ཚེ་རིང་བསམ་གྲུབ། ལོ་རིམ་དགུ་པ།
དྲི་མེད་ཕ་མཐའ་ཡངས་པའི་མཁའ་དབྱིངས་སུ།།
རྣམ་དཀར་བསིལ་ཟེར་འཛུམ་པའི་འོད་སྟོང་འདིས།།
འགྲོ་ཁམས་རྒྱ་མཚོའི་གླིང་ལ་ཁྱབ་མཛད་པ།།
འགྲོ་བའི་མགོན་པོ་གྲུབ་དབང་བླ་མར་འདུད།།
མི་ཤིགས་ཁྱོད་སྐུ་གཟོད་ནས་རྡོ་རྗེའི་དབྱིངས།།
འགག་མེད་ཁྱོད་གསུང་རྒྱུན་གྱི་འཁོར་ལོས་བརྒྱན།།
མི་འགྱུར་ཁྱོད་ཐུགས་ཤེས་བྱའི་མུ་ཁྱུད་ཅན།།
གསང་གསུམ་མི་བཟོད་འབར་བའི་རྗེ་བླ་མ།།
ཆོས་ཉིད་ནམ་མཁའ་འདྲ་བའི་ཀློང་ཡངས་སུ།།
གཟུགས་སྐུ་ཉིན་བྱེད་དབང་པོའི་མཚན་དཔེ་རྫོགས།།
གང་འདུལ་ཆོས་ཀྱི་འོད་སྣང་འབུམ་འཕྲོ་བས།།
འཇིག་རྟེན་ཀུན་ཏུ་བདེ་ཆེན་འཛུམ་བརྒྱ་གྲོལ།།
གསན་པའི་ཁང་བཟང་སྡེ་སྣོད་ནོར་གྱིས་གཏམས།།
བསམ་པའི་དབང་ཕྱུག་རིན་ཆེན་གཏེར་གྱི་མཚོ།།
མཚུངས་མེད་སྒོམ་པའི་མངོན་རྟོགས་ཕ་མཐའ་བརྡལ།།
གསན་བསམ་སྒོམ་པའི་མངའ་བདག་ཁྱེད་མིན་སུ།།
འཕགས་ཡུལ་ལྷོ་ཕྱོགས་བེ་ཏའི་གྲིབ་བསིལ་འོག།
བསྟན་པའི་སྒྲོན་མེ་བསོད་ནམས་ཞིང་སར་བསྐྲུན།།
འདི་ན་འཕྲལ་ཕུགས་དགེ་བའི་མཚན་སྙན་འབར།།
གང་གི་རླབས་ཆེན་ཐུགས་བསྐྱེད་ངོ་རེ་མཚར།།
སྐྱེས་སྦྱངས་བློ་གྲོས་བུ་མོ་ན་ཕྲ་ཡང་།།
སྔོན་བསགས་བསོད་ནམས་རྣམ་འགྱུར་སྟོན་མཁས་པས།།
རྣམ་མང་ཤེས་བྱར་སྤྱོད་པའི་སྐལ་བཟང་འདི།།
ཁྱེད་ཀྱི་དྲིན་ནོ་ནམ་ཡང་བརྗེད་པར་ཕངས།།