སློབ་དཔོན་ཨོ་རྒྱན་བསྟན་འཛིན།
མེས་པོ་གོང་མའི་འགྲོ་གྲོན་ཕངས་མེད་འོག།
ཐོན་མི་ལོ་ཙཱས་རྒྱ་གར་ཡི་གེ་ལ།།
དཔེ་རུ་བླངས་ཏེ་གསར་གཏོད་གནང་བ་ཡི།།
ནོམ་ཆེན་ལོངས་སྤྱོད་དེ་ལ་བོད་ཡིག་ཟེར།།
སྙན་ངག་པ་ཡི་བརྗོད་བྱའི་གཙོ་བོ་དང་།།
ཉི་མའི་དུས་སུ་ལག་ལྡན་རྣམས་ཀྱི་གདན།།
ས་ལ་གནས་ཀྱང་ཟླ་བའི་བྱེད་ལས་ཅན།།
གནས་འདིར་མང་བ་ཙན་དན་ལྗོན་པ་འོ།།
གསལ་ཞིང་རིག་པའི་ཤེས་པ་མི་ལྡན་ཡང་།།
གཞན་ལ་སློབ་གསོ་འདོམས་མཁས་དགེ་བའི་བཤེས།།
ཐོབ་དང་གོ་ས་དོན་དུ་མི་གཉེར་བའི།།
རླབས་ཆེན་དགེ་རྒན་དེ་ལ་དཔེ་ཆ་ཟེར།།
ཚ་ཟེར་ཅན་གྱི་ཉི་འོད་དང་འགྲོགས་ནས།།
ཁ་བའི་ལད་མོ་བྱེད་པའི་གཡོ་སྒྱུ་མཁན།།
ལས་ཀྱིས་མནར་བའི་ཡི་དྭགས་འཁྲུལ་བའི་རྒྱུ།།
ཆུ་མིན་ཆུ་རུ་རྫུ་བ་སྨིག་རྒྱུ་རེད།།
གཟུགས་ལ་ཆེ་ཆུང་སྣ་ཚོགས་ཡོད་ན་ཡང་།།
དབྱིབས་ལ་འགྱུར་བ་མེད་པ་ཟླུམ་པོའི་རིགས།།
གཏུབ་མཁན་ངུ་རུ་འཇུག་པའི་ཐབས་འཕྲུལ་དང་།།
ལུས་ལ་དྲི་ངན་ཅན་དེ་ཙོང་རིལ་རེད།།
ཨ་ཕའི་ལུས་སྟོབས་ག་ཚོད་ཆེ་ན་ཡང་།།
ཁོང་ན་རུས་པ་མེད་པས་ཀུན་ཀྱིས་བརྙས།།
སྤུན་མཆེད་མང་ཡང་སུ་ལའང་སྙིང་སྟོབས་མེད།།
མཐའ་མ་གཅེར་བུར་བུད་དེར་ངང་ལག་ཟེར།།
རྡོ་དང་འདྲ་བའི་མཁྲེགས་ཚུལ་སྟོན་ན་ཡང་།།
ཆུ་ཡི་རང་གཤིས་ནམ་ཡང་འདོར་མ་མྱོང་།།
རང་གི་མཚན་ཉིན་ལྡན་མིན་དོགས་པའི་གཞི།།
ཡ་མེད་དེ་ལ་འཁྱགས་པ་ཞེས་སུ་འབོད།།