༣༢༽ ལེགས་སྦྱར་དང་བོད་སྐད་ཤན་སྦྱར།

འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ།

་་་་་་འདོན་ཐེངས་སྔ་མའི་འཕྲོ།

གཞན་ཡང་ཉིན་མོའི་ཚེ་ཞེས་སོགས་ཀྱི་དོན་ལ། དི་པཱ། ཉིན་མོ། དོ་ཥཱ། མཚན་མོ། ནཀྟཾ། ནམ་མམ་མཚན་མོ། སམྤཏ། ལོ། ཨརྦྦཱཀ[1] ཙ་མཐའ། དུས་ཕྱི་མ། ཨུ་ཥཱ། ཐོ་རངས་སམ་ནམ་ལངས། སྒྲ་འདི་མཚན་མོ་ལའང་འཇུག་པར་བཤད། སཱ་ཡཾ། མ་མཐའ་སྟེ་ཉིན་མོའི་མཐའ་དགུང་མོ། པྲ་གེ་དང་། པྲཱ་ཏཿ ར྄་མཐའ། ནམ་ལངས་སམ་ཞོགས་པ། པ་རུ་ཏ། ན་ནིང་། པ་རཱ་རི། གཞེས་ནིང་། ཨེ་ཥ་མཿ ས་མཐའ། ད་ལོ། དེ་རིང་གི་ཉི་མ་ལ། ཨ་དྱ། དེ་རིང་། ཁར་སང་ལ། པཱུརྦེངྻུཿ [2] ཁར་སང་། འདི་དེ་ཙམ་དུ་མ་ཟད་ཞོགས་པའམ་སྔ་དྲོ་ལ་ཡང་འཇུག་གོ།

ཨུཏྟ་རེངྻུཿ སང་ཉིན་ནམ་ཕྱི་དྲོ། ཨ་པ་རེངྻུཿ དང་། ཨ་དྷ་རེངྻུཿ འང་དེའོ། །ཉི་མ་གཞན་ཏེ་སང་ཉིན་ལྟ་བུ་ལ། ཨ་ནྱེ་དྱུཿ ཉི་མ་གཞན་ཤོས་གནང་ཉིན་ལྟ་བུ་ལ། ཨ་ནྱཏ་རེངྻུཿ ཉི་མ་གཉིས་པ་ལ། ཨུ་བྷ་རེངྻུཿ དང་། ཨ་བྷ་ཡཿ དྱུཿའི་སྒྲ་དེ་རྣམས་ས་མཐའ་ཅན་ནོ། །ཕ་རོལ་གྱི་ཉི་མ་ལ། པ་རེ་དྱ་བི། འདས་པའི་ཉི་མ་ལ། ཧྱཿ ཁར་སང་། མ་འོངས་པའི་ཉི་མ་ལ། ཤྭཿ སང་ཉིན། པར་ཤྭཿ གནང་ཉིན། དེ་གསུམ་ས་མཐའ་ཅན་ནོ། །དེ་དུས་ཀྱི་དོན་ལ། ཏ་དཱ། དེ་ཚེ། ཏརྷིའང་དེ་ཚེ། ཏ་དཱ་ནཱ། དེ་དུས། དུས་མཚུངས་པ་ལ། ཡུ་ག་བཏ། གཅིག་ཅར། ཨེ་ཀ་དཱ། དུས་གཅིག་ན། དུས་ཀུན་གྱི་དོན་ལ། སརྦྦ་དཱ།[3] དུས་རྒྱུན། ས་དཱ། རྟག་ཏུ། དུས་འདི་ལ་ཞེས་པའི་དོན་ལ། ཨེ་ཏརྷི། ད་ལྟར། སཾ་པྲ་ཏི། ད་ལྟ། ཨ་སཾ་པྲ་ཏི། ད་ལྟ་མིན་པ། ཨི་དཱ་ནཱ། དེང་། ཨདྷུ་ནཱ། དེང་དུས། སཱཾ་པྲ་ཏཾ། དེང་སྐབས་ཞེས་སོ།།

ཕྱོགས་དང་ཡུལ་དང་དུས་རྣམས་ཀྱི་ཤར་སོགས་དང་མདུན་སོགས་དང་སྔར་སོགས་བརྗོད་པ་ལ། པྲཱ་ཙ། ཨུད་ཙ། པྲ་དྱ་ཙ། སོགས་འཇུག་སྟེ། དཔེར་ན། པྲཱཀྡི་ཀ ཤར་ཕྱོགས། པྲཱགྡེཤཿ མདུན་གྱི་ཡུལ། པྲཱཀྐཱ་ལཿ སྔོན་དུས། ཨུ་དགྡི་ཤི བྱང་ཕྱོགས་ལ། ཨུ་དགྡི་ཤེ རྒྱབ་ཀྱི་ཡུལ་ལ། ཨུདཀྐཱ་ལེ། སླད་ཀྱི་དུས་སུ། པྲ་ཏྱགྡི་ཤི ནུབ་ཕྱོགས་སུ། པྲ་ཏྱགྡེ་ཤཱ་ཏ། ནུབ་ཀྱི་ཡུལ་ལས། པྲ་ཏྱཀྐཱ་ལཱ་ཏ། ཕྱི་མའི་དུས་ལས། ཞེས་སོགས་ཤེས་པར་བྱའོ། །འགྲེལ་པ་ཚིག་ཟླ་དང་རྣམ་བཤད་བདུད་རྩི་སོགས་ལས། དཔེར་བརྗོད་དེ་རྣམས་ཀྱི་ཚིག་སྔ་མ་པྲཱཙ་སོགས་ལ་རྣམ་དབྱེ་སྦྱར་བ་ཉིད་དཔེར་བརྗོད་དེ། བུད་མེད་ཀྱི་རྟགས་ལ། པྲཱ་ཙཱི་དི་ཀ སོགས་དང་། སྐྱེས་རྟགས་ལ། པྲཱ་ད་དེ་ཤཿ སོགས་སོ།།

དེས་ན་མི་ཟད་པ་ལ་སྤྱིར་བཏང་རྣམ་དབྱེ་རྣམས་འཇིག་ཀྱང་། ཨཉྩའི་མཐའ་ཅན་འདི་རྣམས་རྣམ་དབྱེ་མི་འཇིག་པའང་རུང་བ་ཡིན་ནམ་སྙམ་ཞེས་འགྲེལ་པ་ལེགས་བཤད་ལྡེའུ་མིག་ཏུ་གསུངས། འོ་ན་འདི་རྣམས་མངོན་བརྗོད་བི་ཤྭ་པྲ་ཀཱ་ཤ་སོགས་ལས། མི་ཟད་པ་དང་མི་ཟད་པ་མིན་པ་གཉིས་ཀའི་སྐབས་སུ་བཀླག་པའི་ཕྱིར་གཉིས་ཀ་ཡོད་དོ་ཞེས་གསུངས། གཞན་ཡང་། ཨ་པ་ཙ་ཀ ཕྱི་མ། ཨ་བཱ་ཙ་ཀ འོག་གམ་ཁ་སྦུབས། ཨུཏྟ་རཱ་ཏ། བྱང་ངམ་རྒྱབ། ཨདྷ་རཱཏ། འོག དཀྵི་ཎཱ་ཏ། ལྷོའམ་གཡས། ཨུཏྟ་རེ་ཎ། ཕྱི་མའམ་བྱང་། ཨདྷ་རེ་ཎ། འོག དཀྵི་ཎེ་ན། ལྷོ། དཀྵི་ཎཱ། ལྷོའམ་གཡས། དཀྵི་ཎཱ་ཧི། ལྷོ་ཕྱོགས་ཐག་རིང་བ། དཀྵི་ཎ་ཏཿ ལྷོ། ཨུ་ཏ་ར་ཏཿ དང་། ཨུ་པ་རི། སྟེང་། ཨུ་པ་རིཥྚཱ་ཏ། སྟེང་དུ་ཞེས་པ་ལ་སོགས་པ་རྣམས་ཀྱང་སྟེ། ཨུཏྟ་རཏ་ལ་སོགས་པ་དེ་རྣམས་ཀྱི་མཐའ་ལས་རྣམ་དབྱེ་རྣམས་འཇིག་པ་ཉིད་དོ།།

དེ་རྣམས་ཀྱིས་མི་ཟད་པའི་སྡེ་ཚན་ཅི་རིགས་བཤད་ནས། དེ་ལས་བྱེ་བྲག་ཏུ་ཉེ་བསྒྱུར་སོགས་ཉེར་མཁོ་ཅི་རིགས་བཤད་པ་ལ། ཉེ་བསྒྱུར་ཉི་ཤུ་ནི། པྲ། པྲ་ཏི། པ་རཱ། པ་རི། ནི། ནི་ར། དུས། ར་རྗེས་འབྲེལ་དུ་བྲིས་པ་མང་ཡང་རྗེས་སུ་གཟུགས་འགྱུར་བའོ། །སུ། སམ། བི། ཨཱད། ཨ་ཏི། ཨ་བྷི། ཨ་དྷི། ཨ་བ། ཨ་ནུ། ཨ་པ། ཨ་བི། ཨུ་པ། ཨུད། འདིར་ཏ་བྱས་པ་རྗེས་སུ་གཟུགས་འགྱུར་ཡིན་ནོ། །ཉེ་བསྒྱུར་རྣམས་སྤྱིར་བྱིངས་ཀྱི་སྔོན་དུ་སྦྱར་བར་བྱ། དེའི་བྱིངས་དོན་གཞན་དུ་བསྒྱུར་བར་བྱེད། ཙ་སོགས་དང་པྲ་སོགས་ཐམས་ཅད་ཀྱང་མི་ཟད་པའོ། །དེར་མ་ཟད་ཏ་རྐྱེན། ཀྟྭཱ་དང་། ཏུ་མ། དང་། ཎ་མ། དང་། ཙིའི་རྐྱེན་གྱི་མཐའ་ཅན་རྣམས་ཀྱང་མི་ཟད་པའོ། །མི་ཟད་པའི་ཕ་རོལ་རྣམ་དབྱེ་ཉེར་གཅིག་འཇིག་པས་རྣམ་དབྱེའི་རྐྱེན་བྱིན་ཀྱང་རྣམ་འགྱུར་མེད་པས་མི་ཟད་པ་ཞེས་བྱ།

རིག་བྱེད་གཞུང་དུ་ཚིག་ཕྲད་ཀྱི་སྒྲུབ་པ་འགར་རྣམ་དབྱེ་མི་འཇིག་པར་བཤད་པའང་ཡོད་པ་རེས་འགའ་ཙམ་སྟེ་སྤྱིར་འཇིག་གོ །དེ་ལྟར་རྣམ་དབྱེས་མི་འགྱུར་བས་དང་དེར་མ་ཟད། སྒྲ་གཅིག་སྐབས་ཐོབ་ཀྱིས་དོན་མང་པོར་འཇུག་པས་དོན་མི་ཟད་པའང་ཡིན་ཏེ། དེ་ལྟ་བུས་ན། ཨ་པྱ་ཡཿ མི་ཟད་པ་ཞེས་བྱའོ། །ཇི་སྐད་དུ། རྟགས་གསུམ་ལ་ནི་མཉམ་པར་མཚུངས། །རྣམ་དབྱེ་ཐམས་ཅད་ལ་ཡང་ངོ་། །ཚིག་རྣམས་ཐམས་ཅད་ལ་ཡང་སྟེ། །དབྱེར་མེད་གང་དེ་མི་ཟད་པའོ། །རྟགས་མེད་མི་ཟད་པ་རྣམས་བཤད། །ཅེས་འབྱུང་ངོ་། འདི་དག་ལ་ནི་པཱ་ཏ་ཡང་ཟེར་ཏེ། སྔོན་གྱི་ལོ་ཙཱ་ཆེན་པོ་རྣམས་ཀྱིས་ཚིག་ཕྲད་དུ་བསྒྱུར་ཏེ་འདི་རྣམས་མིང་གཞན་དང་སྦྱར་བའི་ཚིག་གི་ཕྲད་ཡིན་པས་སོ། །ནི་ངེས་པ་དང་། པཱ་ཏ་ཚིག་ལ་འཇུག་པས་ངེས་ཚིག་གི་དོན་དུའང་འགྱུར་ཞེས་བཤད་དོ།།

འདིར་ཉེ་བསྒྱུར་གྱི་འཇུག་པ་བཤད་ན། པྲ་ནི་རབ་ཀྱི་དོན་ཡིན་ལ། དེར་མ་ཟད་དང་པོ་དང་། ཡང་སློབ་དང་ཡང་མེས་ལྟ་བུའི་ཡང་གི་དོན་དང་། སྐྱེ་དགུ་དང་བཟང་དགུ་ལྟ་བུའི་མང་ཚིག་དགུ་རྣམས་ལའང་འཇུག་གོ །དེ་བཞིན་དུ་སོ་སོར་དང་། ཐ་དད་དང་། མཚོན་པ་རྣམས་ལ། པྲ་ཏི། སྟེ་སོ་སོར་བཟློག་པ་སོགས་ལ་འཇུག་པ་གོང་དུ་ཡོད་པ་བཞིན་ནོ། །མཆོག་དང་། གཙོ་བོ་དང་། གཞན་རྣམས་ལ། པ་རཱ། ཡོངས་སུ་དང་། ཀུན་ནས་དང་། ས་སྐྱོང་རྣམས་ལ། པ་རི། ངེས་པ་དང་། བྲལ་བ་དག་ལ། ནི། ངེས་པ་དང་། མ་ལུས་པ། མཐའ་གཅིག མེད་པར་དགག་པ་རྣམས་ལ། ནིར། ངན་པ་དང་། དཀའ་བ་དང་། ཉེས་པ་རྣམས་ལ། དུར། འདི་དུས་ཞེས་ས་མཐའ་ཡིན་ཡང་ར་རྗེས་འབྲེལ་དུ་བྲིས་པ་མང་ཡང་རྗེས་སུ་གཟུགས་འགྱུར་བའོ། །ལེགས་པ་དང་། བཟང་བ་དང་། བདེ་བ་དང་། མཛེས་པ་དང་། རབ་དང་། ཤིན་ཏུ་རྣམས་ལ། སུ། ཡང་དག་པ་དང་། རྫོགས་པ་དང་། ཀུན་ཏུ་ཞེས་པའི་དོན་རྣམས་ལ། སམྲ། རྣམ་པར་དང་། བྲལ་བ་དང་། ལོག་པ་རྣམས་ལ། བི། ཀུན་ཏུ་དང་། མཚམས་འཛིན་པ། ཅུང་ཟད་རྣམས་ལ། ཨཱ་ད། སྟེ་གོང་དུ་དཔེར་བརྗོད་བཅས་ཏེ་བཤད་པ་བཞིན་ནོ།།

ཤིན་ཏུ་དང་། ཕུལ་དུ་བྱུང་བ་དང་། ཚད་ལས་འདས་པའམ། འགོང་བ་དང་། བསྔགས་པ་རྣམས་ལ། ཨ་ཏི། མངོན་པར་ལ། ཨ་བྷི། ལྷག་པར་ལ། ཨ་དྷི། ངེས་པར་དང་། ཀུན་ཏུ་དང་། བྲལ་བ་དང་། དཔེ་དང་། ཅུང་ཟད་རྣམས་ལ། ཨ་པ། རྗེས་སུ་དང་། དམན་པ་དང་། ལྷན་ཅིག་དང་། ཕྱི་མའམ་རྗེས་མ་དང་། དེ་འདྲ་བ་རྣམས་ཀྱི་དོན་ལ། ཨ་ནུ། འགོག་པ་དང་། སྨོད་པ་དང་། བྲལ་བ་དང་། བཟློག་པ་དང་། གནོད་པ་རྣམས་ལ། ཨ་པ། ཀྱང་འང་ཡང་གི་དོན་དང་། ཡིན་སྲིད་ལྟ་བུའི་སྲིད་དང་། མང་པོའི་ནང་ནས་དམིགས་བསལ་བཏུ་བ་དང་། རྔ་བརྡུང་ཞིང་རྐང་གླིང་ཡང་འབུད་ལྟ་བུའི་ཡང་དང་། ཡིན་ནམ་ཤེས་སམ་སོགས་དྲི་ཚིག་གི་དོན་དང་། རྐུ་ལ་ཤོར་དགོས་ལྟ་བུའི་དགོས་པ་རྣམས་ཀྱི་དོན་ལ། ཨ་བི། སྟེ་གོང་དུའང་ཡོད། ཉེ་བར་དང་། ཕན་པ་དག་ལ། ཨུ་པ། ཤིན་ཏུ་དང་། ཕུལ་དང་མཆོག་མཐོ་བ་སོགས་ལ། ཨུ་ཏ། འདི་ད་མཐའ་ཡིན་ཡང་ཕལ་ཆེར་ཏ་ཉིད་དུ་གྱུར་པའོ། །ཉེ་བསྒྱུར་འདི་རྣམས་མིང་གི་མགོར་སྦྱར་བ་ཡིན་ནོ།།

ཁུངས་གཏུག་སའི་ཡིག་ཆ།

ཀཿཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོས་བསྒྲིགས་ཤིང་། སི་ཁྲོན་དཔེ་སྐྲུན་ཚོགས་པས་པར་དུ་སྐྲུན་པའི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། འཇུ་མི་ཕམ་བཀའ་འབུམ་ང་པ་སྨད་ཆ་ལས། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བཏུས་པའོ།།


[1]  ཨན་དྲོ་ (Android ཨེནཌྲོའེཌ།) ཁ་པར་གྱི་མཉེན་ཆས་ནང་གསེས་ཧིན་ཡིག་ཐོག་གི་ལེགས་སྦྱར་ཚིག་མཛོད་ཀུན་བཏུས་ཨ་མར་ཀོ་ཥ་ལས། ཨརྦཱ་ཀ, ཞེས་བྲིས་པ་ལས་བ་ཉིས་བརྩེགས་སུ་མི་གསལ། བ་གཅིག་པུ་དེ་ཡང་བ་ཕྱེད་ཝ་སྒྲའི་དོན་ཡིན་པས། དེ་ཉིས་བརྩེགས་བྱས་ན་ཀློག་ཀྱང་མི་བདེ་ལ། དོན་ཡང་ཁྱད་པར་བ་ཞིག་བསྟན་རྒྱུ་མེད་པ་ཡིན།

[2]  ཨན་དྲོ་ (Android ཨེནཌྲོའེཌ།) ཁ་པར་གྱི་མཉེན་ཆས་ནང་གསེས་ཧིན་ཡིག་ཐོག་གི་ལེགས་སྦྱར་ཚིག་མཛོད་ཀུན་བཏུས་ཨ་མར་ཀོ་ཥ་ལས། ད་ལ་ཡ་བཏགས་བརྒྱབ་འདུག་པ་ཡང་འདི་ལྟ་སྟེ། པཱུརྦེ་དྱུཿ ཞེས་གསལ། དེ་བཞིན་དུ་འོག་གི་ཨུཏྟ་རེངྻུཿ ཨ་པ་རེངྻུཿ ཨ་དྷ་རེངྻུཿ ཨ་ནྱཏ་རེངྻུཿ ཨུ་བྷ་རེངྻུཿ རྣམས་ཀྱང་ད་ལ་ཡ་བཏགས་བརྒྱབ་འདུག་པ་གསལ་ལ། གོང་དུ་མ་གཞི་ཉིད་ལས་ཀྱང་། “དྱུཿ འི་སྒྲ་དེ་རྣམས་ས་མཐའ་ཅན་ནོ།།” ཞེས་གསུངས་པའི་ཕྱིར་ན། དྱུཿ ཞེས་འབྲི་ཚུལ་ཉིད་འཐད་པར་གནས་སོ།།

[3]  ཨན་དྲོ་ (Android ཨེནཌྲོའེཌ།) ཁ་པར་གྱི་མཉེན་ཆས་ལས་ཧིན་ཡིག་ཐོག་གི་ལེགས་སྦྱར་ཚིག་མཛོད་ཀུན་བཏུས་ཨ་མར་ཀོ་ཥ་ལས། སརྦ་དཱ། ཞེས་བྲིས་པ་ལས་བ་ཉིས་བརྩེགས་སུ་མི་གསལ་བའི་རྒྱུ་མཚན་གོང་ཞུས་ལྟར་རོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།