ལོ་རིམ་བདུན་པའི་སློབ་གཉེར་བ། ཚུལ་ཁྲིམས་དར་རྒྱས།
ངོ་མཚར་རྨད་བྱུང་གཟུགས་སྐུ་དྭངས་མ་ཆུ་སྐྱེས་འདབ་མའི་སྦུབས་སུ་ཤར།།
གསུང་གི་འོད་ཟེར་བཅུད་ཀྱིས་ལུས་ཅན་བསོད་ནམས་དཀར་བའི་སྙིང་ལ་ཞུགས།།
ཐུགས་མཆོག་འགྱུར་མེད་ཀ་དག་ལྷུན་གྲུབ་ཡེ་ནས་གནས་པ་མངོན་དུ་བཀྲ།།
སངས་རྒྱས་གཉིས་པ་པདྨའི་མཚན་ཅན་མི་འབྲལ་སྤྱི་བོའི་རྒྱན་དུ་བརྩེགས།།
ཨིན་དྲ་བྷོ་དྷི་ཐུགས་དགོངས་དགྱེས་ཏེ་མི་དབང་རྒྱལ་པོའི་གསེར་ཁྲི་ཕུལ།།
ཆོས་སྐུའི་རོལ་པ་མཁྱེན་བརྩེ་ནུས་པས་མགོན་མེད་ཉམ་ཐག་རེ་བས་བསྐྱངས།། རྗེས་སུ་བཟུང་།།
བརྟུལ་ཞུགས་སྤྱོད་པས་ལྷ་སྲིན་སྡེ་བརྒྱད་མགོ་བོ་བཏུག་སྟེ་བྲན་དུ་ཞུགས།།
སངས་རྒྱས་གཉིས་པ་པདྨའི་མཚན་ཅན་མི་འབྲལ་སྤྱི་བོའི་རྒྱན་དུ་བརྩེགས།།
གངས་རིའི་ལྗོངས་སུ་ཤཱཀྱའི་བསྟན་པ་སྣ་ཚོགས་ཐབས་ཀྱིས་དྲི་མེད་སྤེལ།།
འབྱུང་པོ་གདོན་དང་མི་སྲུན་པ་རྗམས་ཆོས་ཀྱི་དམག་གིས་དམ་ལ་བཏགས།།
མ་འོངས་སྐྱེ་དགུའི་ཞི་བདེའི་དོན་དུ་གཏེར་ཁ་གྲངས་མེད་འབྱུང་བཞིར་བཅོལ།།
སངས་རྒྱས་གཉིས་པ་པདྨའི་མཚན་ཅན་མི་འབྲལ་སྤྱི་བོའི་རྒྱན་དུ་བརྩེགས།།
ལོ་ངོ་སྟོང་ཕྲག་དུ་མས་ཟིན་པའི་ཁྱེད་ཀྱིས་བཞག་པའི་གཏེར་མཛོད་ལ།།
སྡིག་ཅན་དགྲ་བོས་དཔུང་ཤེད་སྤུངས་རུང་ཟད་པའི་མཐའ་ལ་ཕ་མཐའ་བྲལ།།
བསིལ་ལྡན་ལྷག་པའི་ནོར་བུའི་རང་མདངས་ཉིན་རེ་བཞིན་དུ་ལྷ་ལམ་གསལ།།
སངས་རྒྱས་གཉིས་པ་པདྨའི་མཚན་ཅན་མི་འབྲལ་སྤྱི་བོའི་རྒྱན་དུ་བརྩེགས།།
བྷོ་ཊའི་ཡུལ་གྱི་སྐྱེ་དགུ་ཀུན་ཀྱིས་རེ་བའི་རི་མོ་ཁྱེད་ལ་བྲིས།།
དུས་ངན་སྙིགས་མར་རླུང་ནག་མཐུག་རུང་མཛད་ཕྲིན་སོ་ཁ་ཤིིན་ཏུ་རྣོ།།
མུ་ཏིག་བཙན་པོར་ཞལ་ཆེམས་གནང་བ་དྲན་པའི་དབུས་ན་ལྷང་ལྷང་མཐོ།།
སངས་རྒྱས་གཉིས་པ་པདྨའི་མཚན་ཅན་མི་འབྲལ་སྤྱི་བོའི་རྒྱན་དུ་བརྩེགས།།
ཤ་དང་གཤེད་དམར་འཚོ་བ་རྔམ་པའི་སྲིན་པོའི་ཡུལ་གྱི་དུར་ཁྲོད་དུ།།
མགོན་མེད་མནར་གཅོད་ལུས་ལ་གཟིགས་ཏེ་ཞི་ཁྲོ་སྤྲུལ་པའི་ཟློས་གར་གྱིས།།
ཤ་ཟན་འཇིགས་རུང་སྙིང་རྩ་འཁྲུགས་ནས་དམ་བཅའ་བརྟན་པོའི་མཆོད་པ་ཕུལ།།
སངས་རྒྱས་གཉིས་པ་པདྨའི་མཚན་ཅན་མི་འབྲལ་སྤྱི་བོའི་རྒྱན་དུ་བརྩེགས།།