པ་སངས་རྒྱལ་མཚན། ལོ་རིམ་དགུ་པ།
མི་སྤྱོད་བཟང་ཞིག་ལ་ཕྱེ་མ་ལེབ་ཀྱི་འབུ་ཚང་གི་སྐོགས་ཐུམ་ཞིག་རྙེད།
ཉིན་གཅིག་ཁོས་ཚང་དེ་ལ་བུ་ག་ཆུང་ངུ་ཞིག་མཐོང་།
དུས་ཡུན་རིང་པོའི་བར་ཕྱེ་མ་ལེབ་དེ་ཁུང་བུ་ལས་རང་གི་ལུས་པོ་ཕྱིར་འཐོན་པའི་ཆེད་དུ་ཐབས་དང་འབད་པ་སྣ་ཚོགས་བྱས་ནས་མཐར་མཚམས་འཇོག་མ་བྱས་བར་ཁོ་རང་ཚང་དེའི་འགྲམ་དུ་བལྟས་ནས་བསྡད།
ཁོའི་བསམ་པར་ཕྱེ་མ་ལེབ་དེ་བུ་གའི་དབར་ལ་ཐོགས་ཏེ་ཕྱིར་ཐོན་ནུས་ཀྱི་མི་འདུག་སྙམ་ནས་རོགས་སྐྱོར་བྱ་རྒྱུ་ཐག་བཅད།
དེའི་རྗེས་སུ་ཁོས་ཚེམ་གྲི་ཞིག་ཁྱེར་ནས་སྐོགས་ཐུམ་དེ་གཅོད་གཏུབ་བྱས་པས། འབུ་དེ་ཚང་དམ་པོ་ལས་ལྷོད་ཤིག་གེའི་ངང་ནས་རང་གི་ལུས་སྐྲངས་ཤིང་གཤོག་པར་གཉེར་སུལ་དོད་པ་བཅས་ཕྱིར་ཐོན། སྐབས་དེར་མི་སྤྱོད་བཟང་དེ་ཕྱེ་མ་ལེབ་ཀྱི་སྐོར་ལ་ཆ་རྒྱུས་གང་ཡང་མེད་ཁར་ཅི་ཡང་མི་བསམ་པར་ཕྱེ་མ་ལེབ་དེ་གཤོག་པ་ཡར་བརྐྱངས་ཤིང་ནམ་མཁར་འཕུར་ལྡིང་བྱ་བར་བལྟ་རྒྱུར་བསྒུགས་ནས་བསྡད། ཡིན་ན་ཡང་ཁོས་བསམས་པ་བཞིན་མ་བྱུང་བར་འབུ་དེ་ནམ་མཁར་འཕུར་ལྡིང་བྱེད་མི་ནུས་པར་མ་ཟད། སྔར་ཚང་ལས་ཡར་འཐོན་སྐབས་བཞིན་ལུས་སྐྲངས་པ་དང་གཤོག་པ་ཆུང་ངུར་གཉེར་སུལ་དོད་པ་རང་འཇགས་ལྷག་ནས། ཕྱེ་མ་ལེབ་དེ་ཚེ་གང་པོར་ས་ལ་གོག་འགྲོས་ཀྱིས་འཚོ་ཞིང་གནས་དགོས་པར་བྱུང་།
མི་སྤྱོད་བཟང་ལ་ཕྱེ་མ་ལེབ་དེར་ཕན་ཐོགས་པའི་བསམ་པ་མ་གཏོགས་གནོད་པའི་བསམ་པ་མེད་ནའང་། དོན་ལ་འབུ་དེ་ཚང་ལས་ཕྱིར་འཐོན་སྐབས་རང་ཉིད་ཀྱི་འབད་པ་དང་རྩལ་ཤུགས་ཀྱིས་ཚང་དམ་པོ་དེ་ལས་དུས་ངེས་ཅན་ཞིག་གི་ནང་གཤོག་རྩལ་རྒྱས་ནས། རང་གི་ནུས་པས་ཚང་དེ་ལས་རང་སྟོབས་ཀྱིས་ཁུང་བུའི་དབར་ནས་ཕྱིར་ཐོན་ཏེ་ནམ་མཁར་ཕུར་བའི་བརྒྱུད་རིམ་དེའི་འོག་ནས་འགྲོ་དགོས་པ་ལ། སྐོགས་ཐུམ་གྱི་ཚང་དམ་པོ་དེ་གནས་སྐབས་ཕྱེ་མ་ལེབ་དེ་ལ་ཕན་ཐོགས་ཡོད་པ་ཁོས་མ་ཤེས།
གཏམ་རྒྱུད་དེའི་བརྗོད་དོན་ནི་ང་རང་ཚོའི་མི་ཚེ་འདིར་མ་འོངས་འདུན་ལམ་གྱི་ཆེད་རང་རང་སོ་སོས་འབད་རྩོལ་བྱེད་དགོས་པ་ལས། འབད་རྩོལ་མ་བྱས་པར་རང་ཉིད་ནུས་པ་དང་རྩལ་ཤུགས་ལྡན་པ་ཞིག་ནམ་ཡང་འགྱུར་ཐབས་མེད། དེར་བརྟེན་གནད་ཆེ་ཤོས་ནི་རང་གི་ལས་འགན་དེ་དག་གཞན་ལ་མ་བརྟེན་པར་རང་གིས་འགན་འཁུར་དགོས་པ་དང་། དེའི་ཆེད་འབད་རྩོལ་ལྷོད་མེད་ཀྱི་ངང་ནས་བྱེད་དགོས་པ་ལས་དེ་མིན་ང་ཚོ་ཡང་ནམ་ཞིག་ན་འཕུར་ལྡིང་བྱེད་མི་ནུས་པའི་ཕྱེ་མ་ལེབ་བཞིན་ལྷག་མི་སྲིད་པའི་ངེས་པ་གང་ཡང་མེད།
བསྒྱུར་གཞི།
https.//www.wealthygorilla.com/10-most-inspiration-short-stories ཞེས་པ་ལས་བསྒྱུར།