༣༢༡ པར་གསལ།

[33]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༡༩༨ པར་གསལ།

[34]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ རབ་བྱེད་བཅུ་གཉིས་པ། ཤོག་གྲངས། ༡༥༨ པར་གསལ།

[35]  ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༣༢༡ པར་གསལ།

[36]  ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༣༢༡ པར་གསལ།

[37]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ རབ་བྱེད་བཅུ་གཉིས་པ། ཤོག་གྲངས། ༡༥༨ པར་གསལ།

[38]  ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༣༢༢ པར་གསལ།

[39]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ རབ་བྱེད་བཅུ་བཞི་པ། ཤོག་གྲངས། ༡༦༦ པར་གསལ།

[40]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༡༩༨ པར་གསལ།

[41]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ རབ་བྱེད་བཅུ་གཉིས་པ། ཤོག་གྲངས། ༡༥༨ པར་གསལ།

[42]  ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༣༢༢ པར་གསལ།

[43]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ རབ་བྱེད་བརྒྱད་པ། ཤོག་གྲངས། ༡༤༦ པར་གསལ།

[44]  ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༢༡༩ པར་གསལ།

[45]  ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༢༢༠ པར་གསལ།

[46]  བཞི་བརྒྱ་པའི་འགྲེལ་ཆེན། ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༢༡༩ པར་གསལ།

[47]  བཞི་བརྒྱ་པའི་འགྲེལ་ཆེན། ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༢༡༩ པར་གསལ།

[48]  སྒོམ་རིམ་བར་པ། ཡེ་ཤེས་སྡེའི་པར་མ། དེབ་གཟུགས། ཤོག་གྲངས། ༡༡༦ པར་གསལ།

[49]  སེ་ར་སྨད་པར་མ། དེབ་གཟུགས། ཤོག་གྲངས། ༡༩ པར་གསལ།

[50]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༣༦ པར་གསལ།

[51]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༥ པར་གསལ།

[52]  ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༣༩༠ པར་གསལ།

[53]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༥༤ པར་གསལ།

[54]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ སེམས་བསྐྱེད་དྲུག་པ། ཤོག་གྲངས། ༡༥ པར་གསལ།

[55]  སེ་ར་སྨད་པར་མ། དེབ་གཟུགས། ཤོག་གྲངས། ༥༠ པར་གསལ།

[56]  ཡེ་ཤེས་སྡེའི་པར་མ། དཔེ་རིང་། ཤོག་གྲངས། ༡༠༨ པར་གསལ།

[57]  སེ་ར་སྨད་པར་མ། དེབ་གཟུགས། ཤོག་གྲངས། ༢༥༠ པར་གསལ།

[58]  ལ་དྭགས་གླེ་པར་མ། དེབ་གཟུགས། ཤོག་གྲངས། ༣༤༢ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།