བསྟན་འཛིན་ཆོས་འཕེལ། འཛིན་རིམ་བདུན་པ།
དང་པོ།
“ཁོ་ནི་གྲྭ་པ་ཚོང་པ་ཞིག་རེད།”
སྐད་ཆ་དེ་ངས་ནམ་རྒྱུན་ཡང་ཡང་བཤད་མྱོང་ནའང་། Bདགོན་པའི་གྲྭ་པ་ཚོས་དོ་སྣང་དེ་ཙམ་བྱེད་ཀྱི་མི་འདུག མ་གཞི་ཀློག་པ་པོ་ཁྱོད་ཀྱིས་ང་ལ་ཅིའི་ཕྱིར་“གྲྭ་པ་དེ་ཚོང་པ་རེད་”ཟེར་ན། ངས་ཁྱོད་རང་ལ་ཞིབ་མོར་བཤད་ཆོག
ལོ་དེར་“ཁོ་”ལོ་ན་བཅུ་ལས་ལོན་མེད་ནའང་། ཁོང་ཚོའི་ཡུལ་ལུང་ནང་གྲྭ་པ་དར་མ་ཞིག་སླེབས་ཏེ་ཁོ་གྲྭ་པར་འཇུག་རྒྱུ་ཡིན་ཟེར་ནས་རྒྱ་གར་ལ་ཁྲིད། ཁོ་འཛུལ་ཞུགས་བྱེད་སའི་རྒྱ་གར་ནང་གི་Bདགོན་པ་ཞེས་པ་དེའི་སྐོར་ཁོང་ཚོའི་ཡུལ་ལུང་ནང་ལ་སྐད་གྲགས་ཆེ་བས་མིང་དེ་ཁོ་རང་གི་རྣ་བར་སྔ་མ་ནས་འཇགས་ཡོད་སྟབས། ཁོའི་བསམ་པར་Bདགོན་པ་ནི་དངོས་གནས་ག་འདྲ་ཞིག་ཡོད་དམ་སྙམ་བཞིན་མཚར་སྣང་སྐྱེ་བཞིན་ཡོད།
Bདགོན་པའི་ཁོར་ཡུག་ནི་དངོས་གནས་ཉམས་དགའ་བ་ཞིག་སྟེ། ལྟ་ན་སྡུག་པའི་ལྗོན་ཤིང་གི་ཕྲེང་བ་བསྟར་ཞིང་། མཛེས་ཤིང་སྡུག་པའི་ནེའུ་སིང་གི་ཚལ་དང་རྒྱ་སེའི་མེ་ཏོག་རྣམ་པར་བཞད། འདུ་ཁང་དེ་ཚོའི་རྒྱ་ཕིབས་ལས་གསེར་མདོག་གི་བཀྲག་མདངས་ལྷམ་མེར་འཚེར་འོང་།
“ཁོ་”Bདགོན་པར་དང་ཐོག་སླེབ་དུས་གྲྭ་པ་གསར་པ་ཞིག་གི་ཚུགས་ཀ་ཏག་ཏག་ཁོའི་སྟེང་ནས་མངོན་འོང་སྟེ། གྲྭ་པ་རྒན་པ་མཐོང་ཚད་ལ་གཟན་སྣེ་ཕབ་སྟེ་གུས་གུས་ཞུམ་ཞུམ་བྱེད།
ལོ་ན་བཅུ་ལས་ལོན་མེད་པའི་ཁོ་ནི་ཧི་མཱ་ལ་ཡའི་རི་ཁུག་ཅིག་ནས་རྒྱ་གར་ནང་གི་Bདགོན་པར་སླེབས་ཏེ་གྲྭ་པར་འཛུལ་ཞུགས་བྱས་པ་ཡིན་པས། ད་ནི་ང་དང་ཀློག་པ་པོ་ཁྱོད་ཀྱིས་ཀྱང་ཁོ་ལ་“གྲྭ་ཆུང་”ཞེས་འབོད་དགོས།
གྲྭ་ཆུང་དེ་དང་ཐོག་ཁོ་རང་འཁྲིད་ཡོང་མཁན་གྲྭ་པ་དར་མ་དེའི་མཉམ་པོར་བསྡད་ནས་Bདགོན་པའི་ནང་ཟླ་ཕྱེད་ལྷག་ཙམ་ཕྱིན་ཟིན་པའི་ཉིན་མོ་ཞིག་ལ། ཁོང་ཚོའི་ཤག་ནང་“གྲྭ་རྒན་”གཞན་ཞིག་སླེབས།
ད་ལྟ་སླེབས་མ་ཐག་པའི་གྲྭ་རྒན་དེ་ནི་Bདགོན་པའི་གྲྭ་པ་རྣམས་དང་མི་འདྲ་སྟེ། ཁོའི་གཟུགས་སྟོབས་ཆེ་ཞིང་མགོ་བོའི་སྐྲ་ཡང་ཕལ་ཆེ་བ་བྱིད་དེ་ཀླད་དཀར་ཆགས་འདུག་ལ། མ་ནེའི་སྒང་དུ་ཨག་ཚོམ་ནག་ལ་སྟུག་པ་ཞིག་བཞག་ཅིང་གཟན་ཤམ་གྱི་ཁ་དོག་ཀྱང་རྦད་དེ་ཁ་ཁ་རེད།
གྲྭ་རྒན་དེ་སླེབས་མ་ཐག་འབའ་ཁུག་ནས་ཡིག་སྐོགས་ཤིག་བཏོན་ཏེ་གྲྭ་ཆུང་ཁྲིད་ཡོང་མཁན་དེར་གཏད་སོང་། ཁོང་གཉིས་ཕན་ཚུན་མིག་བརྡ་ཞིག་བྱས་རྗེས་གྲྭ་པ་དར་མ་དེ་དང་གྲྭ་རྒན་གཉིས་པོས་དུས་གཅིག་ཏུ་ཁོ་ལ་“ཁྱོད་འགྲོ་རན་སོང་།”ཟེར། གྲྭ་ཆུང་དེས་ཁོང་གཉིས་པོས་ཅི་ཞིག་བཤད་པ་མགོ་མ་འཚོས་པར་ཧད་ནས་ཡོད་སྐབས། ཁོ་ཁྲིད་ཡོང་མཁན་གྲྭ་པ་དར་མ་དེས་གསལ་བཤད་ཀྱི་ཚུལ་དུ་“ཁྱོད་རང་ཡོང་ས་དགོན་པ་དངོས་གནས་དེ་འདི་མ་རེད་། Aདགོན་པ་ལ་རེད་”ཅེས་བཤད།
གཉིས་པ།
གྲྭ་ཆུང་དེ་Aདགོན་པར་སླེབས་ནས་བཟུང་། གཡས་གཡོན་གྱི་ཤག་མཚེས་ཚོས་ཁོ་ནི་ཧི་མཱ་ལ་ཡའི་རི་ཁུག་ཅིག་ནས་སླེབས་པར་ངོས་འཛིན་བྱས། མ་གཞི་དེ་ནི་ད་ལྟ་ཁོའི་མཁུར་མགོ་ཀུ་ཤུ་ཞིག་དང་འདྲ་བར་དམར་པོ་དམར་རྐྱང་ཡོད་པས་ཡིན།
གྲྭ་ཆུང་དེ་Aདགོན་པར་ཁྲིད་ཡོང་མཁན་གྲྭ་རྒན་ཀླད་དཀར་དེ་ནི་Aདགོན་པའི་གྲྭ་རྒྱུན་ཐད་ལ་སྟངས་འཛིན་བྱེད་མཁན་གྱི་ལས་བྱེད་ཆེ་གྲས་ཤིག་ཡིན་པར་མ་ཟད། ཁོང་གིས་གྲྭ་ཆུང་དེར་ལྟ་རྟོག་ཀྱང་བྱེད་བཞིན་ཡོད་པས། དུས་རྒྱུན་ཁོང་གིས་བསླབ་བྱ་དང་གླེང་མོལ་འདི་ལྟར་ཡང་ཡང་བྱེད་དེ།
“ཁྱོད་རང་གྲྭ་པ་བྱས་ཚར་ནས་བཟུང་། སྡོམ་པ་ཞུ་དགོས་པ་རེད། དེ་ནས་དཔེ་ཆ་ཡག་པོ་སྦྱང་དགོས་པ་རེད་”ཅེས་བསླབ་བྱ་གཅིག་དང་།
ཡང་ཁོང་གིས་“ཁྱོད་ལ་སྤུན་མཆེད་ཕྲུ་གུ་ག་ཚོད་ཡོད།”
“གསུམ།”
“ཁོང་ཚོ་གྲྭ་པ་བྱེད་འདོད་འདུག་ཟེར་གྱི་མི་འདུག་གམ།”
“མི་འདུག”
“འོ་ན་ཁྱོད་ཚོའི་ལུང་པར་གྲྭ་པ་བྱེད་འདོད་ཡོད་ཟེར་མཁན་གྱི་ཕྲུ་གུ་དེ་འདྲ་འདུག་གམ།”
“མི་འདུག”
གྲྭ་ཆུང་གིས་དྲི་བར་ལན་དྲང་པོར་བཏབ་མ་ཐག གྲྭ་རྒན་ཀླད་དཀར་ཁོང་ནི་བློ་མི་བདེ་བའི་ངང་ནས་ཁུ་སིམ་མེར་ཁོང་རང་གི་ཤག་ནང་འཛུལ་ཕྱིན།
ལོ་དེ་ལ་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་འཚོགས། གྲྭ་ཆུང་དང་ཁོང་ལ་ལྟ་རྟོག་བྱེད་མཁན་གྲྭ་རྒན་ཀླད་དཀར་གཉིས་པོ་ཡང་དབང་ཞུ་རུ་ཕྱིན།
དུས་འཁོར་དབང་ཆེན་ཞུ་མཁན་ནི་དངོས་གནས་མང་སྟེ། རྒྱལ་ཁབ་འདྲ་མིན་སྣ་ཚོགས་ནས་མི་མང་མང་པོ་འཛོམས་ཡོད་སྟབས། སྡོད་ཁང་མ་འདང་བའི་རྐྱེན་གྱིས་གོ་སྒྲིག་ཚོགས་ཆེན་གྱིས་མི་མང་རྣམས་ལ་གུར་མང་པོ་ཕུབ་ནས་གྲ་སྒྲིག་བྱས་འདུག དེ་དག་ལས་མང་ཆེ་བ་ནི་ཧི་མཱ་ལ་ཡའི་རི་ཁུག་དག་ནས་ཡོང་བ་ཡིན།
དགོང་མོ་ཞིག་ལ་གྲྭ་རྒན་ཀླད་དཀར་ཡོང་ནས་གྲྭ་ཆུང་དེ་ལ་གླེང་མོལ་ཞིག་བྱས་བྱུང་།
“ད་ལོ་ཁྱོད་ཚོའི་ཕ་ཡུལ་ཕྱོགས་ནས་མི་མང་པོ་ཞིག་སླེབས་ཡོད་པ་འདྲ། ཁྱོད་ཀྱི་ངོ་ཤེས་དེ་འདྲ་མི་འདུག་གམ།”
གྲྭ་ཆུང་དེས་ཅུང་བསམ་བློ་ཞིག་བཏང་རྗེས།
“འོ་སླེབས་འདུག”
“མང་པོ་སླེབས་འདུག་གམ།”
“ངའི་ངོ་ཤེས་པ་ལ་སྔགས་རྒན་ཞིག་ཡོད། ཁོང་དང་ཁོང་རང་གི་དགེ་ཕྲུག་ཁ་ཤས་ཡོད་པ་དེ་ཚོ་སླེབས་འདུག”
དགོང་མོ་དེར་ཁོང་གཉིས་པོའི་སྐད་ཆ་དེ་ཙམ་གྱིས་མཇུག་རྫོགས་སོང་།
ཕྱི་ཉིན་ཡང་བསྐྱར་གྲྭ་རྒན་ཀླད་དཀར་ཡོང་ནས་གྲྭ་ཆུང་དེ་ལ་“ཁྱོད་ཀྱི་ངོ་ཤེས་སྔགས་རྒན་དེ་ག་བར་བསྡད་འདུག”
“ཕ་གིའི་གུར་ནང་།”
“ངེད་གཉིས་ཐེངས་གཅིག་ཁོའི་རྩར་འགྲོ་དགོས།”ཟེར་ནས་གྲྭ་ཆུང་ལ་བསྐུལ་མ་བྱས།
སྔགས་རྒན་སྡོད་སའི་གུར་ནང་སླེབ་དུས་གྲྭ་རྒན་ཀླད་དཀར་ཐོག་མར་སྔགས་རྒན་གྱི་དགེ་ཕྲུག་ཚོར་ཞིབ་ནན་གྱིས་ལྟ་བཞིན་འདུག སྐབས་དེར་གྲྭ་ཆུང་དེས་“ཁོང་ནི་ང་ཡི་དགེ་རྒན་རེད་”ཅེས་ངོ་སྤྲོད་ཀྱི་ཚུལ་དུ་བཤད། སྔགས་རྒན་དང་གྲྭ་རྒན་གཉིས་ཕན་ཚུན་ལག་པ་གཏོང་རེས་བྱས་རྗེས་ཁ་བརྡ་བྱེད་འགོ་བཙུགས། མཚམས་ཤིག་ནས་གྲྭ་རྒན་གྱིས་“ཁྱོད་རང་ལོག་ཕྱིན་ན་འགྲིག་”ཅེས་ཟེར་བཞིན་གྲྭ་ཆུང་དེར་མིག་བརྡ་ཞིག་བྱས།
ཉིན་གཉིས་རྗེས་ཀྱི་དགོང་མོ་ཞིག་ལ་གྲྭ་རྒན་ཀླད་དཀར་གྱིས་ཡང་བསྐྱར་གྲྭ་ཆུང་དེ་ལ་། “དོ་དགོང་ང་སྔགས་རྒན་རྩར་འགྲོ་དགོས་ཡོད། ང་ལ་རོགས་པ་ཞིག་བྱེད་དགོས།”ཞེས་བཤད།
ཁོང་གཉིས་སྔགས་རྒན་གྱི་སྡོད་གུར་ནང་སླེབས་པ་དང་། གྲྭ་རྒན་ཀླད་དཀར་དེས་ཡིག་སྐོགས་ཤིག་གི་ནང་ནས་“གཅིག” “གཉིས།” “གསུམ།”ཟེར་བཞིན་རྒྱ་གར་གྱི་སྒོར་མོ་སྟོང་ཕྲག་སུམ་ཅུ་བར་བརྩིས་ནས་སྔགས་རྒན་ལ་སྤྲད། སྔགས་རྒན་གྱི་གདོང་ལ་ཡིད་ཚིམས་པའི་ཉམས་ཤིག་ཤར་ཞིང་། ཁོའི་དགེ་ཕྲུག་གསུམ་པོ་དེ་གྲྭ་རྒན་ཀླད་དཀར་ལ་རྩིས་སྤྲོད་བྱས། ཡང་སྔགས་རྒན་གྱི་བསམ་པར་ཅི་ཞིག་དྲན་པ་ལྟར་བཤད་རྒྱུར། “གལ་སྲིད་ཡང་བསྐྱར་གྲྭ་ཕྲུག་དེ་འདྲ་དགོས་ན། ད་ལྟ་རྒན་ཁྱེད་རང་གིས་ང་ལ་སྒོར་ཁྲི་བཞི་བུ་ལོན་དུ་གཡོར་དང་། ལོ་རྗེས་མར་ངས་ཕྲུ་གུ་བཞི་འཁྲིད་ཡོང་།” ཞེས་བཤད་པར། གྲྭ་རྒན་ཀླད་དཀར་དེས་ལམ་སང་རྒྱ་གར་གྱི་སྒོར་མོ་སྟོང་ཕྲག་བཞི་བཅུ་བརྩིས་ནས་སྔགས་རྒན་དེར་སྤྲད།
གསུམ་པ།
ཕྱི་ལོ་དེའི་ནམ་ཟླ་སྟོན་མཇུག་ཅིག་ཏུ་Aདགོན་པའི་གྲྭ་རྒན་ཀླད་དཀར་ནི་གནས་མཆོག་རྡོ་རྗེ་གདན་ལ་འགྲོ་རྒྱུའི་སྟ་གོན་བྱེད། ཁོང་འགྲོ་ཁར་གྲྭ་ཆུང་དེ་ལ་“ང་རྡོ་རྗེ་གདན་ལ་ཕྱིན་ཏེ། ན་ནིང་གི་སྔགས་རྒན་ལག་ནས་ཕྲུ་གུ་བཞི་ལེན་རྒྱུ་ཡོད། དེའི་རིང་ཁྱོད་ཀྱིས་ཁོང་གསུམ་པོར་ལྟ་རྟོག་བྱེད་དགོས་”ཞེས་མངགས་གཏམ་བྱས་ཏེ་ན་ནིང་ལོར་ཁྲིད་ཡོང་བའི་ཕྲུ་གུ་གསུམ་པོ་གྲྭ་ཆུང་ལ་རྩིས་སྤྲོད་བྱས།
ཟླ་བ་གཅིག་རྗེས་ཀྱི་ཉིན་ཞིག་ལ་གྲྭ་རྒན་ཀླད་དཀར་ལོག་སླེབས་བྱུང་། གྲྭ་ཆུང་གི་བསམ་པར་ཁོང་གིས་ཁྲིད་ཡོང་བའི་ཕྲུ་གུ་དེ་ཚོ་ག་འདྲ་ཞིག་ཡོད་དམ་སྙམ་བཞིན་གྲྭ་རྒན་ཀླད་དཀར་གྱི་ཤག་ཏུ་ཕྱིན།
འོན་ཀྱང་གྲྭ་རྒན་ཀླད་དཀར་ནི་ཁོང་རང་གི་ཤག་ནང་གདོང་པ་སྨད་ནས་ཅི་ཞིག་ལ་བསམ་བློ་གཏོང་བཞིན་འདུག གྲྭ་ཆུང་སླེབས་པ་ཧ་གོ་རྗེས་ཁོང་གིས་ལྟ་ཙམ་བྱེད་པ་ལས་སྐད་ཆ་ཅི་ཡང་མེད་པར་ཁུ་སིམ་མེར་འདུག སྔ་མ་དང་བསྡུར་ན་ཁོང་གི་ངོ་མདངས་རྦད་དེ་ཤོར་ཡོད་ལ། ཁ་སྤུ་ཡང་བཞར་མེད་པར་ནག་ཟིང་ངེར་མངོན་ཡོང་། གྲྭ་ཆུང་གིས་ཤག་ནང་ཕར་ཚུར་ལྟ་ཙམ་བྱས་པར་ཁོང་གིས་ཁྲིད་ཡོང་བའི་ཕྲུ་གུ་གསར་པ་ནི་གཅིག་ཀྱང་མཐོང་རྒྱུ་མི་འདུག
གྲྭ་རྒན་ཀླད་དཀར་གྱི་ཚུགས་ཀ་མཐོང་བས་གྲྭ་ཆུང་དེས་ཀྱང་ཅི་ཡང་ཤོད་མ་ཕོད་པར་སར་ཙོག་ནས་བསྡད། ཅུང་ཙམ་ཞིག་རྗེས་ནས་གྲྭ་རྒན་ཀླད་དཀར་གྱིས་དབུགས་རིང་ཞིག་བཏང་སྟེ་ཁ་གྲག་བྱུང་།
“ཁོང་ཚོ་ཕྲུ་གུ་གསུམ་པོ་ག་པར་ཡོད།”
“ད་ལྟ་ཕྱི་ལོགས་ན་རྩེད་མོ་རྩེ་བཞིན་འདུག”
གྲྭ་རྒན་ཀླད་དཀར་མགོ་བོ་འཕྲེད་དུ་གཡུག་གཡུག་བྱེད་བཞིན་“སྔགས་རྒན་ཁོས་ང་ལ་མགོ་སྐོར་བཏང་འདུག ད་ལོ་ཕྲུ་གུ་བཞི་འཁྲིད་ཡོང་རྒྱུ་ཕར་ཞོག ཁོ་རང་ཡང་བྲོས་ཚར་ཡིན་ས་རེད། སླེབས་མི་འདུག ངའི་སྒོར་མོ་སྟོང་ཕྲག་བཞི་བཅུ་འཕྲོ་བརླག་བཏང་སོང་།” དངན་པ་རིང་མོ་ཞིག་དང་ལྷན་དེ་ལྟར་བཤད།
ལོ་ངོ་འདི་དག་གི་རིང་གྲྭ་རྒན་ཀླད་དཀར་གྱིས་“ཁྱོད་རང་གྲྭ་པ་ཡག་པོ་ཞིག་དང་། དེའི་ཁར་སློབ་སྦྱོང་ཡག་པོ་ཞིག་བྱེད་དགོས་རེད། དགོན་འདི་ནི་དགོན་པ་གཞན་དང་མི་འདྲ་བར་སློབ་སྦྱོང་བྱེད་ས་ཡག་པོ་ཡོད། དགོན་པ་གཞན་དག་དེ་ཚོ་ལ་ཕྱིན་ན་ཆོ་གང་ཡང་ཡོད་མ་རེད།” ཅེས་གྲྭ་ཆུང་དེར་བསླབ་བྱ་རྒྱག ཡང་ཁོང་གིས་“དེང་སང་དུས་ཚོད་ལ་གྲྭ་རྒྱུན་རག་ཡ་ཁག་པོ་འདུག་”ཅེས་སྐད་ཆ་དེ་ཡང་ཡང་བསྐྱར་ཟློས་བྱེད་བཞིན་སེམས་ཁྲལ་གྱིས་འདུག་མི་བཟོད་པ་ལྟ་བུར་གྱུར་འདུག
ནམ་དུས་བཞི་རེས་འཁོར་གྱི་ངང་ནས་ལོ་ཟླའི་བགྲོད་པ་དང་བསྟུན་གྲྭ་རྒན་ཀླད་དཀར་གྱི་བསླབ་བྱའི་ཁྲོད་ནས་ད་ནི་གྲྭ་ཆུང་དེ་ཡང་ན་ཚོད་རིམ་གྱིས་སྨིན་ཡོང་།
ད་ནི་ང་ཚོས་ཁོ་ལ་“གྲྭ་པ་”ཞེས་པའི་མིང་གིས་བོས་ཆོག ད་ལྟ་ཁོས་ཕྱིར་འདང་ཞིག་བརྒྱབས་ན། དེ་སྔོན་ཁོ་རང་ཧི་མཱ་ལ་ཡའི་རི་ཁུག་ཅིག་ནས་དང་ཐོག་Bདགོན་པར་གྲྭ་པ་དར་མ་ཞིག་གིས་ཁྲིད་ཡོང་བ་ཡིན་ནའང་། ཟླ་ཕྱེད་རྗེས་སུ་ཁོ་རང་Aདགོན་པའི་གྲྭ་རྒན་ཀླད་དཀར་དེ་ལ་བཙོངས་པ་ཡིན་པ་ཧ་གོ་བཞིན་ཡོད། འོན་ཀྱང་ད་ལྟ་ཁོའི་བསམ་ངོར་དེ་ནི་སྟེས་དབང་ཞིག་གམ་རྐྱེན་ངན་གྲོགས་ཤར་ལྟ་བུ་ཞིག་ཏུ་བརྩིས་ཏེ། ནམ་རྒྱུན་ཁོས་ཉེ་འཁོར་གྱི་གྲྭ་གྲོགས་རྣམས་ལ་“ང་Bདགོན་པ་ནས་འདི་གར་སླེབས་པ་ནི་དངོས་གནས་ལས་ཤིག་ཡོད་པ་འདྲ་”ཟེར་བཞིན་ཁོ་རང་སེམས་ནང་ནས་དགའ་བ་སྒོམ་བཞིན་ཡོད། དུས་རྒྱུན་ཁོས་རང་གི་དཔེ་ཁྲིད་རྒན་གྱི་ངག་ནས་ཐོས་མྱོང་བ་ནི་“དགོན་པ་དང་ཆོས་བརྒྱུད་གཞན་དག་ནི་ང་ཚོ་Aདགོན་པ་དང་སྡུར་ཐབས་མེད་”ཟེར་བ་དེ་རེད། དེའི་རྗེས་ནས་ཁོས་ཀྱང་དགོན་པ་དང་ཆོས་བརྒྱུད་གཞན་དག་ལ་སྐྱོན་བརྗོད་བྱེད་ཅིང་ཁ་རྡུང་གཏོང་གང་ཐུབ་ཐུབ་བྱེད། ཁོས་Aདགོན་པའི་ཆེད་དུ་བསམ་བློ་ཡང་ཡང་བཏང་ནའང་ཐབས་ཤེས་ཤིག་བློ་ལ་འཁོར་གྱི་མེད་པ་ནི། དེང་སང་གི་དུས་ཚོད་འདིར་Aདགོན་པར་ལོ་རེར་གྲྭ་རྒྱུན་ཉུང་ནས་ཉུང་དུ་འགྲོ་བཞིན་པའི་ཚོར་སྣང་དེ་རེད།
གྲྭ་རྒྱུན་ནི་དགོན་པའི་ངོས་ནས་དོན་དག་གལ་ཆེན་ཡིན་པ་མ་ཟད། ཁོང་རང་ལ་ལྟ་རྟོག་བྱེད་མཁན་གྲྭ་རྒན་ཀླད་དཀར་གྱི་བསམ་དོན་ཡང་ཡིན་པས། དེའི་ཐད་ནས་ཁོས་ཅིས་ཀྱང་ནུས་པ་འདོན་རན་འདུག་སྙམ་བཞིན་བསམ་བློ་དྲུག་གསུམ་བཅོ་བརྒྱད་བསྐོར་རྗེས། ཉིན་ཞིག་ཁོ་རང་གྲྭ་རྒན་ཀླད་དཀར་གྱི་ཤག་ཏུ་ཕྱིན་ནས་གྲོས་ཤིག་བྱས།
བཞི་པ།
ལོ་དེའི་དབྱར་འགོ་ཞིག་ལ། གྲྭ་རྒན་ཀླད་དཀར་དང་གྲྭ་པ་དེ་གཉིས་མཐོ་སྒང་གི་ཧི་མཱ་ལ་ཡའི་རི་ཁུག་ཏུ་སླེབས། དེ་ནི་ལོ་སྔོན་མར་གྲྭ་པ་དེས་བསམ་ཚུལ་བཤད་པ་ལྟར་ཡིན་ཏེ། ཁོས་རང་ཉིད་དང་གྲྭ་རྒན་ཀླད་དཀར་གཉིས་པོ་ཕྱིན་ནས། ཁོ་རང་གི་ཡུལ་ལུང་དང་དེ་མིན་གཡས་གཡོན་གྱི་ལུང་ཁུག་དག་ནས་གྲྭ་རྒྱུན་མང་པོ་ཞིག་བསྡུ་རྒྱུའི་འཆར་གཞི་བཏིང་ཡོད།
ཉིན་དེར་གྲྭ་པ་དེས་གྲྭ་རྒན་ཀླད་དཀར་ཁྲིད་ནས་ཁོ་རང་དང་ཡུལ་སྡེ་གཅིག་པའི་ཁྱིམ་ཚང་ཞིག་གི་ནང་ལ་ཕྱིན། ཁྱིམ་ཚང་དེ་རྒྱུ་དང་འབྱོར་བ་འབྲིང་འབྲིང་ཞིག་ཡིན་ནའང་། ཁོང་ཚང་ལ་བུ་ཕྲུག་མང་པོ་ཡོད་པས། ཕྲུ་གུ་གཅིག་གྲྭ་པར་བཏང་ཡོང་སྙམ། འོན་ཀྱང་ཁོང་ཚོའི་ཁང་པར་སླེབ་དུས་སྤོ་བོ་དེ་གཅིག་པུ་ཁྱིམ་སྲུང་བྱས་ནས་བསྡད་ཡོད་པ་ལས། མི་གཞན་སུ་ཡང་མེད་པར་ཁང་པ་དེ་སྟོང་སང་ངེ་རེད། གྲྭ་པ་དེས་སྤོ་བོར་འཚམས་འདྲི་ཞུས་པ་དང་། ཁོ་རང་དང་ལྷན་དུ་ཡོང་བའི་གྲྭ་རྒན་ཀླད་དཀར་གྱི་སྐོར་ལ་ཡང་ངོ་སྤྲོད་སྟབས་བདེ་ཞིག་བྱས། སྤོ་བོས་ཁོང་གཉིས་པོར་ཇ་ཚ་དམ་ཞིག་བཀྱག་རྗེས་འཐུང་ཞོར་དུ་ལབ་གླེང་འགོ་བཙུགས།
གྲྭ་པ་དེས་ད་ཐེངས་ཡུལ་ལུང་འདི་གར་འོང་དགོས་པའི་དོན་དག་དེ་ཐབས་མཁས་པོ་ཞིག་གི་སྒོ་ནས་བཤད་ཅིང་། ད་དུང་ཁོང་ཚོའི་ཁྱིམ་ཚང་ནས་ཕྲུ་གུ་གཅིག་གྲྭ་པར་གཏང་རྒྱུའི་རེ་བ་ཞུས་པར། སྤོ་བོས་ “ངེད་ཀྱི་ཕྲུ་གུ་བསོད་ནམས་ནི་དབྱར་རྩྭ་དགུན་འབུ་འཐུ་རུ་བུད། འབྲིང་བ་འགྱུར་མེད་ནི་དབྱར་ཚོང་ལ་ཐེགས་ཟིན། དེའི་འོག་མ་ཕུན་ཚོགས་ནི་ད་ལྟ་རི་མགོར་སྒོ་ཕྱུགས་འཚོ་དགོས། དེའི………..ནི་ཞིང་ལས་བྱེད་དགོས། དེང་སང་དུས་ཚོད་ལ་ལས་མི་མེད་པའི་དཀའ་ངལ་ཆེན་པོ་འདུག དེ་འདྲ་ཡིན་དུས་ངེད་ཀྱི་ཕྲུ་གུ་ཚོ་ལ་ཆོས་བྱ་རྒྱུར་ཁོམ་ལོང་མི་འདུག”
ཉིན་དེར་ཁོང་གཉིས་ཀྱི་ལས་དོན་མ་འགྲུབ་པར་གྲྭ་པ་དེའི་ཁྱིམ་ལ་ལོག་ཕྱིན།
ཉིན་རྗེས་མར་ཁོང་གཉིས་ཡང་ཁྱིམ་ཚང་གཞན་ཞིག་ཏུ་ཕྱིན་ཏེ་ཁྱིམ་དེའི་ཨ་མར་ཁ་སང་གི་སྤོ་བོར་བཤད་པ་ལྟར་སྐད་ཆ་རྣམས་རེ་རེ་ནས་བཤད་པར། ཁྱིམ་ཚང་གི་ཨ་མ་དེས། “ངའི་ཕྲུ་གུ་གཉིས་པོ་སློབ་གྲྭ་ལ་བཏང་ཚར་བ་ཡིན། མ་གཞི་ཕྲུ་གུ་གྲྭ་པ་བཟོས་ནའང་ག་རེ་བྱེད་དགོས་རེད། ཕྱིན་ཆད་ཁྱིམ་ཚང་ལ་ཕན་ཐོགས་གང་ཡང་ཡོང་གི་མི་འདུག དེ་བས་སློབ་གྲྭ་ལ་བཏང་ན་མ་འོངས་པར་སློབ་གྲྭ་ཐོན་པའི་རྗེས་སུ། སོ་སོའི་ཁ་རྒྱབ་ལ་འདང་རྒྱག་བྱེད་མི་དགོས་པ་ཆགས་ཀྱི་རེད།” སྐད་ཆ་དེས་ཁོང་གཉིས་ལ་སྨྲ་བ་ཅི་ཡང་མེད་པར་ཁུ་སིམ་མེར་བཟོས།
ཉིན་ཤས་རྗེས་སུ་གྲྭ་པ་དང་གྲྭ་རྒན་ཀླད་དཀར་ཁོང་གཉིས་ཡུལ་ལུང་འདི་ནས་རྡོག་ཐོན་བྱས་ཏེ་ལུང་ཁུག་གཞན་ཞིག་ལ་ཕྱིན། ཡུལ་གྲོང་དེའི་མིང་ལ་Kཟེར་ཞིང་། ཁོང་གཉིས་འགྲོ་སའི་ཁྱིམ་ཚང་ཐོག་མ་དེ་ནི་Kཡུལ་གྲོང་གི་བུ་ཕྲུག་མང་ཤོས་ཡོད་སའི་ཁྱིམ་ཚང་རེད། དེ་ལྟར་གཟས་ནས་འགྲོ་དོན་ནི་ཁྱིམ་ཚང་དེའི་ཁྱིམ་མི་རྣམས་ཆོས་དད་ཧ་ཅང་གིས་ཆེན་པོ་ཡོད་པས་ཡིན། གྲྭ་པ་དང་གྲྭ་རྒན་ཀླད་དཀར་ཁོང་གཉིས་ཁྱིམ་དེར་སླེབ་དུས། ལོ་ན་དྲུག་ཅུར་ཟིན་པའི་ཕ་རྒན་གཅིག་པུ་ནད་ཀྱིས་མནར་ནས་ལྷག་ཡོད་པ་ལས། ཁྱིམ་མི་གཞན་སུ་ཡང་མཐོང་རྒྱུ་མི་འདུག ཁོང་གཉིས་ལ་ཅུང་བློ་མི་བདེ་བའི་སྣང་བ་ཞིག་བྱུང་ནའང་། དེ་སྔོན་ཁྱིམ་ཚང་གཞན་གཉིས་ལ་བཤད་པའི་སྐད་ཆ་དེ་བསྐྱར་ཟློས་ཤིག་བྱས་པར། ཕ་རྒན་གྱིས་བཤད་རྒྱུར་“སྤྱིར་ན་ཆོས་བྱ་རྒྱུ་ནི་དངོས་གནས་དྲང་གནས་རྩ་ཆེན་པོ་ལོས་ཡིན། སྐྱབས་སུ་མཆི། ཡིན་ན་ཡང་ངེད་འཇིག་རྟེན་པ་རྣམས་ལ་ད་ལྟ་ཆོས་བྱ་རྒྱུའི་ཁོམ་ལོང་ཞིག་མི་འདུག མ་གཞི་ཁྱེད་རྣམ་པ་རྒྱ་གར་གྱི་དགོན་པ་གང་ཟེར་བ་དེ་ནས་ཡིན་ལགས།”
“Aདགོན་པ་ནས་ཡིན།”
“ལགས་སོ།།”
ཡང་ཁོང་གིས་མགོ་འཕུར་ཙམ་བྱེད་བཞིན་“མ་གཞི་དགོངས་པ་མ་ཚོམས། ཁྱེད་Aདགོན་པའི་གྲྭ་པ་རྣམ་པས་ང་ཚོ་འཇིག་རྟེན་པ་ལ་དགོས་པའི་ཆོས་དེ་མཁྱེན་གྱི་མེད་པ་འདྲ། ཁ་སང་དེ་རིང་Aདགོན་པའི་གྲྭ་པ་ཡིན་གསུང་མཁན་ཁ་ཤས་ལ་བར་བསམ་སྒྲོལ་གསུམ་ཡང་བློ་ཐོག་ནས་གསུང་རྒྱུ་མི་འདུག” ཡང་ཅུང་ཙམ་རྗེས་ནས་ཁོང་གིས་བཤད་རྒྱུར་“དེ་བས་རྒྱ་གར་ནང་གི་Bདགོན་པར་གྲྭ་པ་གཏོང་ཐུབ་ན། ཁོང་རྣམ་པ་ཆོ་ག་གཏང་རྒྱུ་དཔེ་མི་སྲིད་མཁས་པ་རེད་འདུག”ཅེས་བཤད།
ཉིན་གྲངས་འདི་དག་གི་རིང་གྲྭ་པ་དང་གྲྭ་རྒན་ཀླད་དཀར་ཁོང་གཉིས་པོས་Kཡུལ་གྲོང་གི་ཁྱིམ་ཚང་རེ་རེའི་སྒོ་དྲུང་བརྒྱུད་ནའང་། གོང་གི་ཕ་རྒན་དེའི་སྐད་ཆ་དག་དང་གཅིག་མཚུངས་བསྐྱར་ཟློས་བྱེད་མཁན་ཙམ་རེད། འོན་ཀྱང་Kཡུལ་གྲོང་ཁྱིམ་ཚང་གི་ཕ་མ་ཚོས་ཁ་གཅིག་གྲག་ལྟ་བུས། གལ་སྲིད་རང་གི་བུ་ཕྲུག་གྲྭ་པར་བཏང་ན་རྒྱ་གར་ནང་གི་Bདགོན་པར་ཡག་ཚུལ་གླེང་གི་ཡོད་པ་དེ་རེད།
ལྔ་པ།
“གྲྭ་པ་”དེ་ནི་ད་ལྟ་Bདགོན་པར་འཛུལ་ཞུགས་བྱས་འདུག ཁོ་ད་ལྟ་Bདགོན་པའི་གྲྭ་ཆས་གྱོན་ནས་གྲྭ་པ་གཞན་དག་དང་འདྲ་བར། ནམ་རྒྱུན་Bདགོན་པའི་ནང་ནས་མཐོང་རྒྱུ་ཡོད།
ཁོ་རང་ད་ལྟ་Bདགོན་པར་འཛུལ་ཞུགས་བྱེད་དགོས་དོན་ནི། ན་ནིང་ལོར་ཁོ་རང་ལ་ལྟ་རྟོག་བྱེད་མཁན་གྲྭ་རྒན་ཀླད་དཀར་དང་ཁོ་རང་གཉིས་ཧི་མཱ་ལ་ཡའི་རི་ཁུག་ཏུ་འགྲོ་དུས་ཐབས་ཤེས་ཤིག་རག་སོང་བས་རེད།
དེ་རིང་རེས་གཟའ་ཉི་མ་ཡིན་ཅིང་། ད་ལྟ་ཞོགས་པའི་ཆུ་ཚོད་བཅུ་པ་ཡན་མན་ཞིག་རེད། སྐབས་དེར་ཏག་ཏག་གྲྭ་པ་དེར་ཁ་པར་ཞིག་སླེབས་སོང་། ཁོས་ཁ་པར་ངོས་ནས་ཤར་ཡོང་བའི་ཨང་གྲངས་ལ་ལྟ་ཙམ་བྱེད་དུས། ཨང་གྲངས་དེ་ནི་སྔོན་ནས་ཁོའི་ཁ་པར་ནང་ཉར་ཚགས་བྱས་ཡོད་པ་ཞིག་ཡིན་པ་འདྲ། གྲྭ་པ་དེས་འཛུམ་ཙམ་བྱེད་བཞིན་“ཡ་རྒན་ལགས།”ཞེས་བཤད་པར། ཁ་པར་ནང་ནས་“ངས་ཁྱོད་ལ་སྐད་ཆ་ཞིག་ཤོད་དགོས་འདུག ཧི་མཱ་ལ་ཡའི་ཟ་ཁང་ནང་དུ་ཤོག” ཅེས་བཤད་ནས་ཁ་པར་བཞག
གྲྭ་པ་དེ་“ཧི་མཱ་ལ་ཡའི་”ཟ་ཁང་ནང་སླེབ་དུས། Aདགོན་པའི་གྲྭ་རྒན་ཀླད་དཀར་ཁོང་ནི་སྔ་ས་ནས་སླེབས་ཏེ་བསྒུགས་འདུག
ཁོ་རྐུབ་སྟེགས་སྒང་བསྡད་མ་ཐག་གྲྭ་རྒན་ཀླད་དཀར་གྱིས་“ད་ལོ་ཁྱོད་ཀྱིས་ངེད་ལ་གྲྭ་ཕྲུག་ག་ཚོད་ཙམ་འཚོང་ཐུབ་ས་རེད།”
“བཞི་ཙམ་ཁྲིད་ཡོད།”
“ཨ་ལེ། དེ་ནས་སྒོར་མོ་ག་ཚོད་ཙམ་དགོས་ས་རེད།”
“ད་སྒོར་མོ་དགོས་ཀྱི་མ་རེད།”
“དེ་འདྲ་མ་ཟེར།”
“མི་དགོས་མི་དགོས་………”
“དེ་འདྲ་མ་ཟེར། ཁྱོད་ཀྱིས་དཀའ་ལས་མྱངས་སོང་། བཀའ་དྲིན་ཆེ། འདི་ཇ་རིན་ཙམ་ཞིག་གྱིས་དང་། དེ་ནས་ང་རང་ཉིན་གཉིས་གསུམ་རྗེས་སུ་ཕྲུ་གུ་བཞི་པོ་ལེན་དུ་ཡོང་གི་ཡིན།” གྲྭ་རྒན་ཀླད་དཀར་གྱིས་ཁུག་མ་སེར་པོ་དེའི་ནང་ནས་ཡིག་སྐོགས་མཐུག་ཙམ་ཞིག་གྲྭ་པ་དེར་ཨུ་ཚུགས་བརྒྱབས་ནས་སྤྲད།
ཁོང་གཉིས་པོས་ཁ་ལག་བཟས་ཚར་རྗེས་ཧི་མཱ་ལ་ཡའི་ཟ་ཁང་སྒོ་ཕྱིར་ཐོན་པ་དང་གྲྭ་རྒན་ཀླད་དཀར་གོམ་ཁ་Aདགོན་པའི་ཕྱོགས་སུ་བསྒྱུར་ཅིང་། གྲྭ་པ་དེ་ནི་Bདགོན་པར་འགྲོ་སའི་གཞུང་ལམ་ལ་གོམ་ཁ་ཕྱོགས།
གྲྭ་པ་དེ་Bདགོན་པར་འགྲོ་མཁན་གྱི་རྐང་གསུམ་འཁོར་ལོ་ཞིག་གླས་ཏེ་སྣུམ་ཤིག་གེར་རྒྱང་དུ་བསྲིངས་པའི་གཞུང་ལམ་དེའི་སྟེང་ནས་སྐྱོད་སྐབས། སྣུམ་འཁོར་གྱི་སྒེའུ་ཁུང་ལས་བསིལ་རླུང་དྭངས་མོ་ཞིག་འཇམ་ཤིག་ཤིག་ངང་ཁོའི་ངོ་གདོང་ལ་བྱབས་འོང་། བསིལ་འཇམ་གྱི་རེག་བྱ་དེས་ཁོ་ལ་དྲན་སྣང་གཞན་ཞིག་དྲངས་འོང་བས། མིག་ཟུང་གཉིས་པོ་ཟིམ་ཟིམ་ངང་གཞུང་ལམ་གཡས་གཡོན་གྱི་ལྗོན་པའི་བསྟར་ཕྲེང་དང་། ལྗང་མདོག་འཕྲོ་བའི་ཨ་ཤོམ་གྱི་ཞིང་ཁར་གཡེངས་ནས་ཕྱིར་དྲན་གྱི་ཀློང་དུ་ཐིམ།
ལོ་གཅིག་སྔོན་དེར། ཁོ་རང་དང་གྲྭ་རྒན་ཀླད་དཀར་གཉིས་ཧི་མཱ་ལ་ཡའི་རི་ཁུག་ཏུ་ཕྱིན་ཏེ་གྲྭ་རྒྱུན་མང་ཙམ་ཞིག་བསྡུས་ནས་ཁྲིད་འོང་རྩིས་ཡིན་མོད། འོན་ཀྱང་ཁོང་གཉིས་པོའི་བསམ་པ་ལྟར་མ་འགྲུབ། ཁོང་གཉིས་ཕྱིར་Aདགོན་པར་ལོག་སླེབས་ནས་དེའི་སྐོར་བསམ་བློ་དྲུག་གསུམ་བཅོ་བརྒྱད་ཡང་ཡང་བསྐོར་བའི་རྗེས་སུ་ཐབས་ཤེས་ཤིག་རག་སོང་། ཧི་མཱ་ལ་ཡའི་རི་ཁུག་དག་ན་Aདགོན་པ་ལས་Bདགོན་པར་གྲྭ་པ་གཏང་རྒྱུ་ཡིན་ཟེར་མཁན་ཡོད་སྟབས། གྲྭ་པ་དེ་Bདགོན་པར་འཛུལ་ཞུགས་བྱ་རྒྱུ་དང་། ཁོས་Bདགོན་པ་བརྒྱུད་དེ་ཧི་མཱ་ལ་ཡའི་རི་ཁུག་དག་ནས་གྲྭ་རྒྱུན་མང་པོ་བཙལ་རྒྱུ་དང་། མ་ཟད་Bདགོན་པའི་གྲྭ་ཆུང་མང་པོ་ཞིག་ལ་མགོ་བསྐོར་ནས་Aདགོན་པར་གཏང་རྒྱུའི་འཆར་གཞི་བཏིང་།
ཁ་སང་སྔོན་མ་Bདགོན་པ་བརྒྱུད་དེ་ཧི་མཱ་ལ་ཡའི་རི་ཁུག་ནས་ཕྲུ་གུ་གསར་པ་གསུམ་ཁོའི་ལག་ཏུ་འབྱོར་ཞིང་། ད་དུང་Bདགོན་པ་རང་གི་གྲྭ་ཕྲུག་གཅིག་ཀྱང་ཁོས་བདག་གཉེར་བྱས་ཡོད་པས། Aདགོན་པར་གཏང་རྒྱུའི་གྲྭ་ཆུང་བཞི་ཡོད་པར་གྱུར།
འོན་ཀྱང་ད་ཐེངས་གྲྭ་ཆུང་བཞི་ཀ་Aདགོན་པར་གཏོང་བའི་དབང་དུ་བཏང་ན། ཉེ་ཆར་Cདགོན་པའི་ཕྱག་མཛོད་ཆེན་མོ་ཡིས་ཀྱང་ཁོང་ཚོར་གྲྭ་ཆུང་འཚོང་རོགས་ཞེས་བཤད་པར་མ་ཟད། སྒོར་མོ་སྟོང་ཕྲག་བཞི་བཅུ་བླངས་ཏེ་ཁས་ལེན་ཡང་བྱས་ཟིན། ད་ནི་གྲྭ་ཆུང་བཞི་པོ་འདི་ཡང་སྙིང་དགོན་པ་གང་ཞིག་ལ་གཏོང་དགོས་སམ་སྙམ་བཞིན། ཁོའི་བསམ་གཞིག་གི་དྲ་བ་ནི་མདུན་ཕྱོགས་ཀྱི་སྣུམ་ལམ་རིང་མོ་དེ་དང་འདྲ་བར་ཐག་རིང་ནས་ཐག་རིང་ཞིག་ཏུ་བསྲིངས་ནས་འདུག
༡༥/༠༥/༢༠༡༨
རྩོམ་པ་པོ་རང་སྒེར་གྱི་གསལ་བཤད།
རྩོམ་ཡིག་འདི་ནི་ང་མི་སྒེར་གྱི་ལྟ་ཚུལ་དང་སྨྲ་བརྗོད་ཡིན་པས་ན། ང་རང་ཉིད་ཀྱིས་འགན་འཁུར་རྒྱུ་ལས། གཞན་ཚོགས་པ་ཁག་དང་རྩོམ་སྒྲིག་པ་སོགས་ལ་ཁག་འགེལ་བྱེད་མི་ཆོག