སློབ་དཔོན་མ་པདྨ་དབྱངས་འཛོམས།
བསིལ་ལྡན་ཁ་བའི་ལྗོངས་ལ་གྱེས་ཕྱག་གིས།།
མི་ཡུལ་ས་མཐའ་བསྐོར་བའི་དུས་ཚིགས་ལ།།
ཆོས་མཐུན་གྲོགས་ཀྱི་བརྩེ་བའི་བྱིན་རླབས་ནི།།
ཚེ་སྔོན་ལས་འཕྲོ་སྨིན་པའི་བསོད་ནམས་ཡིན།།
བཅུ་ཕྲག་གནས་ལྔ་རིག་པའི་བང་མཛོད་ནས།།
ཤེས་རིག་སྐྱེས་སུ་ལེན་པའི་དུས་ཚིགས་ལ།།
ཐུགས་མཐུན་ཚུལ་ཁྲིམས་གཙང་མའི་སློབ་བུ་ནི།།
བདག་གི་མི་ཚེའི་ལམ་གྱི་བཤེས་གཉེན་ཡིན།།
སྔོ་ལྗང་སྤང་ཐང་མཛེས་པའི་དབྱར་གཞུང་དུ།།
དྲུག་འགྱུར་དབྱངས་རྟ་སྒྲོག་པའི་དུས་ཚིགས་ལ།།
སྣ་ཚོགས་མེ་ཏོག་བཞད་པའི་མཛེས་ཉམས་ནི།།
དག་སྣང་སུམ་རྩེན་ལྷ་ཡི་ཞིང་མཆོག་ཉིད།།
སྤྲིན་དཀར་ཚོམ་བུ་འཁོར་བའི་ལྷ་ལམ་ནས།།
སྦྲང་ཆར་ཟེགས་མ་འཐོར་བའི་དུས་ཚིགས་ལ།།
རི་ཐང་ལྗང་ལྭ་གྱོན་པའི་སྒེག་ཉམས་ནི།།
ཕ་ཡུལ་དྲན་དུ་འཇུག་པའི་ཅོང་བརྡ་ཡིན།།
ཆུ་བོ་དལ་གྱིས་བཞུར་སའི་རྩྭ་ཐང་ནས།།
ཕུ་ནུ་ལྷན་དུ་འཛོམས་པའི་དུས་ཚིགས་ལ།།
མ་བཅོས་བྱམས་བརྩེ་ཟབ་མོའི་ངང་ཚུལ་ནི།།
ཁེར་རྐྱང་སེམས་པ་གསོ་བའི་བདུད་རྩི་ཡིན།།