འཆི་མེད་གུ་རུང་། ལོ་རིམ་གསུམ་པ།
བདུད་བཞི་བཅོམ་པའི་འོད་དཀར་མེ་ཏོག།
འོག་མིན་ཞིང་གི་ལྷ་ཡི་རྒྱལ་སྲས།།
འགྲོ་དོན་མཆོག་གྱུར་བྱང་ཆུབ་སེམས་དཔའ།།
གངས་རིའི་ལྗོངས་སུ་སླར་ཡང་བཞད་སོང་།།
དྲི་མས་དབེན་པའི་པདྨའི་ཟེའུ་འབྲུས།།
སྲིད་གསུམ་ཁྱོན་ཀུན་དབང་དུ་བསྡུས་ཤིང་།།
ས་ཆེན་མཛེས་པའི་དཔལ་དུ་ཤར་བས།།
སློབ་འབངས་ཡོངས་ལ་བདེ་སྐྱིད་བསྐྲུན་སོང་།།
ཐུགས་གཤིས་འོད་ཟེར་ཀུན་ལ་ཁྱབ་ཅིང་།།
མཐའ་བྲལ་ཆོས་དབྱིངས་ཁོང་དུ་ཆུད་པས།།
བླ་མེད་བརྩེ་སེམས་འགྲོ་ལ་འཆར་བ།།
ཞི་བའི་འཛུམ་མདངས་དབྱངས་སུ་གྱེར་སོང་།།
མཆོག་འཛིན་ལྟ་བ་རྒྱང་དུ་དོར་ནས།།
བསིལ་ཟེར་ཅན་གྱི་འོད་སྣང་ཇི་བཞིན།།
ས་ཆེན་སྨག་རུམ་འོད་ཀྱིས་གསལ་བའི།།
ཁྱེའུ་ཆུང་ནོར་བུ་སྙིང་ནས་དྲན་གྱི།།
སྐྱེ་དགུའི་ཡིད་ཀྱི་གདུང་བ་སེལ་བའི།།
གསུམ་ལྡན་བི་མའི་རྣམ་པར་སྤྲུལ་པ།།
བདག་ཅག་རྣམས་ཀྱི་དེད་དཔོན་སྒྲོན་མེ།།
ཉི་ཟླ་ལས་ཀྱང་གཟི་བརྗིད་ཆེ་སོང་།།
མི་འགྱུར་བདེ་ཆེན་གར་གྱི་དབང་པོ།།
ཟིལ་གནོན་རྡོ་རྗེ་འགྲོ་བའི་སྐྱབས་མགོན།།
ཡང་སྲིད་མཆོག་སྤྲུལ་སྙིང་ནས་དྲན་པའི།།
སེམས་མཚོན་ཡི་གེ་ཐོལ་གྱིས་བྲིས་སོ།།