nun

དགེ་བསྙེན་མས་བཙོན་པར་ཟས་བསྐྱལ་བའི་གཏམ་རྒྱུད།

ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ།

ཡང་སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། རྒྱལ་པོའི་ཁབ་ཀྱི་བྲམ་ཟེ་ཤིན་ཏུ་དབུལ་ཞིང་ཕོངས་པ་ཞིག་གིས་ཇི་ལྟར་བྱས་ན་ཚེ་འདི་ལ་ལོངས་སྤྱོད་དང་ལྡན་པར་འགྱུར་ཞེས་ཀུན་ལ་དྲིས་པ་ལས། མི་ཞིག་གིས་སངས་རྒྱས་འཁོར་དང་བཅས་པ་ད་ལྟར་འཇིག་རྟེན་དུ་བཞུགས་པས། དད་པའི་སེམས་ཀྱིས་བཤོས་ཕུལ་ན་ཚེ་འདི་ལ་ཅི་དང་ཅི་འདོད་པ་འབྱུང་ངོ་ཞེས་སྨྲས་པས། དེ་དགའ་ནས་སློང་མོ་དང་གཞན་གྱི་གླ་ཟོས་པས་ཡོ་བྱད་ཅུང་ཟད་རྙེད་དེ། འཕགས་པའི་དགེ་འདུན་རྣམས་ཁྱིམ་དུ་སྤྱན་དྲངས་ནས་བཤོས་ཕུལ་ཞིང་། བྲམ་ཟེ་དེེའི་ཆུང་མ་བདེ་བ་ཞེས་པས་ཀྱང་བསྙེན་གནས་ཀྱི་སྡོམ་པ་བླངས་སོ།།

དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྲོང་ཁྱེར་ཕྱི་རོལ་འཆག་ཏུ་སོང་བ་ལས། ཚུར་འོང་བའི་ལམ་དུ་བཙོན་པ་ཞིག་ཤིང་ལ་བཅིངས་ཏེ་འདུག་པ་དེས་རྒྱལ་པོ་ལ་ཁ་ཟས་བསླངས་ཤིང་། དེས་ཀྱང་སྦྱིན་པར་དམ་བཅས་ཏེ་ཕོ་བྲང་དུ་འོང་བ་ན་བརྗེད་དེ་ནམ་གྱི་གུང་ཙམ་ན་དྲན་ཡང་། ལམ་དུ་འདྲེ་གདོན་དང་སྲིན་པོའི་འཚེ་བ་ཡོད་པས་ཕོ་བྲང་གི་མི་རྣམས་སུ་ཡང་འགྲོ་བ་མ་བྱུང་ནས། རྒྱལ་པོས་ཡུལ་འདི་ན་མི་དེ་ལ་ཁ་ཟས་བསྐྱལ་ཏེ་འོངས་པ་ཡོད་ན་གསེར་སྲང་སྟོང་སྦྱིན་ནོ་ཞེས་བསྒྲགས་པས། བྲམ་ཟེའི་ཆུང་མ་དེས། གང་དག་དགེ་བསྙེན་ཁྲིམས་དང་ལྡན་པ་ལ་འབྱུང་པོས་འཚེ་བར་མི་ནུས་ཞེས་གྲགས་པས་བདག་ཉིད་འགྲོ་བར་བྱའོ་སྙམ་ནས། རྒྱལ་པོ་ལ་ཁས་བླངས་ཏེ་ཁ་ཟས་ཐོགས་ནས་ཕྱིན་པས། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་སྲིན་མོ་ལམ་པ་ཞེས་པ་བུ་ལྔ་བརྒྱ་གསར་དུ་སྐྱེས་ནས་ཤིན་ཏུ་བཀྲེས་པས་ཉེན་པ་ཞིག་དང་ཕྲད་ནས། དང་པོར་བཟའ་བར་བརྩམས་པ་ན། དགེ་བསྙེན་མ་ཚུལ་ཁྲིམས་མ་ཉམས་པས་ཟ་བར་མ་ནུས་ནས་ཟས་བསླངས་པ་དང་། དེ་ལས་ཉུང་ཤས་ཤིག་བྱིན་པ་དགེ་བསྙེན་མའི་ཚུལ་ཁྲིམས་ཀྱི་མཐུས་མང་དུ་སྤྲུལ་ནུས་ནས་དེ་ཐམས་ཅད་རབ་ཏུ་འགྲངས་པར་གྱུར་ཏོ།།
དེར་སྲིན་མོ་དེ་ཤིན་ཏུ་དགའ་ནས་དགེ་བསྙེན་མའི་མིང་དྲིས་ཤིང་། བདག་འདུག་སའི་ལམ་འདིར་གསེར་བུམ་པ་གང་ཡོད་པ་དེ་ཁྱོད་ཀྱིས་ལོངས་ལ། ལམ་དུ་ཕྲན་གྱི་ནུ་མོ་ཨ་ལམ་པ་ཡོད་པས་དེ་ལ་བདག་ཀྱང་བདེ་ཞིང་བུ་ལྔ་བརྒྱ་ཡང་གསར་དུ་སྐྱེས་སོ་ཞེས་ཕྲིན་འདི་སྐྱོལ་ཅིག་ཟེར། དེར་སོང་བ་དང་། ཨ་ལམ་པ་དང་ཕྲད་ནས་ནུ་མོའི་ཕྲིན་བསྐྱལ་བས། དེ་ཡང་ཤིན་ཏུ་དགའ་ནས་བདག་གི་མལ་འདིར་གསེར་བུམ་པ་གང་ཡོད་པ་དེ་ལོངས་ལ། ལམ་དུ་ཕྲན་གཉིས་ཀྱི་མིང་པོ་ཞིག་ཀྱང་ཡོད་པས་དེ་ལའང་ཕྲིན་དེ་སྐྱེལ་བར་མཛོད་ཅིག་ཟེར་ཡང་སོང་བས་དེ་གཉིས་ཀྱི་མིང་པོ་དང་ཕྲད་པས་ཕྲིན་བསྐྱལ་བ་ན་དེ་ཡང་དགའ་ནས། བདག་འདུག་སའི་གནས་འདིར་གསེར་བུམ་པ་གང་ཡོད་ཀྱིས་ཕྱིར་ལོག་པའི་ལམ་དུ་ཁྱེར་ཅིག་ཅེས་བསྒོའོ།།

དེ་ནས་དགེ་བསྙེན་མས་བཙོན་པ་དེ་ལ་ཁ་ཟས་བསྙོད་ནས་ཕྱིར་ལོག་པའི་ལམ་དུ་གསེར་བུམ་པ་གསུམ་པོའང་བླངས། རྒྱལ་པོས་ཀྱང་གསེར་སྲང་སྟོང་བྱིན་པས་དེ་གཉིས་ཡུལ་དེ་ན་ཕྱུག་ཅིང་ནོར་མང་བར་གྱུར་ནས། རྒྱལ་པོས་ཀྱང་བློན་པོར་གཅུག་པས་ལྷག་པར་ཡང་བསོད་ནམས་ལ་དད་པའི་སེམས་སྐྱེས་ནས། སངས་རྒྱས་དགེ་འདུན་དང་བཅས་པ་སྤྱན་དྲངས་ཤིང་མཆོད་པར་བྱས་སོ།།

འདིས་ནི་ཚུལ་ཁྲིམས་གཙང་མར་བསྲུངས་པའི་འབྲས་བུ་དང་སྦྱིན་པའི་ཕན་ཡོན་མཐོང་ཆོས་མྱོང་འགྱུར་ཡང་བསྟན་པ་ཡིན་ནོ།།

ཁུངས་གཏུག་སའི་ཡིག་ཆ།

ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་མཛད་པའི་«མདོ་ལས་བྱུང་བའི་གཏམ་རྒྱུད་སྣ་ཚོགས།»ཞེས་པ་ལས་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བཏུས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།