བསམ་གྲུབ་ཚེ་རིང་། འཛིན་རིམ་བཞི་པ།
༡༽
དུས་ཡུན་རིང་པོ་ཞིག་གི་རྗེས་སུ་གཞི་ནས་ཤར་གྱི་རི་བོའི་ཕག་ཏུ་ཡིབས་པའི་ཉི་མ་དེ་དམར་ལམ་ལམ་གྱིས་རང་གི་འཛུམ་ཀོང་དེ་གཞན་ལ་ངོམ་བཞིན་གཞིས་གྲོང་ལྷུན་པོ་ལ་འོད་མདངས་སེར་པོ་ཞིག་ཡོངས་སུ་གཏོར་སོང་། གཞིས་གྲོང་ལྷུན་པོོའི་མཐའ་སྐོར་ནི་རི་བོས་བསྐོར་ཅིང་། ཆུ་ཤིང་མོད་པའི་ས་གནས་ཤིག་ཆགས་ཡོད། མ་ཟད་ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་སྣ་ཚོགས་ལྷམ་མེར་བཞད་པའི་ཚང་ཚིང་དང་། བྱ་བྱེའུ་དག་གི་དབྱངས་སྙན་ཆད་མེད་ཡིན།
གྲོང་ཚོའི་ནང་གི་དུད་ཁྱིམ་སྟེང་གི་ཚོན་སྣ་ལྔ་ཅན་གྱི་དར་ལྕོག་རྣམས་རླུང་གིས་ལྷབ་ལྷུབ་ཏུ་སྐྱོད་བཞིན་པ་ནི་ཅི་འདྲའི་མིག་ལམ་དུ་མཛེས་པ་ཞིག་རེད་ཨང་། མར་གྲོང་ཚོའི་ནང་གི་ཞིང་ཆུང་གྲུ་བཞིའི་དཀྱིལ་ནས་གྱ་གྱུར་དུ་འཐེན་པའི་ལམ་ཕྲན་དེ་དེད་ནས་ཕྱིན་ན་མཐར་ལྷུན་པོ་གྲོང་གི་དགོན་པ་བསམ་གཏན་ཆོས་གླིང་དུ་སླེབས། ད་གཟོད་ཕལ་ཆེར་དགོན་པའི་དཀོན་གཉེར་གྱིས་ཕྱག་མཆོད་ཕུལ་ཟིན་པ་འདྲ། གཞིས་གྲོང་ནས་ཡར་བལྟས་ཚེ་མིག་ལམ་དུ་གསལ་ལེར་མངོན་པའི་བསང་བུམ་དཀར་པོ་དེ་ནས་བསང་དུད་སྔོ་ལོང་པོ་ཞིག་གྱེན་ལ་དྲག་ཏུ་འཕྱུར་ཞིང་དུང་སྒྲ་ཡང་སང་སང་གྲག་འོང་། ད་གཟོད་ཉི་མ་རི་རྩེར་ཤར་མ་ཐག་པ་རེད། མིག་མདུན་གྱི་ལྷུན་པོ་གྲོང་ཚོ་ནས་གྱ་གྱུར་འཐེན་པའི་ལམ་ཕྲན་དེར། རྨོ་བོ་རྒས་འཁོགས་འགའ་ཞིག་རང་ལུས་ཤིང་འཁར་ལ་བརྟེན་ནས་ལག་གཡོན་ན་ཕྲེང་བ་དང་། རྒྱབ་ལ་ཁ་དོག་མི་གསལ་བའི་ཁུག་མ་རེ་ཁྱེར་ཏེ་ངག་ནས་ཡིག་དྲུག་གི་གདངས་དབྱངས་གསལ་ལ་མི་གསལ་བ་ཞིག་འཐེན་ཞོར་གྱོལ་བཞིན་པའི་གོམ་འགྲོས་དེ་གཅིག་རྗེས་གཉིས་མཐུད་ཀྱིས་བསམ་གཏན་ཆོས་གླིང་དགོན་གྱི་ཕྱོགས་སུ་བསྐྱོད།
༢༽
ཁྱི་ཟུག་པའི་སྐད་དེ་གོ་དུས་གློ་བུར་དུ་མཚོ་མོ་ནི་བྲེལ་འཚུབ་འཚུབ་ངང་འུར་རྡོ་ཞིག་ཁྱེར་ཏེ་ལྗང་ཐིང་ཐིང་གི་ཨ་ཤོམ་གྱི་ཞིང་དེའི་ཕྱོགས་སུ་ཕྱིན་ནས། འུར་རྡོ་ཚག་སྒྲ་དང་འབྲེལ་ཐལ་རྡུལ་འཕྱུར་གྱིན་ཐེངས་ཁ་ཤས་བཞུས། གང་འཚམས་ནས་མཚོ་མོས་ངོ་གདོང་ནས་བཞུར་བཞིན་པའི་རྔུལ་ཆུ་འབྱིད་ཀྱིན་“ལྟས་ངན་སྤྲེལ་རྒན་འདི་ཚོ། ཧམ་པ་ཆེ། དཀའ་བ་བརྒྱ་ཕྲག་གིས་ཞིང་རྨོས་མཐར་འབྲས་བུ་མྱོང་དུ་འཇུག་ས་མ་རེད། དཀོན་མཆོག་མཁྱེན།” ཅེས་འཁང་ར་བྱེད་ཀྱིན་ནང་དུ་ལོག འོ་རེད། གཞིས་གྲོང་འདིའི་སྨན་ཤར་ཚོ་དབྱར་དཔྱིད་རྒྱུན་པར་ཞིང་ལས་དང་འགྲོགས་ཤིང་། ཡུལ་ལུང་འདིར་འཛུགས་སྐྲུན་གྱི་ཐད་ནས་མཐོར་འདེགས་ཅང་མེད་ནའང་ཐོན་སྐྱེད་ལ་བརྟེན་ནས་མི་ཚེ་སྐྱེལ་བཞིན་ཡོད། མཚོ་མོ་ཡང་ཁོང་ཚོའི་ཁྲོད་ཀྱི་གཅིག་ཡིན་ལ་ཁོ་མོར་བཅུ་དྲུག་སྨིན་མ་གཡོ་བའི་ལང་ཚོ་དང་གཟུགས་བྱད་ལེགས་པའི་ཁར་ཡིད་གཞུངས་དྲང་ཞིང་ཀུན་དང་མཐུན་བདེ་པོ་ཞིག་ཡོད་པས། གྲོང་པའི་སྟག་ཤར་གསར་བུ་མང་པོ་ཞིག་ཁོ་མོའི་མཛེས་སྡུག་དང་ཀུན་སྤྱོད་ཀྱིས་དབང་མེད་དུ་བཀུག་མྱོང་།
ཡིད་སེམས་སྐྱོ་བ་ཞིག་ལ། ཁོ་མོ་སྐྱེས་ཏེ་ལོ་ངོ་གཉིས་ཙམ་ནས་ཕ་མ་གཉིས་རིམས་ནད་དྲག་པོ་ཞིག་གིས་མནར་ཏེ་གློ་བུར་དུ་འདས་གྲོངས་སུ་ཕྱིན། སྐབས་དེ་ནས་ཁོ་མོ་དྭ་ཕྲུག་གཅིག་ཏུ་གྱུར། མོ་ལ་ཕ་མ་གཉིས་ཀྱི་ཤུལ་དུ་ལུས་པའི་ས་ཞིང་མང་དག་ཅིག་ཡོད་ནའང་ཁོ་མོ་ནི་འཇིག་རྟེན་འདིའི་ནང་མགྲོན་པོ་གསར་པ་ཞིག་ཡིན་པས་བྱེད་ཐབས་བྲལ། གང་ལྟར་ཡང་ཡུན་རིང་ཞིག་མིའི་གཡོག་ཏུ་བརྒྱུགས་ནས་རིམ་བཞིན་འཚར་ལོངས་བྱུང་། ནོར་བདག་གཉེར་བྱེད་ཐུབ་པའི་ལང་ཚོ་ཤར་ནས་ད་ལོ་ལོ་གསུམ་པ་ཡིན། མཚོ་མོ་ནི་འཇོན་པོ་ཞིག་དང་གནད་དོན་ཆེ་ཆུང་གང་ཡིན་ཡང་ཕུགས་རྒྱང་རིང་པོར་བསམ་གཞིག་བྱས་ནས་མ་གཏོགས་ཁོ་ཐག་ཆོད་སླ་མོ་ཞིག་གཏན་ནས་མིན། མོ་ནི་ཆུང་དུས་ནས་ཕ་མ་གཉིས་དང་གཏན་དུ་བྲལ་ཏེ་ད་བར་ཁེར་རྐྱང་གི་འཚོ་བ་རོལ་བའི་མོ་རེངས་ཤིག་ཡིན་པ་སུས་ཀྱང་ཤེས། དེ་སྔོན་གྲོང་ཚོ་འདིའི་སྟག་ཤར་གསར་བུ་ང་རྫིག་ཁོ་རྫིག་ཟེར་མཁན་མང་དག་ཅིག་གིས་རང་རང་གི་ཕ་མ་ཁྲིད་དེ་ཁོ་མོོར་ཁ་སྙན་ཚིག་སྙན་གྱིས་གཉེན་སློང་དུ་ཐེངས་མང་སླེབས་ཀྱང་། མོས་“ང་ནི་འཇིག་རྟེན་འདི་ན་རེ་ས་ལྟོས་ས་མེད་པའི་བསོད་ནམས་དམན་པའི་དྭ་ཕྲུག་གཉོམ་ཆུང་ཉམ་ཐག་པ་ཞིག་ཡིན། ཁྱེད་རྣམས་ཀྱི་རེ་འདོད་དེ་བསྒྲུབ་ཐུབ་པའི་ནུས་པ་བདག་ལ་མ་མཆིས། དགོངས་དག དགོངས་པ་མ་ཚོམ་རོགས་གནང་།” ཞེས་ཁས་མི་ལེན་པ་དག་དག་རེད།
ད་ལྟ་ཞིང་ཆུང་གྲུ་བཞིའི་དཀྱིལ་ནས་གྱ་གྱུར་དུ་འཐེན་པའི་ལམ་ཕྲན་དེར་མི་ཕར་ཞོག་ཁྱི་ཞིག་ཀྱང་མཐོང་རྒྱུ་མི་འདུག དམར་ལམ་ལམ་གྱི་ནུབ་ཁའི་ཉི་མ་དེ་དལ་མོར་རི་བོའི་ཕག་ཏུ་ཡིབས། རི་བོ་དང་ས་གཞི་ཡོངས་ནི་རབ་རིབ་ཅིག་ཏུ་གྱུར་ལ། གཞིས་གྲོང་གི་ཡོད་ཚད་ཁུ་སིམ་སིམ་ཞིག་ཏུ་གནས།
༣༽
སྤྲིན་པ་དྭངས་ཤིང་བསིལ་རླུང་ལྡང་བའི་དུས་ཤིག ཕྱོགས་གང་སར་སྔོ་ལྗང་གིས་ཁྱབ་པའི་ནགས་རྫོང་དེར་མཚོ་མོ་དང་ན་ཆུང་མ་སྐོར་ཞིག་བུད་ཤིང་འཐུ་རུ་ཕྱིན། བསིལ་རླུང་གིས་བསྐུལ་ཏེ་ལྗོན་ཤིང་རྣམས་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་ཞིང་། བྱ་དང་བྱེའུ་དག་གིས་ཀྱང་“ཀྱུར་ཀྱུར་”གྱི་དབྱངས་སྙན་སྒྲོག ན་ཆུང་མ་དག་ཀྱང་དགོད་སྒྲ་ཤིག་ཤིག་དང་ཕན་ཚུན་ཀུ་རེ་རྩེ་ཞོར་དུ་བུད་ཤིང་འཐུ་བར་བྱེད། ནགས་ཁྲོད་དེར་དེ་རིང་སྤྲོ་སྣང་ཞིག་དབང་མེད་དུ་ཁྱབ། ཡལ་ག་ཕྱོགས་ཀུན་རྒྱས་པའི་སྡོང་པོ་ཞིག་ནས་བྱ་དག་གིས་“ཅིའུ་ཅིའུ་”ཞེས་བར་མཚམས་མེད་པར་སྒྲོག་པར་བྱེད། མཚོ་མོས་མྱུར་དུ་ལྟ་རུ་ཕྱིན། དེར་བྱ་ཚང་ཞིག་གི་ནང་བྱ་ཨ་མ་དེས་བྱམས་ཤིང་བརྩེ་བས་བྱེའུ་དག་ལ་ཟས་སྤྲོད་པ་མཐོང་བས་མོས་“གྲོགས་མོ་ཚོ། མྱུར་དུ་ཤོག་དང་། ཅི་འདྲའི་སྙིང་རྗེ་པོ་ཞིག་རེད་”ཅེས་བོས་མ་ཐག་དེ་རུ་འཛོམས། སྐབས་དེར་སྤྲོ་བས་ཁེངས་པའི་མཚོ་མོའི་མཛེས་པའི་ངོ་གདོང་དེ་སྐྱོ་བའི་རྣམ་པ་ཞིག་ཏུ་གྱུར་ཏེ་སྐད་དམའ་མོས་སྐྱོ་གླུ་འདི་བླངས་བྱུང་།
“སྔོན་སྔོན་དུ་སོང་བའི་ལས་ཤིག་ལོས་ཡིན།།
གུས་བྱིས་པའི་དུས་ནས་གཅིག་པུར་ལུས་པ།།
དུས་ད་ལྟ་ཕ་མ་ཡོད་ན་དགའ་བ།།
ཁྱིམ་གཅིག་ཏུ་མཉམ་འཛོམས་བྱུང་ན་སྐྱིད་པ།།
ནོར་ལོངས་སྤྱོད་མེད་ན་བསྒྲུགས་པས་ཆོག།
གྲོགས་བཟང་པོ་མེད་ན་བཙལ་བས་རྙེད།།
སྤྲང་བྲན་མོ་བདག་གི་ཕ་མ་གཉིས།།
ས་འཇིག་རྟེན་བཙལ་ཀྱང་རྙེད་མདོག་མེད།།
བསམས་བསམས་ན་སྐྱོ་བ་གཏིང་ནས་སྐྱེས།།
སྙིང་སྐྱོ་གདུང་འདི་ཡང་བཟོད་ཐབས་བྲལ།།”
ཞེས་འགྲམ་ངོགས་མཆི་མས་བརླན་ཏེ།
“ཨ་ཙི། ང་དེ་འདྲ་བསོད་ནམས་དམན་པ་ལ།” ཟེར་བཞིན་ངུ་སྐད་འདོན། གྲོགས་མོ་དག་གི་མིག་མཐར་མཆི་མ་འཁོར་བཞིན། “མཚོ་མོ་སེམས་པ་སྐྱོ་བ་མ་གནང་དང་། འཇིག་རྟེན་འདིར་ཁྱེད་གཅིག་པུ་ག་ལ་ཡིན། ང་ཚོ་ནམ་ཡང་ཁྱེད་དང་མཉམ་དུ་ཡོད། ད་མཆི་མ་ཕྱིས་དང་སང་ཉིན་ང་ཚོ་པད་མོ་ཡི་གཉེན་སྟོན་ལ་འགྲོ་དགོས་པས། ནང་ལ་ལོག་འགྲོ་”ཞེས་སེམས་གསོ་བྱེད་བཞིན་ནང་དུ་ལོག མུན་པ་རིམ་བཞིན་རུབ་སོང་།
དེ་རིང་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་མོ་ནི་པད་མོ་དང་དོན་གྲུབ་གཉིས་ཀྱི་གཉེན་སྟོན་གྱི་ཉིན་མོ་སྟེ། ཞོགས་པའི་ཉི་འོད་འཕྲོས་པ་དང་མཉམ་དུ་གཞིས་གྲོང་འདིའི་ཕོ་མོ་རྒན་གཞོན་མེད་པར་ཐམས་ཅད་པད་མོའི་ཁྱིམ་ཕྱོགས་སུ་ཆས། དེར་པད་མོ་ནི་ཕྱུ་པ་སྨུག་པོའི་སྟེང་དུ་གཡུ་བྱུར་སོགས་སྐེ་ལ་བཏགས་ཤིང་གནག་སྣུམ་སྐྲ་ཡི་ལན་བུ་དེ་ལྟག་རྒྱབ་ཏུ་དཔྱངས། ཞལ་རས་ལ་འཛུམ་མདངས་ཤིག་རྒྱས་ཤིང་འགྲམ་ངོགས་ཀྱི་འཛུམ་ཀོང་དེ་མཛེས་ལ་ཡིད་དུ་འོང་བ་ཞིག་རེད། མོའི་གཡས་ཕྱོགས་སུ་ལངས་པའི་གཟུགས་སྟོབས་ཆེ་ཞིང་གདོང་ཞེང་ཆེ། སྐར་ཆེན་ལྟར་འོད་མདངས་མཚེར་བའི་མིག་ཟུང་། དབུ་སྐྱེས་རིང་བ་མ་ཟད་ཁ་སྤུ་ནི་བྱ་རྒོད་གཤོག་ཟུང་ཐད་དུ་བརྐྱངས་པ་དང་གཉིས་སུ་མ་མཆིས། གདོང་ལ་དགའ་སྤྲོའི་འཛུམ་མདངས་རྒྱས་པའི་ཕོ་གསར་དེ་ནི་དོན་གྲུབ་རེད། གཉེན་སྟོན་ལ་ཕེབས་པའི་མགྲོན་པོ་དག་གིས་བཀྲ་ཤིས་ཁ་བཏགས་དཀར་པོ་རེ་ཁྱེར་ཏེ་འཚང་ཁ་ཤིག་ཤིག་ངང་“བཀྲ་ཤིས་བདེ་ལེགས།” ཞེས་པད་མོ་དང་དོན་གྲུབ་གཉིས་ཀྱི་སྐེ་ལ་སྒྲོན་པར་བྱེད།
དེར་མགྲོན་དུ་ཕེབས་པའི་ཕོ་རྒོད་འགའ་ཞིག་གིས། ཟུར་དུ་ཁུ་སིམ་མེར་ཁེར་རྐྱང་དུ་བསྡད་པའི་མཚོ་མོར་མིག་བརྡ་འཕེན། མཚོ་མོ་ནི་མགོ་བོ་གུག་སྟེ་ལག་པའི་སོར་མོ་རྣམས་སྣོལ་བར་བལྟས་ན་ཁོ་མོར་སྐྲག་སྣང་ངམ་སུན་སྣང་ཞིག་སྐྱེས་པ་གདོན་མི་ཟ། སྐབས་དེར་མོ་དང་རྒྱུན་པར་མཉམ་འགྲོགས་མཉམ་འདུག་བྱེད་པའི་གྲོགས་མོ་དག་གཉེན་སྟོན་ཐོག་ཕེབས་པའི་མགྲོན་པོ་རྣམས་ལ་ཇ་ཆང་འདྲེན་པར་བྲེལ་བས་ཁོ་མོ་གཅིག་པུར་བསྐྱུར་བའང་ཁག་མི་འདུག གང་མཚམས་ནས་ཕོ་རྒོད་དེ་དག་མཚོ་མོའི་མདུན་དུ་སླེབས་ནས་ཐ་མག་འཐེན་ཞིང་ཆང་རག་ཚོད་མེད་པ་ཞིག་འཐུང་། ཅང་མ་འགོར་བར་བཟི་ནས་ཆོ་མེད་ཀྱི་གཏམ་གླེང་བར་འགོ་བརྩམས། མཚོ་མོ་ཧོབ་དེ་ལངས་ནས་ཕྱོགས་གཞན་ཞིག་ལ་འགྲོ་གྲབས་བྱེད་དུས་ཕོ་རྒོད་གཅིག་གིས་མོའི་ལག་པར་འཇུས་ཏེ་ཁ་ནས་ཆང་དྲི་འཐུལ་འཐུལ་གྱིས་“མཛེས་མ། ངེད་ཅག་གཡུགས་ནས་ག་བར་འགྲོ་ག” ཟེར་དུས་འགྲམ་དུ་ཡོད་པའི་ཕོ་རྒོད་གཞན་རྣམས་ལྷན་ཅིག་ཏུ་“ཧ་ཧ། ཧེ་ཧེ་”ཞེས་དགོད་པར་བྱེད། མཚོ་མོའི་ངོ་མདོག་མཚམས་སྤྲིན་ལྟར་དམར་པོར་གྱུར། ལུས་ཀྱི་བ་སྤུ་མ་ལུས་ཟིང་ངེར་ལངས། མོས་ལག་པ་དེ་མྱུར་དུ་གློད་ཐབས་བྱས་ཀྱང་ཕོ་རྒོད་དེས་སྔར་ལས་ལྷག་པར་དམ་པོར་འཇུས་ནས་གློད་པར་མི་བྱེད་སྟབས། དེར་ཕེབས་པའི་མགྲོན་པོ་དག་གིས་མཐོང་བར་དོགས་ནས་རེ་ཞིག་མཚོ་མོ་དེར་མ་བསྡད་ཀ་མེད་བྱུང་། མཚོ་མོ་ནི་བཙོན་དུ་བཅུག་པའི་བྱེའུ་ཆུང་ལྟར་གར་འགྲོ་རང་དབང་མེད་པར་ཅི་བྱ་གཏོལ་མེད་དུ་ལུས།
ཉི་མའི་དཀྱིལ་འཁོར་ནུབ་རིའི་མཚམས་སྤྲིན་གྱི་གསེབ་ནས་རིམ་བཞིན་ནུབ། མཚོ་མོས་གྲོགས་མོ་ཚོ་ཁྲིད་དེ་ཁྱིམ་དུ་ལོག་དགོས་བསམས་ནས་གྲོགས་མོ་ཚོར་མིག་ལྟ་ཞིག་བྱས། གྲོགས་མོ་ཚོ་སྔར་ལས་ཀྱང་བྲེལ་ཚབས་ཆེ་བས་རང་ཉིད་གཅིག་པུ་ལོག་དགོས་བྱུང་། ཅུང་མ་འགོར་བར་ལམ་བར་དུ་མུན་ནག་གིས་རིམ་བཞིན་ས་གཞི་གཡོག་འགོ་བརྩམས། མཚོ་མོའི་སེམས་ལ་འཇིགས་སྣང་སྐྱེས་ཏེ་གོམ་པ་མྱུར་དུ་སྤོས། བསམ་ཡུལ་ལས་འདས་པ་ཞིག་ལ་གློ་བུར་དུ་མི་ཞིག་གིས་མཚོ་མོ་དམ་པོར་བཟུང་ནས་ལམ་ཟུར་གྱི་ནགས་ཁྲོད་ནང་བཙན་གྱིས་འཐེན་ནས་ཁྲིད། “སུ་ཡིན། སྐུ་མཁྱེན་ང་ཚེ་ཐར་གཏོང་རོགས།” ཞེས་ངུ་འབོད་བྱས། སྐད་ཅོར་བརྒྱབ། གང་མཚམས་ནས་དབུགས་འབྱིན་རྔུབ་ཀྱང་བྱེད་མི་ཕོད་པར་གྱུར། མི་དེ་ཡིས་མོའི་ལུས་འོག་ཏུ་མནན་ཏེ་གསར་དུ་འབུས་པའི་ནུ་མར་འཕུར་གྲབས་བྱེད། ངུ་འབོད་དང་སྐད་འབོད་ཇི་ཙམ་བརྒྱབ་ཀྱང་ཐར་ཐབས་བྲལ། སྙིང་རྗེ་སྤུ་ཙམ་ཡང་མེད་པའི་མི་ཕོོ་གསུམ་གྱིས་རུབ་ནས་མོར་བཙན་གཡེམ་བྱས། མཐར་མཚོ་མོ་གོམ་པ་འཁྱར་འཁྱོར་གྱི་ངང་ཨུ་ཚུགས་ཀྱིས་ཁྱིམ་དུ་སླེབས། སྡུག་གིས་ཁེངས་པའི་ངུ་འབོད་ངང་མཚན་མོ་སྐྱེལ་དགོས་བྱུང་།
༤༽
མཚོ་མོ་ནི་གཞིས་གྲོང་འདི་ནས་བྲོས་སོང་བ་ལྟར། མོའི་གཟུགས་བརྙན་མི་སྣང་བར་མ་ཟད་ཁྱིམ་དུད་ཀྱང་མ་འཕྱུར་བར་ཉིན་འགའ་འདས་ཟིན་པར་བརྟེན། གྲོགས་མོ་ཚོ་སེམས་ཁྲལ་ཆེན་པོས་མཚོ་མོའི་ཁྱིམ་དུ་འདུས། མཚོ་མོ་ནི་ཁྱིམ་ནང་དུ་མེ་ཡང་མ་སྦར་བར་ནག་ཁུང་ནང་ཚེ་སྲོག་གི་ཉིང་བཅུད་ཤོར་བའམ་འཆི་ནད་ཀྱིས་ཟིན་པ་ལྟར་མིག་ཟུང་ལ་ཞེ་སྡང་ངམ་སྐྱོ་སྡུག་གི་མཆི་མ་འཁྱིལ་བཞིན་གདོང་གི་འོད་མདངས་ཡལ་ཏེ། “ཨ་མ། ཨ་མ།” ཞེས་པ་ལས་གཞན་ཅི་ཡང་མི་སྨྲ་བར་གནས། གྲོགས་མོ་ཚོས་མོའི་ཁོག་ལ་གདོན་ཞིག་ཞུགས་ཡོད་པ་ཁོ་ཐག་བཅད་དེ། མྱུར་དུ་བདུག་རྫས་རྣམས་བདུགས། རྩམ་ཐུག་བྱིན། གང་ནུས་ཅི་ལྕོགས་ཀྱིས་རོགས་སྐྱོར་བྱས། དེ་ལྟར་གྲོགས་མོ་དག་གིས་འཇམ་པོས་སྙོར་སྐྱོང་དང་སེམས་གསོ་བྱས་པར་བརྟེེན་ནས་སེམས་ཁམས་སྔར་ལས་ཇེ་དྭངས་སུ་གྱུར། ཉིན་ཞིག་མཚོ་མོས་དུས་བཟང་ཞིག་གི་གོ་སྐབས་དང་བསྟུན་ནས་རང་ལ་དབུལ་རྒྱུ་ཅང་མེད་ནའང་འབྲུ་སྣའི་རིགས་དང་ཇ་ཐང་འགྱིག་དམ་གང་ཁྱེར་ཏེ། བསམ་གཏན་ཆོས་གླིང་དགོན་པར་བླ་མ་ཆོས་དབྱིངས་སྐུ་མདུན་དུ་འཕྲིན་བཅོལ་ཞུ་རུ་བཅར། མོས་དགོན་པའི་ནང་དུ་ཕྱག་གསུམ་ཕུལ་ཏེ།
“ནམ་མཁའི་བླ་མ་དཀོན་མཆོག།
ཐུགས་རྗེས་མྱུར་དུ་གཟིགས་དང་།།
ཟས་ལ་བཅུད་ཀྱིས་སྟོངས་སོང་།།
ཉལ་ལ་གཉིད་དེ་མི་འདུག།
ཐབས་ཤེས་ཡོད་དགུ་བརྟེན་ཀྱང་།།
སེམས་སྡུག་སངས་རྒྱུ་མི་འདུག།
སྡུག་འདི་རྙིང་རྒྱུ་མི་འདུག།
ཚེ་སྔོན་བསགས་པའི་བསོད་ནམས།།
ཅུང་ཞིག་ཡོད་རང་ཡོད་ན།།
སྡུག་འདི་སེལ་བར་གནང་རོགས།།
སེལ་བའི་ཐབས་ཤིག་མེད་ན།།
ཚེ་འདིར་འདུག་སྐལ་མི་དགོས།།
ཕྱི་མའི་འཕྲང་རིང་འགྲིམ་ཆོག།”
ཅེས་མཆི་མས་བརླན་པའི་མིག་ཟུང་འགུལ་བ་མེད་པར་མདུན་གྱི་སྐུ་རྣམས་ལ་ཅེར་ནས་ཡིད་སེམས་རྩེ་གཅིག་ཏུ་གཏད་དེ་གསོལ་བ་བཏབ་ནས་ཁྱིམ་དུ་ལོག
དུས་ཚོད་ནི་ཆུ་བཞུར་བ་བཞིན་ཡུད་ཙམ་ཞིག་གི་ནང་དགུན་ཟླ་སླེབས་བྱུང་། རི་ལུང་ཡོངས་དཀར་པོ་ཞིག་ཏུ་གྱུར་ཟིན། ཕར་བལྟས་ན་རི་ལུང་དག་ལ་ལྭ་བ་དཀར་པོ་ཞིག་གཡོགས་པ་དང་མཚུངས། དགུན་ལྗོངས་འདི་ནི་དབྱར་དཔྱིད་སྟོན་གསུམ་གྱི་དུས་ཚིགས་ནང་སོ་ནམ་གྱི་ལས་ལ་འབད་པ་ལྷུར་ལེན་བྱས་པའི་མི་རྣམས་དྲོད་ལྡན་གྱི་ཁྱིམ་དུ་ཞུགས་ནས་ངལ་གསོ་ཡིད་ཚིམས་པ་ཞིག་བྱེད་པའི་དུས་ཤིག་ཡིན་སྟབས་གཞིས་གྲོང་འདིའི་ནང་ཡང་དེ་བཞིན་ནོ། །ཟླ་བ་འགའ་འགོར་བ་ན་མཚོ་མོའི་ཕོ་བ་འབུར་ཞིང་ལུས་ཅུང་མི་བདེ་བ་ཞིག་ཏུ་གྱུར། མོས་ལུས་མི་བདེ་བའི་གནས་ཚུལ་དེ་གྲོགས་མོ་ཚོར་བརྗོད་པར་བརྟེན། གྲོགས་མོ་ཚོ་ཧ་ལས་ནས་མོར་ཅེར་གྱིས་བལྟས་ཏེ། “ཁྱོད་རང་ལ་ལུས་འཁོར་བ་རེད། རང་གི་མངལ་དུ་འཁོར་བའི་རྣམ་ཤེས་དེའི་བདག་པོ་སུ་རེད།” ཅེས་འདྲི་སྐབས། མཚོ་མོ་ནི་འཐོམ་འཐོམ་ངང་དྲན་པ་ཡོངས་སུ་ཉམས་ནས་ས་རུ་འགྱེལ། ཡུད་ཙམ་ནས་དྲན་པ་སོས་ཏེ་མོས་སྔར་པད་མོའི་གཉེན་སྟོན་གྱི་མཚན་མོར་བྱུང་བའི་གནས་ཚུལ་ཡོངས་རྫོགས་བརྗོད་པར་གྲོགས་མོ་ཚོ་ཧ་ལས་ཧོན་ཐོར་ནས་ཅི་བྱ་གཏོལ་མེད་དུ་གྱུར།
ཟླ་བ་དགུ་ནི་མིག་རྡེབ་ཡུན་ཙམ་ལ་ཚང་ཟིན། ཁྲི་གདུགས་ཉི་མ་རི་རྩེར་ཤར་བ་དང་མཉམ་དུ་མཚོ་མོར་ཕྲུ་གུ་ཞིག་བཙས་པས་ཁོ་མོའི་སེམས་ལ་དགའ་བ་དང་སྐྱོ་བ་དུས་མཉམ་དུ་བྱུང་། ཡུན་རིང་མ་འགོར་བར་གཞིས་གྲོང་ལྷུན་པོའི་ནང་མཚོ་མོ་ལ་ཕ་མེད་པའི་བུ་བྱི་ཕྲུག་གཅིག་སྐྱེས་འདུག་ཅེས་གཏམ་ངན་ཡོངས་སུ་འཁྱར། དེ་སྔོན་ཁོང་མོ་མནའ་མར་སློང་མཁན་གྱི་ཕོ་གསར་དེ་དག་གིས་ཀྱང་ཁ་བཏགས་རེ་ཁྱེར་ཏེ། “བཀྲ་ཤིས་བདེ་ལེགས། ཕྲུ་གུ་སྙིང་རྗེ་པོ་སྐྱེས་འདུག་ག ཧ་ཧ། བུའི་ཕ་སུ་རེད་”ཅེས་འཕྱ་སྨོད་བྱེད། ཁོང་མོའི་སྙིང་ཁར་སྤུ་གྲི་བསྣུན་པ་ལྟར་ན་ཟུག་བྱུང་ཡང་བྱེད་ཐབས་བྲལ། རིམ་བཞིན་གྲོགས་མོ་ཚོའི་ཕ་མས་ཀྱང་རང་རང་གི་བུ་མོར། “ཡུལ་ལུང་འདིར་མཚོ་མོ་གཞང་འཚོང་ཡིན་པའི་གཏམ་གྲགས་འདུག ད་ནས་བཟུང་མོ་དང་མཉམ་དུ་འགྲོགས་མཚམས་ཞོག་མ་གཏོགས། རང་ལ་ཡང་གཏམ་དེ་གྲགས་ན་མ་འོངས་པར་མི་སུ་ཞིག་གིས་ཀྱང་མནའ་མར་ཁས་མི་ལེན་ཐག་ཆོད་རེད།” ཅེས་བཀག་སྡོམ་བྱས་པར་བརྟེན་མཚོ་མོ་རང་གི་གྲོགས་མོ་ཚོ་དང་ཁ་འབྲལ་དགོས་བྱུང་།
དུས་ཚོད་ནི་ཅི་འདྲའི་མགྱོགས་པོ་ཞིག་སྟེ། བལྟས་བལྟས་རིག་རིག་ལ་བུ་ཉི་མ་ནི་ལོ་ལྔ་ལ་སླེབས་ཟིན། གྲོང་མི་དག་གིས་མཚོ་མོའི་བུ་ལ་མིང་ནས་མི་འབོད་པར་“བྱི་ཕྲུག་”ཅེས་དང་། ཁོ་མོར་ཡང་“གཞང་འཚོང་”ཞེས་འབོད་པ་ལས་མིང་ནས་ག་ལ་འབོད། མཚོ་མོའི་བསམ་པར་རང་ཉིད་ཚེ་གང་སྡུག་གིས་མནར་ཡང་བུ་ཉི་མ་ནི་དེ་ལྟར་སྡུག་བསྔལ་མྱོང་མི་འཇུག་ཅེས་ཡང་ཡང་བསམ་བློ་འཁོར། གནམ་གཤིས་བཟང་བའི་སྔ་དྲོ་ཞིག་ལ་མཚོ་མོས་བསམ་གཏན་ཆོས་གླིང་དགོན་གྱི་དཀོན་གཉེར་བླ་མ་ཆོས་དབྱིངས་ཀྱི་སྐུ་མདུན་དུ་བཅར་ཏེ་མོ་རང་ལ་ཡོད་པའི་ས་ཞིང་ཡོངས་རྫོགས་ཕུལ་ནས་བུ་ཉི་མ་ལ་ཚེ་འདིར་སྐྱིད་པོ་ཡོང་བའི་སྨོན་ལམ་ཞིག་ཞུས་ཏེ་ས་གནས་ངེས་མེད་གཅིག་ཏུ་བྲོས་ཕྱིན།
༥༽
ཉི་མ་ཧ་ཅང་ཚ་གདུག་ཆེ་བའི་ཉིན་ཞིག སྤང་ཐང་གིས་དབེན་པའི་རྫ་རིའི་གསེབ་ནས་ཤ་རུས་སྐམ་པའི་བུ་མོ་ཞིག་རྒྱབ་དུ་ཕྲུ་གུ་དང་མདུན་ན་ཁ་ཟས་རིགས་ཀྱིས་བཀང་བའི་ཁུག་མ་ཞིག་ཁྱེར་ཏེ་གདོང་ནས་རྔུལ་ཆུའི་ཕྲེང་རྡོག་ཟག་བཞིན། ཁ་དབུགས་ཀྱང་ཧལ་ཧལ་དུ་གཏོང་གིན་འོང་མཁན་དེ་ནི་མཚོ་མོ་རེད། མོས་ད་བར་རི་ལུང་དང་གཡང་གཟར་རྐྱང་རྐྱང་འགྲིམས་ནས་ད་བར་ཉིན་བཅུ་བཞི་ཏག་ཏག་སོང་ཟིན་པས། མོའི་ལེགས་པའི་གཟུགས་བྱད་དང་མཛེས་པའི་ཞལ་རས་དེ་ཡོངས་སུ་སྐམ་སྟེ་འཇིགས་སུ་རུང་བ་ཞིག་ཏུ་གྱུར། མཚོ་མོ་ཡིས་རང་ཉིད་ད་ལྟ་གནས་གང་ཞིག་ཏུ་ཡོད་པ་དང་གང་དུ་འགྲོ་རྒྱུ་ཡང་མི་ཤེས། ཡར་གནམ་དང་གཡས་གཡོན་ན་བྲག་རི་ལས་ཐ་ན་བྱ་སྐད་ཙམ་ཡང་མི་གྲག གནས་འདིར་མོ་ལ་ངོ་ཤེས་ནི་ས་དང་གནམ་གཉིས་ལས་མེད། ཁྱེད་ཀྱིས་མ་བུ་འདི་གཉིས་ནི་ཁྱི་འཁྱམས་ཤིག་དང་འདྲ་བར་བསམས་སྲིད། དྲང་མོར་བཤད་ན་མཚོ་མོ་ལ་རི་ལུང་བརྒྱུད་ནས་མཐར་ཅིས་ཀྱང་རང་དབང་ཅན་གྱི་ས་གནས་གཅིག་ཏུ་སླེབ་ཐུབ་པའི་ཡིད་ཆེས་སེམས་གཏིང་ནས་ཡོད། རྒྱབ་ནས་“ཨ་མ་གྲོད་ཁོག་ལྟོགས་ཀྱི།”ཞེས་རྣ་བར་སྙན་པའི་སྐད་དེ་བུ་ཉི་མ་ཡི་རེད། མོས་ཆུ་ཡོད་སའི་གནས་གཅིག་ཏུ་ངལ་གསོས་ནས་ཁུག་མ་ལས་ཁ་ཟས་བཏོན་ཏེ་བུ་ཉི་མ་ལ་བྱིན། བུ་ཉི་མས་ཁ་ཟས་བཟས་ཚར་མ་ཐག་དགོང་མོར་ཉལ་སའི་བྲག་ཕུག་གཅིག་འཚོལ་དགོས་པར་བརྟེན་འགྲོ་འགོ་བརྩམས། མཚོ་མོའི་ཁུག་མ་འདི་སྟོང་པ་མ་ཆགས་སྔོན་དུ་རང་ཉིད་རེ་བའི་ས་གནས་དེར་འབྱོར་བར་སྨོན། “བུ་ཁྱོད་རང་ཨ་མས་ཉི་མ་རི་མགོའི་རྩེར་ཤར་བ་དང་བཙས་པས། ང་ཚོའི་དགོན་པའི་དཀོན་གཉེར་བླ་མ་ཆོས་དབྱིངས་ཀྱིས་ཁྱོད་ཀྱི་མིང་ལ་ཡང་ཉི་མ་ཞེས་བཏགས་པ་རེད།” ཅེས་མཚོ་མོས་བུ་ཉི་མའི་མགོ་ལ་བྱམས་ཤིང་བརྩེ་བས་བྱིལ་བྱིལ་བྱེད་བཞིན་བྲག་ཕུག་གཅིག་ཏུ་གཉིད་དུ་ཡུར། ཁུག་མ་དེ་ཡང་དུ་ཕྱིན་ནའང་ས་གནས་ཤིག་མངོན་རྒྱུ་མི་འདུག ཁུག་མའི་ནང་གི་ཁ་ཟས་རྫོགས་ན་བུ་ཉི་མའི་ཁ་ལག་ཆད་དེ་བཀྲེས་སྐོམ་གྱིས་མནར་བར་སེམས་ཁྲལ་གྱིས་ཁ་ཟས་དེ་དག་བུ་ཉི་མའི་ཆེད་དུ་བོར་ནས། མཚོ་མོ་མོ་རང་གིས་ཆུ་ཁོ་ན་སྤྱོད་པར་བྱེད།
ཉིན་ཞིག་བུ་ཉི་མས་ཨུ་ཚུགས་ཀྱིས་མི་ཉན་པར་རྐང་པ་བཙུགས་ནས་འགྲོ་སྐབས་ཧོབ་དེ་ཁ་ལ་སྒང་ནས་རྡོ་ཞིག་ཟག མོས་ལམ་སང་བུ་ཉི་མ་རུམ་དུ་ལེན་དུས་རྡོ་དེ་མོའི་རྒྱབ་ལ་ཕོག མཚོ་མོ་ན་ཟུག་གིས་མ་བཟོད་པར་སྡུག་སྐད་ཚད་མེད་ཤོར། སྐབས་དེར་བུ་ཉི་མ་སྐྲག་སྟེ་“ཨ་མ་” “ཨ་མ་” ཞེས་ངུས་པས། མོས་བུའི་ངུ་སྐད་དེ་རྣ་བར་ཐོས་མ་ཐག་ཏུ་རང་ཉིད་ཀྱི་ན་ཟུག་གི་ཚོར་བ་བརྗེད་ནས་ལམ་སང་བཅོས་པའི་འཛུམ་མདངས་ཤིག་གདོང་ལ་མངོན་པར་བྱས་ཏེ་བུ་ཉི་མར་འོ་བྱེད་བཞིན་“བུ་མ་ངུ་དང་ཨ་མ་ཐང་ཐང་ཡིན།” ཞེས་བུ་ཉི་མའི་མིག་གི་མཆི་མ་མྱུར་དུ་ཕྱིས།
ཉིན་མང་པོ་ཞིག་གི་རྗེས་སུ་གཞི་ནས་མ་བུ་གཉིས་ཁྱིམ་རྙིང་པ་རྙིང་རྐྱང་གཅིག་ཏུ་སླེབས། ཁྱིམ་རྙིང་དེར་བལྟས་ན་ལོ་དྲུག་ཙམ་སྔོན་ནས་བདག་པོ་མེད་པ་གསལ་པོར་རྟོགས་ཐུབ། ཁྱིམ་རྙིང་དེ་ནས་ཤར་ཕྱོགས་སུ་བལྟས་པས་རིའི་རྒྱབ་ནས་དུད་ནག་དྲག་ཏུ་འཕྱུར་བ་མཐོང་སྟེ་མཚོ་མོ་ལ་སྤྱིར་བཏང་བ་མིན་པའི་དགའ་སྤྲོ་ཚད་མེད་ཅིག་སྐྱེས་ཏེ་བུ་ཉི་མར་འོ་ཡང་ཡང་བྱས། མཚན་མོར་མ་བུ་གཉིས་ཁྱིམ་རྙིང་དེར་ཉལ། མཚོ་མོ་ནི་གཉིད་ཀྱང་མི་ཁུག་པར་རྨི་ལམ་གྱི་ཞིང་ཁམས་ཆུང་ཆུང་ཞིག་ཏུ་ཐིམ། ཕྱི་ཉིན་སྔ་ས་ནས་བུ་ཉི་མ་གཉིད་ལས་དཀྲོགས་ཏེ་རི་དེའི་ཕྱོགས་སུ་ཆས། ཉི་མ་ནུབ་ཕྱོགས་མ་འགྲིམས་གོང་ནས་མ་བུ་གཉིས་གྲོང་ཁྱེར་ཆེན་པོ་མཐའ་མི་མངོན་པ་ཞིག་ཏུ་སླེབས། གྲོང་ཁྱེར་ནི་ནམ་མཁའི་སྐར་ཚོགས་ས་ལ་ལྷུང་བ་ལྟ་བུ་ཞིག་ཏུ་ཚོར། མ་ཟད་ཁང་ཆེན་གཅིག་གི་སྟེང་དུ་གཅིག་བརྩེགས་ཡོད་པ་དང་། ལམ་ཐོག་ཏུ་མདོག་འདྲ་མིན་གྱི་རླངས་འཁོར་དང་ཕན་ཚུན་སྐད་ཆ་ཤོད་ལོང་མེད་པའི་མི་ཚོགས་རྣམས་མཐོང་ནས། དེ་སྔོན་མི་སྐྱིིད་པའི་གནས་ཚུལ་རྣམས་གཏན་ནས་བརྗེད་ཅིང་བདེ་བའི་དབུགས་དབྱུང་ཞིག་ཐོབ། མི་ཚོགས་དང་ཁང་ཁྱིམ་མང་པོའི་དཀྱིལ་དུ་མ་བུ་གཉིས་ལ་སྐྱིད་སྡུག་ཅི་ཞིག་སྟེར་མིན་མི་ཤེས་ནའང་རང་ཉིད་ལ་འཕྱ་སྨོད་དང་བུ་ལ་བྱི་ཕྲུག་རྗོད་མཁན་གྱི་མི་དེ་དག་དང་སོ་སོར་བྲལ་བའི་དགའ་ཚོར་བྱུང་བ་ནི་བདེ་སྐྱིད་བཙལ་ནས་མི་རྙེད་པ་ཞིག་ཡིན་པར་འདོད།
རེད་ཡ། ཐོད་པར་བརྐོས་པའི་རི་མོ་བསུབ་རྒྱུ་མེད་པས་དེ་ལས་རི་མོའི་འགྲོ་ལུགས་དང་བསྟུན་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་སྟབས། གྲོང་ཁྱེར་ནང་གི་གཡས་གཡོན་ན་ལག་ཏུ་སྣོད་རེ་བཟུང་ནས་འགྲུལ་མི་ཐུག་ཚད་ལ་སྣོད་སྟོང་དེ་སྟོན་ཙམ་བྱེད་མཁན་འགའ་ཡི་རྗེས་སུ་བསྙེགས་རྗེས་མཐར་མེ་འཁོར་མང་པོ་ཡོད་ས་ཞིག་ཏུ་སླེབས། མཚོ་མོས་གཞི་ནས་མི་དེ་དག་ཉིན་གྲངས་མཐུད་ནས་གཞན་ལས་སློང་མོ་བསླངས་ཏེ་མི་ཚེ་སྐྱེལ་མཁན་ཡིན་པ་ཤེས་རྟོགས་བྱུང་། མཚོ་མོ་དང་བུ་ཉི་མ་གཉིས་ཀྱང་གྲོང་ཁྱེར་དེར་ཉམས་མྱོང་མེད་པས་རེ་ཞིག་དེ་དག་དང་བསྟུན་དགོས་བྱུང་། ཡུན་རིང་རྗེས་ནས་མཚོ་མོར་གསང་སྤྱོད་ཕྱི་བདར་བྱ་རྒྱུའི་ལས་ཀ་ཞིག་གོ་སྐབས་རྙེད།
ད་ནི་བུ་ཉི་མ་ཡང་ལོ་བརྒྱད་དུ་སླེབས་ཟིན། མི་མང་པོ་ཞིག་གིས་བུ་ཉི་མ་ལ་མ་འོངས་པར་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་དགོས་ན་སློབ་གྲྭར་གཏོང་དགོས་པའི་ལམ་སྟོན་ཐེངས་མང་པོ་ཞིག་བྱས། ལམ་སྟོན་དེ་དག་སྙིང་ལ་བཅངས་ནས་མཐར་མཚོ་མོས་ཉིན་མཚན་སྦྲེལ་ཏེ་དཀའ་སྡུག་སྤྱད་པ་ལས་བུ་ཉི་མ་གཞུང་གི་འབྲིང་རིམ་སློབ་གྲྭ་ཞིག་ཏུ་འཛུལ་ཞུགས་བྱ་རྒྱུའི་གོ་སྐབས་བྱུང་བར་བརྟེན། མཚོ་མོའི་ཡིད་སེམས་ཀུན་ལ་བདེ་བས་ཁྱབ་སྟེ་དེ་གར་ཡོད་པའི་མེ་འཁོར་གྱི་ལས་བྱེད་དང་སློང་མཁན་ཡོངས་ལ་བྱེ་རིལ་བཀྲམ། བུ་ཉི་མའི་སློབ་ཡོན་སྤྲོད་དགོས་པས་མཚོ་མོས་གསང་སྤྱོད་ཕྱི་བདར་ཚར་མ་ཐག་ཕྱགས་མ་ཞིག་ཁྱེར་ཏེ་མེ་འཁོར་སླེབས་ཚད་ནང་གད་འཕྱགས་ནས་དངུལ་བསླངས། མཚམས་རེར་སློང་མོ་བསླངས་ནས་དངུལ་བསྡུ་རུབ་བྱེད། བུ་ཉི་མས་ཀྱང་རང་ཉིད་ཀྱི་ཆེད་མ་ཡུམ་ལགས་ཀྱིས་དཀའ་སྡུག་ཚད་མེད་མྱངས་ནས་དངུལ་བསྡུ་རུབ་བྱེད་པ་དེ་དག་ཁོ་རང་གི་དོན་དུ་ཡིན་པ་ཤེས་ཏེ་སློབ་སྦྱོང་ལ་ཧུར་བརྩོན་བྱེད་པ་མ་ཚད་ཀུན་དང་མཐུན་ལམ་ཆེ་ལ་གུས་བཀུར་ལྡན་པའི་སློབ་ཕྲུག་གཅིག་ཏུ་གྱུར། བུ་ཉི་མས་སློབ་གྲྭ་དེར་དགེ་རྒན་དང་སློབ་གྲོགས་ཡོངས་ཀྱི་ཡིད་སེམས་དྲངས་པ་བྱུང་། ཉི་མའི་ཕྲེང་རྡོག་རིམ་བཞིན་འགྲིམས་ནས་མཐར་འཛིན་གྲྭ་བཅུ་གཉིས་པའི་སློབ་ཕྲུག་ནང་ནས་ཁོར་ཨང་དང་པོའི་བྱ་དགའ་ཐོབ་པར་བརྟེན་མཐོ་སློབ་འགྲིམ་སྐབས་ཀྱི་སློབ་ཡོན་ཡོངས་རྫོགས་གཞུང་གིས་བྱིན།
ཉིན་ཞིག་མཚོ་མོ་སྤྱི་ཡི་གསང་སྤྱོད་འཁྲུད་སྐབས་ཧོབ་དེ་ཁ་ལ་མོའི་ཁ་ནས་ཁྲག་བསྐྱུགས། ཡིན་ན་ཡང་མོས་དེ་འདྲ་མཚམས་རེར་འབྱུང་སྲིད་སྙམ་ནས་སྨན་པ་མ་བསྟེན་པར་བསྡད། བུ་ཉི་མས་སློབ་སྦྱོང་ལ་ཧུར་བརྩོན་བྱས་པའི་མཐར། འབྲས་བུ་སྨིན་པའི་ལག་ཁྱེར་ཐོབ་པར་བརྟེན་མ་བུ་གཉིས་སྤྲོ་འཁྱམས་ལ་ཕྱིན། སྐབས་དེར་མཚོ་མོའི་ཁ་ནས་སླར་ཡང་ཁྲག་བསྐྱུགས། ཉིན་མོ་དེར་མཚོ་མོས་བུ་ལ་ནད་དེ་གསང་རྒྱུའི་དམ་བཅའ་ཤོར། བུ་ཉི་མས་ཨ་མ་སྨན་ཁང་དུ་ཁྲིད་ནས་སྨན་པར་བརྟག་དཔྱད་བྱེད་དུ་བཅུག་པས། ཨ་མའི་སྙིང་ནད་དེ་རྙིང་དྲགས་ནས་འཆོས་ཐབས་མེད་པར་ཤེས་པས་སེམས་གཏིང་ནས་སྐྱོ་ཡང་། “ཨ་མ་ཁྱེད་རང་སེམས་ཁྲལ་མི་དགོས། སྨན་དེ་བཟས་ན་མྱུར་དུ་དྲག་ཡོང་།”ཞེས་བུ་ཉི་མས་གསངས་ནས་བཞག མཐར་སྙིང་ནད་དེས་བུ་ཉི་མའི་ཨ་མ་ཕྲོགས་པ་རེད།
བུ་ཉི་མ་སྡུག་བསྔལ་གྱིིས་མ་བཟོད་པར་ཨ་མ་མཚོ་མོའི་རྒྱུན་དུ་ལས་ཀ་བྱེད་སའི་ཟུར་ཞིག་ཏུ་གདོང་གི་མཆི་མ་འབྱིད་བཞིན་པའི་སྐབས། ཨ་མ་དང་མཉམ་དུ་གསང་སྤྱོད་འཁྲུད་མཁན་གྱི་རྨོ་མོ་ཞིག་ཡོད་པ་དེ་བུ་ཉི་མའི་གམ་དུ་ཡོང་ནས། “བུ། ད་མ་ངུ་། ངས་ཁྱོད་ཀྱི་ཨ་མ་ལ་ནད་དེ་མྱུར་དུ་སྨན་པ་ཞིག་ལ་བསྟན་ནས་བརྟག་དཔྱད་བྱས་ཏེ་སྨན་ཟོ་ཞེས་ཚར་ཁ་ཤས་ལབ་པ་ཡིན་ཏེ། མོས་ལན་འདི་ལྟར་བཏབ་བྱུང་། ངའི་ནད་ལ་འགྲོ་སོང་གཏོང་བ་ལས་དངུལ་དེ་བུ་ཉི་མ་ལ་བཏང་ནས་བུ་དེ་ཚེ་འདིར་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་བྱུང་ན་ང་ཤི་ཡང་འགྱོད་པ་མེད་ཟེར། བུ་ཁྱེད་ཀྱི་ཨ་མ་ནི་བློ་སྟོབས་ཅན་ཞིག་རེད་”ཟེར་བཞིན། བུ་ཉི་མའི་མིག་མདུན་ནས་རྒྱང་ཐག་ཇེ་རིང་དུ་སོང་བའི་རྨོ་མོ་ཡི་རྒྱབ་གཟུགས་དེ་དལ་གྱིས་ཡལ། བུ་ཉི་མ་ནི་སྡུག་གིས་འཁོལ་བཞིན་སྙིང་ཁ་གས་པ་ལྟར། འཐོམ་འཐོམ་ངང་ནང་ལ་ལོག
ནུབ་ཁའི་ཉི་མ་མཁའ་དང་གྱེས་མི་འདོད་པའི་ངང་ནས་དལ་གྱིས་ནུབ་རིའི་ཕག་ཏུ་ལྷུང་བ་དང་། ས་གཞི་རབ་རིབ་ཏུ་གྱུར་ལ། གྲོང་ཁྱེར་གྱི་ཡོད་ཚད་ཁུ་སིམ་སིམ་ཞིག་ཏུ་གནས།