༣༣༽ ལེགས་སྦྱར་དང་བོད་སྐད་ཤན་སྦྱར།

འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོ།


་་་་་་་འདོན་ཐེངས་སྔ་མའི་འཕྲོ།


དབྱངས་གཅིག་པའི་མིང་ནི་དཔལ་མགྲིན་ཏེ་དབང་ཕྱུག་ལ། ཨ། ཚངས་པ་དང་དྲན་པའི་དོན་དག་ལ། ཨཱ། ཨེ་འདི་འདྲ་བ་ཞེས་པའི་དོན་ལ། ཨཱཿ སྲུང་བ་དང་སྲུང་བྱེད་དང་གཙང་བ་དང་བྱ་བ་དང་། རྩོམ་པ་དང་། གྲངས་མེད་པ་དང་རྣམས་ལ། ཨཱུ། ལྷའི་མ་དང་། སྨད་པའི་དོན། ར་དང་། ལ། ལྷ་མིན་གྱི་མ་དང་སྨད་པའི་དོན་ལ་རཱ໏། ཁྱབ་འཇུག་དང་། དྲན་པ་དང་། གླུ་ལེན་པ་རྣམས་ལ། ཨི། ཞི་བ་དང་དྲན་པ་དང་འགྲན་པ་རྣམས་ལ། ཨཻ། ལྷ་ཚངས་པ་དང་འགྲན་པ་དག་ལ། ཨོ། ནམ་མཁའ་དང་ཚངས་པ་དང་མཆོག་དང་རྗེས་སུ་འདོད་པ་དང་། འགྲན་པ་རྣམས་ལ། ཨཽ། ཕྱག་དར་ལ། ཨཿསྟེེ་དབྱངས་གཅིག་པའི་མིང་འདི་རྣམས་མི་ཟད་པ་མིན་ཡང་འདི་རྣམས་ཕ་རོལ་གྱི་དབྱངས་བྱུང་བ་དང་མཚམས་སྦྱོར་མི་ཐོབ་པས་རང་སར་བཞག་དགོས་སོ།།
ཁྱོད་དང་སྦྱིན་བྱ་དག་ལ། ཏེ། བདག་དང་བདག་གི་བ་ལ། མེ། ཡོད་ཡིན་འདུག་རྣམས་ལ་ཧོ། ཡོད་པ་ལ། ཨསྟི། ཙེཏ྄། སྨཱ། སྨི། བདག་ལ། ཨཱ་བཱམ྄། ངའམ་རང་ལ། སྭ། ང་ཡིས་སམ་རང་གིས་ལ། སྭ་ཡམ྄། གཞན་ལ། ཨནྱཏ྄། གཉེན་ལ། ཧེ་ཏཽ། དེའི་དུས་སུའམ་དེའམ་དེ་ན་ཞེས་པའི་དོན་ལ། ཏ་དི། ཏེརྟི། ཅི་ན་ཞེས་བདུན་པའི་དོན་ལ། ཀུཏ྄། ཀུཧ། ཀྭ། ཅི་ལས་ཞེས་ལྔ་པའི་དོན་ལ། ཀུ་ཏས྄། ཡང་རྣམ་དབྱེ་བདུན་པའི་དོན་ལ་དེ་ཕན་གྱི་རྐྱེན་དཱ་བྱིན་པ། སརྦ་དཱ། ཐམས་ཅད་ནའམ་དུས་ཐམས་ཅད་ཀྱི་ཚེ། ཏ་དཱ། དེ་ནའམ་དེ་ཚེ། ཡ་དཱ། གང་ནའམ་གང་ཚེ། ཨེ་ཀ་དཱ། གཅིག་ནའམ་གཅིག་གི་ཚེ། ཨ་ནྱ་དཱ། གཞན་ནམ་དུས་གཞན་གྱི་ཚེ། ཀ་དཱ། ཅི་ནའམ་ནམ་གྱི་ཚེའམ་ནམ་ཞིག་ན། ཞེས་པར་འགྱུར་ཞིང་། ཡང་བདུན་པའི་དོན་དུ་ཏྲ་ལ྄་བྱིན་པས། སརྦ་ཏྲ། ཐམས་ཅད་དུ། ཨ་ཏྲ། འདིར། ཡ་ཏྲ། གང་དུ། ཏ་ཏྲ། དེ་ལ། བ་ཧུ་ཏྲ། མདོ་རྣམས་ལ། ཀུ་ཏྲ། ཅི་ལ། ཀུ་ཧ། ཅི་ལ་སོགས་དང་། ཡང་རྣམ་དབྱེ་གསུམ་པའི་ཊཱ་བྱིན་པའི་ཚབ་དེ་ཕན་གྱི་ཐལ྄་བྱིན་པ། སརྦ་ཐཱ། ཐམས་ཅད་ཀྱིས་སམ་རྣམ་པ་ཐམས་ཅད་ཀྱིས་ཞེས་ཏེ་རྣམ་པ་ལ་ཐལ་ལོ་ཞེས་སོ།།
ཏ་ཐཱ། དེ་ལྟར་རམ་རྣམ་པ་དེས། ཡ་ཐཱ། གང་ལྟར་རམ་གང་གིས་སམ་རྣམ་པ་གང་གིས། བ་ཧུ་ཐཱ། རྣམ་པ་མང་པོས། ཀ་ཐཱ། ཅི་ལྟ་བུའམ་ཅིའི་རྣམ་པས་ཞེས་ཏེ་ཐལ་མཐར་སཔ྄་འཇིག་གོ །ཐམ྄་སྦྱར་ན། ཀ་ཐམ྄། ཇི་ལྟར་རམ་རྣམ་པ་ཅི་ཡིས་སམ་ཅིའི་ཕྱིར། ཨིཏྠམ྄། འདི་ལྟར་རམ་རྣམ་པ་འདིས་ཞེས་པའི་དོན་དུ་འགྱུར་བ་དང་། ཡང་རྣམ་དབྱེ་སིའི་དོན་ལ་འབྱུང་ཁུངས་ཀྱི་དོན་ཅན་དེ་ཕན་གྱི་རྐྱེན་ཏས྄་སྦྱར་བས། ཏ་ཏས྄། དེ་ལས་དང་། དེ་ཕྱིར་དང་། དང་པོ་དང་། དྲི་བའི་དོན་དུ་འགྱུར་ཞིང་། ཡ་ཏས྄། ཞེས་པ་གང་ལས་དང་གང་གི་ཕྱིར་དང་། ངེས་པ་དང་། རྣམ་པར་འབྱེད་པའི་དོན་དང་། ཀུ་ཏས྄། ཅི་ལས་དང་ཅི་ཕྱིར་དང་འདྲི་བའི་དོན། ཨ་ཏས྄། ཨི་ཏས྄། འདི་ལས་སམ་འདིའི་ཕྱིར་དང་། ཨཱ་དི་ཏ། ཐོག་མ་ནས། མ་དྷྱ་ཏ། བར་ནས། ཨནྟཏ། མཐའ་ནས་སམ་ཐ་མ་ནས། པཱརྴྭ་ཏ། ལོགས་ནས། པྲཥྛ་ཏ། རྒྱབ་ནས། མུ་ཁ་ཏ། གདོང་ནས་སོགས་ཀྱི་དོན་དུ་འགྱུར་བ་རྐྱེན་གྱིས་བསྒྲུབ་ཚུལ་སྣ་ཚོགས་ཀྱི་དབང་གིས་དོན་དུ་མར་འགྱུར་བ་ཤེས་པར་བྱའོ།།
སྤྱིར་མི་ཟད་པ་ལ་སྭ་ར་སོགས་མིང་གི་སྡེ་ཚན་དང་། ཙ་སོགས་ནི་པ་ཏའམ་ཚིག་ཕྲད་ཀྱི་སྡེ་ཚན་གཉིས་སུ་གཟུགས་ཀྱི་འཇུག་པ་ལས་གསུངས་པ་ལྟར་དང་པོ། སྭ་ར། མཐོ་རིས། སཱི་མི། མཚམས། མི་ཐས྄། ཕན་ཚུན་དང་གསང་བ། གཞན་གོང་དུ་བསྟན་པ་ཐམས་ཅད་དང་། དེར་མ་ཟད། ཀརྟྟུཾ། བྱ་བའི་ཆེད་དུ། དྷརྟྟུཾ། འཛིན་པའི་ཕྱིར། ཧརྟྟུཾ། འཕྲོག་པའི་ཕྱིར་སོགས་དང་། བ་ཏིའི་རྐྱེན་མཐའ། བྲཱཧྨཎ་བཏ྄། བྲམ་ཟེ་བཞིན་དུ། ཀྵ་ཏྲི་ཡ་བཏ྄། རྒྱལ་རིགས་བཞིན། རཱ་ཛ་བཏ྄། རྒྱལ་པོ་བཞིན་ཞེས་སོགས་དང་། ཀྟྭའི་རྐྱེན་མཐའ་རྣམས་ཀྱང་སྟེ། ཀྲཏྭཱ། བྱས་ནས། ཧྲ໏ཏྭཱ། ཕྲོག་ནས། སྨྲཏྭཱ། དྲན་ནས་སོགས་དང་། ཀྟྭཱའི་གནས་ཀྱི་ལྱ་པྲ་མཐའ་ཅན་རྣམས་ཀྱང་། པྲ་ཀྲ་ཏྱ། དང་པོར་བྱས་ནས།
པྲ་ཧྲི་ཏྱ། དང་པོར་ཕྲོགས་ནས་སོགས་དེ་ལྟ་བུ་རྣམས་ཀྱང་མི་ཟད་པ་སྭ་ར་ལ་སོགས་པའི་སྡེར་བཟུང་བར་བྱའོ། །དེ་རྣམས་ལ་ཨ་པ྄་དང་སུ་པ྄་འཇིག་གོ །མི་ཟད་པའི་སྐབས་སུ་རྣམ་བཅད་ཡོད་པ་རྣམས་རྣམ་དབྱེ་སི་བྱིན་པ་ལྟ་བུ་མ་ཡིན་གྱི་དེ་ཉིད་རང་གི་ས་མཐའ་སོགས་རྣམ་བཅད་དུ་བྱས་པ་ཡིན་ནོ། །གཉིས་པ་ནི་པཱ་ཏའི་མིང་ཅན་ནི། དང་དང་ཡང་སོགས་ཀྱི་དོན་ཅན། ཙ། ཡང་ནའི་དོན་ཅན་བཱ་སོགས་སྐབས་འདིར་བསྟན་པ་ཐམས་ཅད་དོ།།
སྐབས་འདིར་འཕྲོས་དོན་དུ་རྣམ་དབྱེ་སོགས་རྐྱེན་བྱིན་པས་མིང་མཐའ་མི་འདྲ་བར་འགྱུར་བ་དང་དེར་མ་ཟད་ཡི་གེ་ཐམས་ཅད་ཀྱི་གཟུགས་འགྱུར་བའི་དམིགས་བསལ་འགའ་ཞིག་བཤད་པ་ལ། མིང་རང་རང་གི་རང་བཞིན་གྱི་སྐྱེས་པའི་རྟགས་འབའ་ཞིག་ཏུ་ངེས། ཤིང་གི་མིང་བྲཀྵ་དང་། མེའི་མིང་ཨགྣི་ལ་སོགས་པའོ། །བུད་མེད་ཁོ་ནར་ངེས་པ། མཱ་ཏཱ། མ། ཁཊྭཱ། མལ་ཁྲི། ད་ནུཿ གཅོད་མ། བི་དྱུ་ཏ྄། གློག བཱཀ ངག གཞན་བློ་ཡི་མིང་དང་ཆུ་བོའི་མིང་དང་ས་གཞིའི་མིང་དུ་གྱུར་པ་ཐམས་ཅད་ལ་སོགས་པའོ། །མ་ནིང་ཁོ་ན་ཡིན་པ། ཀུཎྜཾ། མེ་ཐབ་ལྷ་རྫིང་སོགས་ལ་འཇུག་པ་དང་། ཀཱ་ན་ནཾ། ནགས། ཨུ་རཿ བྲང་། སརྦྦི། མར་ལ་སོགས་པའོ།།
སྐྱེས་པ་དང་མ་ནིང་གཉིས་ཀའི་རྟགས་མཐའ་ཡིན་པ། པི། ཀཾ མ་མ། ཀཿཏིལ་གྱི་འབའ་ཆ་སོགས་ལ་འཇུག་པ་འདི་དང་། དཎྜ་ཀཿའམ་ཀཾཿརྒྱུན་ཆགས། བུད་མེད་དང་མ་ནིང་གཉིས་ཀར་གཏོགས་པ། མེ་ཏྲཾ། དང་། མེ་ཏྲི། རྟགས་གསུམ་པ་ཅན། པ་ཏྲ། དང་། ཌ་ཌི་མ་ལ་སོགས་པའོ། །འདི་རྣམས་བརྗོད་བྱའི་དོན་གང་ཡིན་དེ་དང་མཚུངས་ཕྱིར་བརྗོད་བྱའི་རྟགས་ལྡན་ཞེས་སུའང་གྲགས་སོ། །རྟགས་མེད་པ། ཡུཥྨ་ད྄། ཨཥྨད྄་དང་གྲངས་མེད་པའམ་མི་ཟད་པའི་སྡེ་ཚན་དུ་གྱུར་པ་རྣམས་སོ། །བུད་མེད་རྟགས་ཨི་ཡཾ་ཞེས་པ་བརྗོད་པར་བྱ་བ་དང་སྦྱོར་ཚེ། སྐྱེས་པ་ལ་ཨ་ཡམ྄། མ་ནིང་ལ་ཨི་དམ྄། ཞེས་སུ་འགྱུར་ཏེ། དཔེར་ན། ཨི་ཡཾ་ཁ་ཊྭཱ། ཨ་ཡཾ་བྲཀྵ། ཨི་དཾ་ཀུཎྜཾ། ཞེས་སོ་སོར་སྦྱར་བ་ལྟ་བུའོ།།

་་་་་་་་མུ་འགོད།

ཁུངས་གཏུག་སའི་ཡིག་ཆ།
ཀཿཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོས་བསྒྲིགས་ཤིང་། སི་ཁྲོན་དཔེ་སྐྲུན་ཚོགས་པས་པར་དུ་སྐྲུན་པའི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། འཇམ་མགོན་མི་ཕམ་གསུང་འབུམ་པོད་ང་པ་སྨད་ཆ་ལས། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བཏུས་པའོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།