«སྤྱི་ལོ་ ༢༠༡༧ ལོའི་སྐྱོར་དཔོན་དམ་བཅའ་ཨང་དང་པོའི་དཔྱད་རྩོམ།»
སློབ་དཔོན་ངག་དབང་བསྟན་འཛིན།
ཟག་བཅས་ཟག་མེད་ཆོས་རྣམས་མ་ལུས་པ། །གཅིག་ཏུ་གསལ་གཟིགས་རིག་པའི་ཡེ་ཤེས་ཀྱིས།།
འགྲོ་བའི་རྨོངས་མུན་མ་ལུས་སེལ་མཛད་པ། །ཀུན་མཁྱེན་ཉི་མའི་གཉེན་དེར་གུས་ཕྱག་འཚལ།།
བཅུ་ཕྲག་རིག་པའི་གནས་རྣམས་མ་ལུས་པ། །ཁོང་དུ་ཆུབ་ཅིང་ཆོས་མངོན་རྒྱ་མཚོའི་དོན།།
གཅིག་ཏུ་བསྡུས་ནས་འགྲོ་ལ་སྟོན་མཁས་པ། །སངས་རྒྱས་གཉིས་པར་གྲགས་དེར་གཙུག་གིས་བསྙེན།།
ཅེས་ཡུལ་གོང་མ་ལ་མཆོད་པར་བརྗོད་པའི་སྨོན་ཚིག་སྔོན་དུ་བཏང་ནས་གང་ཞིག་གླེང་བར་བྱ་བ་ནི། མངོན་པ་མཛོད་ནས་བཤད་པའི་སྲིད་རྩའི་སྐོར་མདོ་ཙམ་ཞིག་ཞུ་བ་ལ་ས་བཅད་རྣམ་པ་བཞི་སྟེ།
དང་པོ་སྲིད་པའི་རྩ་བ་ཞེས་པའི་སྐབས་ཀྱི་སྲིད་པ་གང་ཡིན་བརྟག་པ།
སྤྱིར་སྲིད་པ་དང་འཁོར་བ་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཏེ། འཁོར་བས་བསྡུས་པའི་ཟག་བཅས་ཀྱི་ཕུང་པོ་ཡིན་པའི་ཕྱིར་སྲིད་པའང་འཁོར་བ་ཡིན་ཏེ། ཟག་ཕུང་གི་རྣམ་གྲངས་སུ་གསུངས་པའི་ཕྱིར་ཏེ་ཁམས་གསུམ་གྱིས་བསྡུས་པའི་ཟག་བཅས་ཀྱི་ཕུང་པོ་ལྔ་པོ་ལ་འཇོག་དགོས་སྙམ་མོ། །སྐབས་འདིའི་སྲིད་པ་ནི་སྐྱེ་བོ་རྣམས་ཇི་སྲིད་ལས་ཉོན་གྱི་འཇུག་པ་རྒྱུན་མ་ཆད་ཀྱི་བར་དུ་སྲིད་རྩེ་ནས་མནར་མེད་ཀྱི་བར་དུ་ཀུན་ཉོན་གྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་སྔོན་དང་ཕྱི་མཐའ་མེད་པར་ཟོ་ཆུན་གྱི་འཁྱུད་མོ་དང་མགལ་མེའི་འཁོར་ལོ་བཞིན་བར་མ་ཆད་དུ་འཁོར་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་འཁོར་བའི་སྐབས་སུ་འཕེན་བྱེད་ཀྱི་རྒྱུ་ལས་སྲིད་དང་འཕངས་འབྲས་ཡང་སྲིད་གཉིས་ལ་སྲིད་པར་ངོས་འཛིན་དགོས་སོ། །དེ་ལྟ་བུའི་སྲིད་པ་གཉིས་ལའང་རྒྱལ་སྲས་དང་གང་སྤེལ་གཉིས་ཀྱིས་ངོས་འཛིན་ཚུལ་མི་འདྲ་བ་གཉིས་ཡོད་དེ། རྒྱལ་སྲས་གྲགས་བཤེས་ཀྱིས་ནི་ལས་སྲིད་དང་ཡང་སྲིད་གཉིས་ལ་ངོས་འཛིན་ཅིང་དེའི་རྩ་བའམ་རྒྱུའི་གཙོ་བོ་ཕྲ་རྒྱས་ཉོན་མོངས་པ་ལ་བཞག་པའི་ཕྱིར། དེའི་རྩ་བ་བྱེད་ཚུལ་ནི་ཕྲ་རྒྱས་དེས་སྲིད་པ་མངོན་པར་འགྲུབ་པར་བྱེད་ཅིང་དེའི་རྒྱུན་སྐྱེད་པར་བྱེད་པའི་ཚུལ་ལོ་སྙམ་མོ། །དེ་ཡང་ཆོས་མངོན་པའི་འགྲེལ་བཤད་ལས།[1] སྲིད་པའི་རྩ་བ་ཕྲ་རྒྱས་ཞེས་བྱ་བ་ནི། ཡང་སྲིད་པའམ་ལས་ཀྱི་སྲིད་པའི་རྩ་བ་ནི་ཕྲ་རྒྱས་རྣམས་ཡིན་ཏེ། དེ་ལ་སོགས་པ་དང་ཀུན་ནས་སློང་བའི་རྒྱུ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ཡང་ཕྲ་རྒྱས་རྣམས་ཀྱིས་སྲིད་པའི་རྩ་བ་བྱེད་ཚུལ་ལས་སྲིད་དང་ཡང་སྲིད་མངོན་པར་འགྲུབ་པར་བྱེད་པའི་རྒྱུའི་གཙོ་བོར་ཉོན་མོངས་པ་ཡིན་པའི་སྒྲུབ་བྱེད་འགོད་པར་བྱེད་དེ། སློབ་དཔོན་གང་སྤེལ་གྱིས་ནི། སྲིད་པའི་རྩ་བ་ཕྲ་རྒྱས་ཞེས་པའི་སྐབས་ཀྱི་སྲིད་པ་ནི་ཡང་སྲིད་ཉིད་ལ་ངོས་བཟུང་སྟེ། ཕྲ་རྒྱས་དེས་སྲིད་པའི་རྩ་བ་བྱེད་ཚུལ་ཡང་། ཡང་སྲིད་འཕེན་པ་དང་དེ་མངོན་པར་འགྲུབ་པར་བྱེད་པའི་རྒྱུའི་གཙོ་བོར་གྱུར་པའི་ཉོན་མོངས་པ་ལ་བཞག་སྟེ། དེ་ཉིད་ཀྱིས་མཛད་པའི་ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ལས།[2] གང་གི་ཕྱིར་དེ་ལྟར་སྲིད་པར་འཕེན་པ་དང་སྲིད་པ་འགྲུབ་པ་ལས་ཕྲ་རྒྱས་གཙོ་བོའི་རྒྱུ་ཡིན་པ་དེའི་ཕྱིར་སྲིད་པའི་རྩ་བ་ཕྲ་རྒྱས་ཡིན་པར་རིག་པར་བྱ་སྟེ། དེ་ཡོད་ན་ཡོད་པའི་ཕྱིར་དང་། དེ་མེད་ན་མེད་པའི་ཕྱིར་དང་། དང་པོའི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་སོ།།
འོ་ན་ལས་ཀྱིས་སྲིད་པའི་རྩ་བའམ་སྲིད་པར་འཕེན་པའི་རྒྱུ་གཙོ་བོ་ཅིའི་ཕྱིར་མི་བྱེད་སྙམ་ན། རླན་དང་བྲལ་བའི་ས་བོན་གྱིས་རང་འབྲས་སྐྱེད་མི་ནུས་པ་བཞིན་ལས་གཅིག་པུས་འཁོར་བར་འཕེན་པའི་རྒྱུ་བྱེད་མི་ནུས་ཏེ། ལྷན་ཅིག་བྱེད་པའི་རྒྱུ་མེད་པའི་ཕྱིར་སྲིད་པ་མངོན་པར་འགྲུབ་མི་ནུས་སོ། །དེ་ལྟར་ཡང་སློབ་དཔོན་བཙུན་པ་དགྲ་གཅན་འཛིན་བཟང་པོས།[3] སྐྱེས་བུ་བྱིས་པས་གཞོན་པ་སྐྱེ་བ་ཡི། །ཤིང་རྟ་ཉོན་མོངས་ལས་ཀྱི་ཕང་ལོ་ཅན། །འདི་ནི་ཉོན་མོངས་ཕང་ལོ་གཅིག་ཉམས་པས། །ལས་ཀྱི་ཕང་ལོ་གཅིག་པུ་འཁོར་མ་ཡིན། །ཞེས་གསུངས་པས་མདོར་ན་སྲིད་པས་བསྡུས་པའི་ཉེར་ལེན་གྱི་ཕུང་པོ་འགྲུབ་པར་བྱེད་པའི་རྒྱུའི་གཙོ་བོར་གྱུར་པའི་ཉོན་མོངས་པ་ཞིག་ལ་ཕྲ་རྒྱས་ཞེས་བཏགས་ཏེ། དེ་མེད་ན་ལས་གཅིག་པུས་སྲིད་པར་འཕེན་མི་ནུས་པའི་ཕྱིར་རོ།།
གཉིས་པ་མ་རིག་པའི་རྟེན་འབྲེལ་དང་དེར་གྱུར་པའི་མ་རིག་པ་གང་ཡིན་བརྟག་པ།
བྱེ་བྲག་སྨྲ་བ་རྣམས་ཀྱིས་མ་རིག་པའི་རྟེན་འབྲེལ་ནི་སྐྱེ་བ་སྔོན་མའི་འདུ་བྱེད་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ལ་འདོད། དེ་ལ་ཡང་རང་རང་གང་གཙོའི་སྐབས་མིང་དེ་དང་དེར་བཏགས་ཏེ། མཛོད་ལས།[4] མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །ཅེས་པས་ཉོན་མོངས་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ཀ་ལ་ཅིའི་ཕྱིར་མ་རིག་པའི་མིང་བཏགས་ཤེ་ན། གཙོ་བོ་ཡོད་ན་འཁོར་ཡང་ཤུགས་ལ་ཡོད་པར་གྲུབ་པ་བཞིན་ཏེ། རང་འགྲེལ་ལས།[5] ཚེ་སྔ་མ་ལ་ཉོན་མོངས་པའི་གནས་སྐབས་གང་ཡིན་པ་དེ་ནི་འདི་ལ་མ་རིག་པ་ཞེས་བྱ་སྟེ་ལྷན་ཅིག་སྤྱོད་པའི་ཕྱིར་དང་། དེའི་དབང་གིས་དེ་དག་ཀུན་ཏུ་འབྱུང་བའི་ཕྱིར་རྒྱལ་པོ་གཤེགས་སོ་ཞེས་བྱས་ན་དེའི་ཞབས་འབྲིང་པ་ཡང་འོང་བར་གྲུབ་པ་ཡིན་ནོ། །ཞེས་དང་།
གཞན་ཡང་སློབ་དཔོན་བློ་བརྟན་གྱིས།[6] ཡང་ཅིའི་ཕྱིར་ཉོན་མོངས་པ་ཐམས་ཅད་མ་རིག་པའི་སྒྲས་བརྗོད་ཅེ་ན། ཡང་སྲིད་འཕེན་པའི་འདུ་བྱེད་རྣམས་ཀྱི་རྒྱུའི་ངོ་བོར་ངེས་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །དེར་གྱུར་པའི་མ་རིག་པ་གང་ཞེ་ན། དེ་ནི་འགྲོ་བ་རྣམས་ཐོག་མེད་ནས་སྲིད་པ་ཁམས་གསུམ་འཁོར་བར་ཟོ་ཆུན་གྱི་འཁྱུད་མོ་བཞིན་འཁོར་བྱེད་ཀྱི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་དང་། དེ་ཁོ་ན་ཉིད་ལ་རྨོངས་པའི་ཕྱིར། གཉིས་ཀས་སྲིད་པའི་རྩ་བར་བྱེད་པ་ལ་དོན་གཅིག་སྟེ། དེ་ཡང་གཙོ་བོ་མ་རིག་པ་ལྷན་སྐྱེས་ལ་ངོས་བཟུང་ངོ་སྙམ་དུ་སེམས་སོ། །འོ་ན་མ་རིག་པ་དེའི་ངོ་བོ་གང་ཞེ་ན། རིག་པའི་མི་མཐུན་ཕྱོགས་སུ་གྱུར་པའི་དེ་ཁོ་ན་ཉིད་ལ་རང་སྟོབས་ཀྱིས་རྨོངས་པའི་སེམས་བྱུང་ཞིག་སྟེ། མཛོད་ལས།[7] རིག་པའི་མི་མཐུན་ཕྱོགས་ཆོས་གཞན། །མ་རིག་མི་མཛའ་རྫུན་སོགས་བཞིན། །ཞེས་གསུངས་པ་བཞིན་བྱེ་སྨྲས་འཇིག་ལྟ་དང་མ་རིག་པ་གཞི་མཐུན་མི་འདོད་པས། ཤེས་རབ་ངན་པ་དེ་མ་རིག་པ་ཡིན་ན་སེམས་གཅིག་གི་འཁོར་དུ་ཤེས་རབ་རྫས་གཉིས་མི་འབྱུང་སྟེ། ཁྱོད་གཉིས་མཚུངས་ལྡན་དུ་འགྲོ་བ་གང་ཞིག་རྫས་རེ་རེ་ནས་མཚུངས་དགོས་པའི་ཕྱིར་ན། ཤེས་རབ་ངན་པ་ནི་ཤེས་རབ་ཀྱི་རྫས་སོ། །མཛོད་ལས།[8] ཀུན་སྦྱོར་སོགས་ཚིག་ཕྱིར་གལ་ཏེ། །ཤེས་རབ་ངན་པའོ་མིན་ལྟ་ཕྱིར། །ལྟ་བ་དེ་དང་མཚུངས་ལྡན་ཕྱིར། །ཤེས་རབ་ཉོན་མོངས་བསྟན་ཕྱིར་རོ། །ཞེས་གསུངས་པ་ལྟར། མ་རིག་པ་དེ་ལྟ་བ་ངན་པ་ཡང་མིན་ཏེ། མདོ་ལས་ཁྱོད་གཉིས་སོ་སོར་གསུངས་པའི་ཕྱིར། དེ་ཡང་མདོ་ལས།[9] མ་རིག་པའི་ཀུན་ཏུ་སྦྱོར་བ་དང་འཆིང་བ་དང་ཕྲ་རྒྱས་དང་ཆུ་བོ་དང་སྦྱོར་བ་ཞེས་བྱའོ། །ཞེས་དང་།
གཞན་ཡང་ལྟ་བ་མིན་པའི་ཤེས་རབ་ལ་མ་ཪིག་པ་འདོད་ཅེ་ན་དེ་ཡང་མིན་ཏེ། ལྟ་བ་དང་ཤེས་རབ་གཉིས་མཚུངས་ལྡན་དུ་གསུངས་པའི་ཕྱིར། ཤེས་རབ་ཀྱི་རྫས་ཉིད་མཚུངས་པར་ལྡན་མི་རུང་བའི་ཕྱིར་ཏེ། རང་འགྲེལ་ལས།[10] གལ་ཏེ་མ་རིག་པ་ཤེས་རབ་ཡིན་པར་གྱུར་ན་ཤེས་རབ་ཀྱི་རྫས་ཉིད་མཚུངས་པར་མི་ལྡན་པའི་ཕྱིར་ལྟ་བ་དེ་དང་མཚུངས་པར་ལྡན་པར་མི་འགྱུར་རོ། །མདོ་ལས། མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཤེས་རབ་ནི་རྣམ་པར་མི་འདག་གོ །ཞེས་གསུངས་སོ། །མ་རིག་པའི་ངོ་བོ་རིག་པའི་མི་མཐུན་ཕྱོགས་སུ་བཞག་པ་ནི་མདོ་སྡེ་པའི་བཞེད་པ་ཡིན་ཞེས་འགྲེལ་བརྗོད་མཁན་པོ་རྣམས་ཀྱིས་གསུངས་ཀྱང་བྱེ་སྨྲས་ཀྱང་དེ་ལྟར་འདོད་པ་ལ་འགལ་བ་མེད་པར་མངོན་ཏེ། ཅིའི་ཕྱིར་ཞེ་ན་ངོ་བོ་བསྟན་པའི་འོག་ཏུ། ཤེས་རབ་ངན་པའོ་མིན་ལྟ་ཕྱིར། །གསུངས་པས་བྱེ་སྨྲ་རང་གི་འདོད་པ་གསལ་བར་བྱས་པས་སོ། །གལ་ཏེ་མདོ་སྡེ་པའི་འདོད་པ་ཡིན་ན་འགོག་མི་དགོས་ཏེ། མདོ་སྡེ་པས་འཇིག་ལྟ་ཉིད་མ་རིག་པར་ཁས་ལེན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། ཉེས་པ་རྣམ་པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། །དེ་མ་རིག་དེར་དེ་ལས་ཆགས། །ཞེས་དང་། གཏི་མུག་ཉེས་པའི་རྩ་བ་སྟེ། །དེ་ཡང་སེམས་ཅན་འཛིན་པ་ཡིན། །ཞེས་སོགས་མདོ་སྡེ་པས་ནི་འཇིག་ཚོགས་ལ་ལྟ་བ་མ་རིག་པར་འདོད་དེ། མ་རིག་པ་ལྟ་བ་མིན་པར་སྒྲུབ་མི་དགོས་པར་གསལ་ལོ། །འོ་ན་བྱེ་སྨྲའི་ལུགས་ལ་རིག་པའི་མི་མཐུན་ཕྱོགས་སུ་འཇོག་མི་ཐུབ་པའི་དོན་ཡང་མེད་དེ། དེའི་ལུགས་ཀྱི་མ་ཪིག་པ་ནི་དེ་ཁོ་ན་ཉིད་ལ་རྨོངས་པར་ངོས་བཟུང་བའི་ཕྱིར་རོ།།
གསུམ་པ་སྐབས་དོན་གོ་སླ་བའི་ཆེད་མུ་དུ་ཡོད་བརྟག་པ།
དང་པོ་སྲིད་པའི་རྩ་བར་གྱུར་པའི་ཕྲ་རྒྱས་དང་མ་རིག་པ་གཉིས་ལ་མུ་བཞི་སྟེ། སྲིད་རྩར་གྱུར་པའི་ཕྲ་རྒྱས་ཡིན་ལ་མ་རིག་པ་མ་ཡིན་པ་ནི་སྲིད་རྩར་གྱུར་པའི་འདོད་ཆགས་སོ། །མ་རིག་པ་ཡིན་ལ་སྲིད་རྩར་གྱུར་པའི་ཕྲ་རྒྱས་མིན་པ་ཉོན་མོངས་ཅན་མིན་པའི་མ་རིག་པའོ། །གཉིས་ཀ་ཡིན་པ་སྲིད་རྩར་གྱུར་པའི་མ་རིག་པའོ། །གཉིས་མིན་ནི་ཟག་མེད་ལམ་གྱི་བདེན་པའོ། །གཉིས་པ་ཉོན་མོངས་ཅན་གྱི་མ་ཪིག་པ་དང་རྟེན་འབྲེལ་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་ལ་མུ་གསུམ་ཡོད་དེ། རྟེན་འབྲེལ་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་ཡིན་ན་ཉོན་མོངས་ཅན་གྱི་མ་རིག་པ་ཡིན་པས་ཁྱབ། ཉོན་མོངས་ཅན་གྱི་མ་རིག་པ་ཡིན་ན་དེ་ཡིན་པས་མ་ཁྱབ་སྟེ་དབང་ཤེས་སུ་གྱུར་པའི་མ་རིག་པ་དེའོ། །གཉིས་ཀ་ཡིན་པ་སོ་སྐྱེས་ཀྱི་རྒྱུད་ལ་ཡོད་པའི་རྟེན་འབྲེལ་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་དེའོ། །གཉིས་མིན་ནི་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པའོ། །གསུམ་པ་རྟེན་འབྲེལ་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་དང་སྲིད་རྩར་གྱུར་པའི་ཕྲ་རྒྱས་ལ་མུ་གསུམ་ཡོད་དེ། རྟེན་འབྲེལ་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་ཡིན་ན་སྲིད་རྩར་གྱུར་པའི་ཕྲ་རྒྱས་ཡིན་པས་ཁྱབ། སྲིད་རྩར་གྱུར་པའི་ཕྲ་རྒྱས་ཡིན་ན་དེ་ཡིན་པས་མ་ཁྱབ་སྟེ་སྲིད་རྩར་གྱུར་པའི་འཇིག་ལྟ་དེའོ། །གཉིས་ཀ་ཡིན་པ་ཕྲ་རྒྱས་སུ་གྱུར་པའི་མ་རིག་པ་དེའོ། །གཉིས་མིན་ནི་ལས་འབྲས་ལ་རྨོངས་པའི་མ་རིག་པ་དེའོ། །བཞི་པ་སྲིད་རྩར་གྱུར་པའི་མ་རིག་པ་དང་རྟེན་འབྲེལ་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་གཉིས་དོན་གཅིག་གོ།
བཞི་པ་བྱེ་སྨྲའི་རང་གཞུང་དུ་འཁོར་རྩ་གང་ཟག་གི་བདག་འཛིན་དུ་འཇོག་པར་ཁུངས་བསྟན་པའི་སྒོ་ནས་མཇུག་བསྡུ་བ།
མཁས་པ་ཁ་ཅིག་གིས་བྱེ་སྨྲའི་ལུགས་ལ་ཐར་པ་མེད་པའི་རྒྱུ་མཚན་དུ་འཁོར་རྩ་གང་ཟག་གི་བདག་འཛིན་ལ་ངོས་མ་བཟུང་བའི་ཕྱིར་ཞེས་བརྗོད་ན། བྱེ་སྨྲའི་རང་གཞུང་དུ་འཁོར་རྩ་གང་ཟག་གི་བདག་འཛིན་ལ་ངོས་བཟུང་སྟེ། ཇི་ལྟར་ངོས་བཟུང་སྙམ་ན། མཛོད་ལས།[11] སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། །ང་རྒྱལ་མ་རིག་ལྟ་བ་དང་། །ཐེ་ཚོམ་ཡིན་ཏེ་་་་། །ཞེས་པའི་སྐབས་ལྟ་བའི་ནང་ཚན་དུ་གྱུར་པའི་འཇིག་ལྟ་དེ་གང་ཟག་གི་བདག་འཛིན་ཡིན་ཞིང་། སྲིད་རྩ་ཡང་ཡིན་པས་འཇིག་ལྟ་འཁོར་རྩ་ཡིན་པར་བྱེ་སྨྲའི་རང་གཞུང་དུ་བསྟན་ཏོ་སྙམ་དུ་སེམས་སོ། །གཞན་ཡང་འཇིག་ལྟ་ཀུན་འགྲོའི་རྒྱུ་བྱེད་པའི་སྒོ་ནས་སྤང་བྱ་རིས་ལྔ་ཆ་ལ་དམིགས་ནས་འཁོར་བས་བསྡུས་པའི་ཉེར་ལེན་གྱི་ཕུང་པོ་ལ་ཞེན་ཅིང་ཆགས་པའི་སྒོ་ནས་ང་དང་ང་ཡིར་འཛིན་པར་བྱེད་པ་དང་། ཕྲ་རྒྱས་དྲུག་གི་ནང་ཚན་དུ་གྱུར་པའི་འཇིག་ལྟ་དེ་གང་ཟག་གི་བདག་འཛིན་ཡིན་དགོས་ཏེ། རང་རྒྱུད་ཀྱི་ཕུང་པོ་འཇིག་པའི་ཚོགས་ལ་དམིགས་ནས་ང་དང་ང་ཡིར་འཛིན་པའི་ཕྱིར། གཞན་ཡང་མངོན་པའི་རང་ལམ་གྱི་དགྲ་བཅོམ་པ་དེ་དགྲ་བཅོམ་པ་མ་ཡིན་པར་ཐལ་བའི་སྐྱོན་མེད་དེ། མངོན་པ་ནས་བསྟན་པའི་རྟོགས་པ་མ་ཐོབ་པའི་དགྲ་བཅོམ་མངོན་པའི་ང་རྒྱལ་ཅན་འགའ་ཞིག་མ་གཏོགས་ཀུན་ལ་ཐར་པ་མེད་ཅེས་བརྗོད་མི་རིགས། དེ་དག་རྣམས་ཀྱིས་བདེན་བཞིའི་དོན་ཇི་བཞིན་རྟོགས་པ་ཡོད་པའི་ཕྱིར་དང་། འཇིག་ལྟ་ལྷན་སྐྱེས་ཀྱིས་བདག་ཏུ་ཞེན་པའི་ཞེན་ཡུལ་སུན་ཕྱུང་བའི་སྒོ་ནས་གང་ཟག་གི་བདག་མེད་རྟོགས་ཤིང་། དེ་ལྟར་རྟོགས་པའི་དོན་དེ་ཚུལ་བཞིན་བསྒོམ་པ་ལ་བརྟེན་ནས་རང་ལམ་གྱི་ཐར་པ་ཐོབ་པ་ཡོད་པའི་ཕྱིར་ཏེ། ཀུན་མཁྱེན་མི་ཕམ་པས་རབ་གསལ་བརྒལ་ལན་ལས།[12] མངོན་པ་ནས་བཤད་པའི་ལམ་ཉམས་སུ་ལེན་ཚད་ལ་སྦྱར་ནས་སྐུར་འདེབས་མི་བཟད་པ་བྱེད་པ་ཤིན་ཏུ་མི་རིགས་ཏེ། ཐེག་པ་དམན་པ་ནས་བཤད་པ་ཐམས་ཅད་མངོན་པ་ནས་བཤད་པ་ལྟར་གྱི་ལམ་ཉམས་སུ་ལེན་པར་བྱེད་པ་ཤ་སྟག་ཡིན་ན། དེ་དག་ཐམས་ཅད་ལ་ཐར་ལམ་མེད་ཅེས་བྱང་སེམས་ཀྱི་རྩ་ལྟུང་དང་ཆོས་སྤོང་གི་ལས་རང་གིར་བྱེད་པས་བསྡུས་འཇོམས་ཀྱི་གྲོང་དུ་མི་འགྲོ་ན་སེམས་ཅན་སུ་ཡང་དམྱལ་བར་འགྲོ་མི་སྲིད་དོ། །ཞེས་གསུངས་སོ།།
སླར་སྨོན་པ།
དེ་ལྟར་ཅུང་ཟད་འབད་པའི་རྣམ་དཀར་གྱིས། །འགྲོ་ཀུན་རྨོངས་པའི་མུན་པ་རིམ་བསལ་ནས།།
ཤེས་རབ་གསུམ་གྱི་ལམ་མཆོག་བསྒྲུབས་ནས་ནི། །མཐར་འབྲས་བྱང་ཆུབ་མཆོག་ལ་རེག་གྱུར་ཅིག།
[1] བསྟན་འགྱུར་ཡེ་ཤེས་སྡེ་པར་མ། དེབ་གཟུགས། དེབ་ཕྲེང་། ༡༨༢ ཤོག་གྲངས། ༡༡༤ པར་གསལ།
[2] བསྟན་འགྱུར་ཡེ་ཤེས་སྡེ་པར་མ། དེབ་གཟུགས། དེབ་ཕྲེང་། ༡༨༤ ཤོག་གྲངས། ༤༨༠ པར་གསལ།
[3] བསྟན་འགྱུར་ཡེ་ཤེས་སྡེ་པར་མ། དེབ་གཟུགས། དེབ་ཕྲེང་། ༢༦༣ ཤོག་གྲངས། ༥༠༡ པར་གསལ།
[4] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༢༣༤ པར་གསལ།
[5] ཐཱའི་ཝན་པར་མ། དེབ་གཟུགས། ཤོག་གྲངས། ༢༧༨ པར་གསལ།
[6] བསྟན་འགྱུར་ཡེ་ཤེས་སྡེ་པར་མ། དེབ་གཟུགས། དེབ་ཕྲེང་། ༢༦༣ ཤོག་གྲངས། ༨༥ པར་གསལ།
[7] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༢༣༥ པར་གསལ།
[8] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༢༣༥ པར་གསལ།
[9] མི་རིགས་དཔེ་སྐྲུན། དེབ་གཟུགས། ཤོག་གྲངས། ༢༤༠ པར་གསལ།
[10] ཐཱའི་ཝན་པར་མ། དེབ་གཟུགས། ཤོག་གྲངས། ༢༩༩ པར་གསལ།
[11] སྔ་འགྱུར་རིག་འཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༢༦༣ པར་གསལ།
[12] སྔ་འགྱུར་རིག་འཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༧༩ པར་གསལ།