སྤྱི་ལོ་ ༢༠༡༨ ལོའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ།

རྩོམ་སྒྲིག་པ།


རྣམ་གླིང་གྲྭ་ཚང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག


༸སྐྱབས་རྗེ་འཁོར་ལོའི་མགོན་པོ་གྲུབ་དབང་ཡིད་བཞིན་ནོར་བུ་གང་གི་བཀའ་དགོངས་བཞིན་སྤྱི་ཟླ་ ༠༧ ཚེས་ ༢༦ ཉིན་རྡོ་རྗེ་སློབ་དཔོན་དབུ་བཞུགས་ཐོག་གྲྭ་ཚང་གཞུང་གི་ལས་ཐོག་གཞུང་གྲྭ་རྣམས་ཀྱིས་ཕུར་པའི་སྦྱིན་སྲེག་རྒྱས་པ་ཞིག་འཚོགས་གནང་རྗེས་སྔར་བཞིན་དགེ་འདུན་པ་ཉི་ཤུ་རྩ་ལྔས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་ཟློག་པ་གསུང་གནང་དང་འབྲེལ། ཕྱི་དྲོའི་ཆ་ལ་སྙིང་ཐིག་གསོལ་ཁ་ཆག་མེད་དུ་འཚོགས་དང་འཚོག་མུས་ཡིན།
སྤྱི་ཟླ་ ༠༧ ཚེས་ ༢༨ ནས་དབུ་བཙུགས་ཏེ་གྲྭ་ཚང་གི་བླ་མ་རྣམ་པས་གཙོས་དགེ་འདུན་པ་ཡོངས་དང་གཞི་རིམ་སློབ་གྲྭའི་འཛིན་རིམ་བཞི་པ་ཡན་ཆད་ཀྱི་དགེ་འདུན་པ་རྣམས་ནས་ཟླ་བ་གཅིག་དང་ཕྱེད་ཀྱི་རིང་ལ་སྙིང་ཐིག་གསོལ་ཁ་དང་། གནམ་ཆོས་གསོལ་ཁ། མ་ཏི་སེང་གདོང་། ཀར་གླིང་ཞི་ཁྲོ། རཏ་གླིང་ཚེ་ཆོག རཏ་གླིང་ཕུར་པ་བཅས་བདུན་ཕྲག་རེ་རེ་བཞིན་འཚོགས་ནས་སྤྱི་ཟླ་ ༠༩ ཚེས་ ༠༨ ཉིན་རཏ་གླིང་ཕུར་པའི་ཆོ་གའི་སྒོ་ནས་མནན་བསྲེགས་འཕངས་གསུམ་དང་། སྤྱི་ཚེས་ ༠༩ ཉིན་རཏ་གླིང་ཚེ་ཆོག་གསང་བ་འདུས་པའི་ཆོ་ག་དང་འབྲེལ་ནས་འཆི་བསླུ་དང་། ཚོགས་མཆོད་རྒྱས་པ་བཅས་ཀྱི་སྒོ་ནས་ལོ་འདིའི་དབྱར་གནས་མཇུག་གྲུབ།
སྤྱི་ཟླ་ ༡༠ ཚེས་ ༠༤ ཉིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་སྡེ་ཚན་ཁག་གི་རྒྱུན་ལས་རྣམ་པས། འདི་ལོར་གསར་བཞེངས་གནང་གྲུབ་པའི་གྲྭ་ཚང་རྒྱུན་ལས་ཚོགས་ཁང་དང་རྒྱུན་ལས་རྣམ་པའི་ལས་ཁུངས་དང་ལས་ཤག དེ་བཞིན་དུ་ཚོང་ཁང་ཁག་དང་ཇ་ཁང་བཅས་ལ་རབ་གནས་དང་སྒོ་འབྱེད་གནང་།
ལོ་འདིར་ཟླ་བ་དྲུག་གི་རིང་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་མཛད་མཁན་རྣམས་སྤྱི་ཟླ་ ༡༠ ཚེས་ ༣༡ རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་གནམ་ཆོས་རྩ་གསུམ་སྤྱིའི་ལས་བྱང་འབྲིང་པོའི་ཆོ་གའི་སྒོ་ནས་ཚོགས་མཆོད་གཏང་རག་དང་བཅས་མཐའ་གྲུབ་ཡོད།
སྤྱི་ཟླ་ ༡༢ ཚེས་ ༠༦ ཉིན་སྔར་སྲོལ་ལྟར་ལོ་མཇུག་གི་ཞབས་རིམ་དུ་དམིགས་ཏེ་ཉིན་གསུམ་གྱི་རིང་ཕུར་ཟློག་དང་། གནམ་ཆོས་གསོལ་ཁ། སྙིང་ཐིག་གསོལ་ཁ་བཅས་འཚོགས་ཡོད།
བོད་ཟླ་ ༡༡ ནང་སྔར་སྲོལ་ལྟར་རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོ་སྐབས་སུམ་ཅུ་པ་འཚོག་ཆེད་དུ་གནས་མཆོག་རྡོ་རྗེ་གདན་ལ་གྲྭ་བཙུན་གཅིག་སྟོང་ལྷག་ཙམ་ཞིག་ཕེབས་འཆར་ཡོད་པ་བཅས་སོ།།


སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག


བོད་རྒྱལ་ལོ་ ༢༡༤༥ ཟླ་བ་ ༠༦ ཚེས་ ༠༤ སྤྱི་ལོ་ ༢༠༡༨ ཟླ་བ་ ༠༧ ཚེས་ ༡༦ ཆོས་འཁོར་དུས་ཆེན་ནས་བཟུང་ཉིན་བཅུ་དགུའི་རིང་གཡས་གཡོན་གྱི་གཞིས་གྲོང་ཁག་གིས་གདན་ཞུས་བྱས་པ་ལྟར། འདི་ག་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཡན་ལག་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་མཁན་སྤྲུལ་སློབ་དཔོན་གྲངས་ ༡༩ ཡིས་ནང་ཆོས་ངོ་སྤྲོད་གནང་ཡོད།
སྤྱི་ཟླ་ ༠༧ ཚེས་ ༢༧ ཉིན་འདི་ལོའི་བཤད་གྲྭའི་ཚོགས་གཙོ་མཁན་རིན་པོ་ཆེ་ཚེ་དབང་ནོར་བུ་མཆོག་དབྱར་གནས་ཀྱི་མཁན་པོར་བཞུགས་ནས། གྲྭ་བཙུན་ཆིག་སྟོང་ལྷག་ཙམ་ཞིག་གིས་ཟླ་བ་གཅིག་དང་ཕྱེད་རིང་དབྱར་ཁས་ལེན་གནང་ཡོད། སྤྱི་ཟླ་ ༠༨ ཚེས་ ༡༨ ཉིན་བཀྲ་ཤིས་པའི་གསོ་སྦྱོང་འཚོགས་ཡོད་པ་དང་དེ་མིན་གྱི་གསོ་སྦྱོང་འཚོག་ཕྱོགས་ནི་ནམ་རྒྱུན་ལྟར་ཡིན།
དབྱར་གནས་སྐབས་ཀྱི་འཆད་རྩོད་རྩོམ་གསུམ་གྱི་མཛད་རིམ་ཁག་ལས། འཆད་པའི་རིམ་པ་ནི་སྤྱི་ཟླ་ ༠༨ ཚེས་ ༡༠ ཉིན་དང་སྤྱི་ཟླ་ ༠༨ ཚེས་ ༡༧ བཅས་ཉིན་གཉིས་རིང་ལོ་རིམ་བདུན་པའི་སློབ་གཉེར་བ་རྣམ་པས་སྤྱི་དོན་འོད་གསལ་སྙིང་པོའི་བཤད་རྒྱུགས་དང་། ལོ་རིམ་དྲུག་པའི་སློབ་གཉེར་བ་རྣམ་པས་ཤེར་ཕྱིན་དཔལ་སྤྲུལ་སྤྱི་དོན་གྱི་བཤད་རྒྱུགས་ཕུལ་ཡོད།
རྩོད་པའི་རིམ་པ་ལས་དབྱར་གནས་པའི་སྐབས་བདུན་ཕྲག་རེའི་རེས་གཟའ་ཉི་མའི་དགོང་མོར་ལོ་རིམ་གཉིས་པ་ནས་དགུ་པའི་བར་ལོ་རིམ་གོང་འོག་རྟགས་གསལ་འགྲན་སྡུར་གནང་སྲོལ་ཡོད་པ་བཞིན། ད་ལོའི་ཆར་ཡང་ལུགས་ལྡོག་གི་ཚུལ་དུ་ལོ་རིམ་དགུ་པ་ནས་དབུ་བཙུགས་ཏེ་ལོ་རིམ་གོང་འོག་གི་རྟགས་གསལ་འགྲན་སྡུར་གནང་ཡོད་པ་དང་། དེ་བཞིན་ལོ་རིམ་དྲུག་པ་དང་བདུན་པའི་སློབ་གཉེར་བ་རྣམ་པས་བཤད་རྒྱུགས་འབུལ་བའི་སྐབས་ལོ་རིམ་དང་པོ་ནས་བཞི་པའི་བར་གྱི་སློབ་གཉེར་བ་རྣམ་པས་སྔར་སྲོལ་ལྟར་རྩོད་རྒྱུགས་ཕུལ་ཡོད།
རྩོམ་པའི་རིམ་པ་ལས་ད་ལོའི་ཆར་སྔར་དང་མི་འདྲ་བར་ལོ་རིམ་བརྒྱད་པའི་སྐྱོར་དཔོན་མ་ཡིན་པ་རྣམས་ཀྱིས་དཔྱད་རྩོམ་བརྩམས་གནང་བ་ལས། སློབ་གཉེར་བ་བཅུའི་དཔྱད་རྩོམ་རྩེ་ཕུད་བདམས་ཐོན་བྱས་ཟིན་རྗེས། ཁོང་རྣམ་པས་སོ་སོའི་དཔྱད་རྩོམ་གྱི་དམ་བཅར་བཞུགས་ཤིང་གཞན་ལོ་རིམ་བརྒྱད་པ་རྣམས་ཀྱིས་ངེས་པར་དུ་དྲི་བ་དྲི་དགོས་པ་དང་། གཞན་ལོ་རིམ་གཉིས་པ་ནས་དགུ་པའི་སློབ་གཉེར་བ་རྣམས་ཀྱིས་རང་མོས་ཐོག་དྲི་བ་དྲི་ལན་གྱི་སྒོ་ནས་བགྲོ་གླེང་གནང་ཡོད།
སྤྱི་ཟླ་ ༠༩ ཚེས་ ༠༦ དགོང་མོའི་ཆར་སྔོན་འགྲོ་འཛིན་གྲྭའི་དངོས་གཞི་རིག་གནས་འགྲན་སྡུར་ནང་ཚུད་པའི་སློབ་གཉེར་བ་རྣམ་པས་རིག་གནས་འགྲན་སྡུར་མཐའ་མ་དེ་གནང་བ་དང་། གཞན་ཡང་དབྱར་གནས་ནང་སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམ་པས་ཡིག་གཟུགས་འགྲན་སྡུར་ཡང་གནང་ཡོད།
དམིགས་བསལ་ད་ལོའི་ཆར་ལོ་རིམ་གཉིས་པ་ནས་བདུན་པའི་བར་གྱི་སློབ་གཉེར་བ་དང་། གཞན་ཡང་ལོ་རིམ་བརྒྱད་པའི་སྐྱོར་དཔོན་རྣམས་དང་ལོ་རིམ་དགུ་པའིསློབ་གཉེར་བ་ཡོངས་རྫོགས་བཅས་ནས་འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི་«ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་»སྐོར་ལ་དཔྱད་རྩོམ་འགྲན་སྡུར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། རྩོམ་ཡིག་ཞིབ་འཇུག་བྱེད་མཁན་མཐོ་སློབ་ཆེན་མོའི་དགེ་རྒན་ ༡༧ བསྐོས་ཏེ་དེའི་གྲུབ་འབྲས་གསལ་བཤད་དེ་ད་ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་དང་སྟབས་བསྟུན་ནས་གནང་རྒྱུར་གཏན་ཁེལ་ཡོད།
སྤྱི་ཟླ་ ༠༩ ཚེས་ ༠༧ གྱི་དགོང་མོོར་དགག་དབྱེའི་སྦྱོར་ཆོས་དང་། སྤྱི་ཚེས་ ༠༨ ཞོགས་པའི་ཆར་དགག་དབྱེ་གནང་ནས་སྤྱི་ཚེས་ ༠༩ ཉིན་ལྗོངས་རྒྱུར་ཕེབས་པ་བཅས་དབྱར་གནས་མཐའ་གྲུབ།
སྤྱི་ཟླ་ ༠༩ ཚེས་ ༢༢ ཉིན་ཚོགས་གཙོ་མཁན་རིན་པོ་ཆེ་ཚེ་དབང་ནོར་བུ་མཆོག་དབུ་བཞུགས་ཐོག་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་སློབ་གཉེར་བ་རྣམ་པར། ད་ལོའི་དབྱར་གནས་སྐབས་ཀྱི་འཆད་རྩོད་རྩོམ་གསུམ་གྱི་གྲུབ་འབྲས་གསལ་བཤད་གནང་ཡོད།
བོད་རྒྱལ་ལོ་ ༢༡༤༥ ཟླ་བ་ ༠༩ ཚེས་ ༠༣ ནས་ ༠༤ བར་དང་། སྤྱི་ལོ་ ༢༠༡༨ ཟླ་བ་ ༡༠ ཚེས་ ༡༡ ནས་ ༡༢ བར་ཉིན་གཉིས་རིང་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད་དང་སྟབས་བསྟུན་ནས་སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་ལྔ་པ་འཚོགས་ཡོད།
ཐེངས་འདིའི་ལྟ་གྲུབ་བགྲོ་གླེང་ནི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་དགེ་རྒན་མཁན་སློབ་རྣམ་པ་དང་། དེ་བཞིན་ཕྱི་ལོགས་ནས་འབྲུག་ལྷོ་བྲག་མཁར་ཆུའི་བཤད་གྲྭ། འབྲུག་སྒང་སྟེང་བཤད་གྲྭ། བལ་ཡུལ་ཞེ་ཆེན་བཤད་གྲྭ། རྒྱ་གར་རྫོགས་ཆེན་བཤད་གྲྭ། རྒྱ་གར་དཔལ་ཡུལ་ཆོས་འཁོར་གླིང་གི་བཤད་གྲྭ་བཅས་ནས་མཉམ་ཞུགས་གནང་ཡོད།
དངོས་གཞིའི་མཛད་སྒོ་སྤྱི་ཚེས་ ༡༡ ཉིན་སྔ་དྲོ་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་བཤད་གྲྭའི་འདུ་ཁང་ཆེ་བའི་ནང་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཚོགས་གཙོ་མཁན་རིན་པོ་ཆེ་ཚེ་དབང་ནོར་བུ་མཆོག་དབུ་བཞུགས་ཐོག རྣམ་གྲོལ་གླིང་གི་ཁུངས་སོ་སོའི་རྒྱུན་ལས་རྣམ་པ་དང་། དེ་བཞིན་རྒྱ་བལ་འབྲུག་གསུམ་གྱི་སྔ་འགྱུར་རྙིང་མའི་བཤད་གྲྭ་ཁག་ནས་ཐེངས་འདིའི་ལྟ་གྲུབ་བགྲོ་གླེང་དུ་ཆེད་ཕེབས་གནང་བའི་མཁན་སློབ་རྣམ་པ། སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་སྐབས་དང་པོའི་ཞིབ་འཇུག་པ་རྣམ་པ། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་སློབ་གཉེར་བ་བཅས་ཚང་འཛོམས་ཐོག བཀྲ་ཤིས་བརྒྱད་པ་གསུངས་གྲུབ་རྗེས་སྣང་གསལ་མར་མེ་བསྒྲོན་པ་དང་། སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་སྐབས་དང་པོའི་ཞིབ་འཇུག་པ་རྣམ་པས་ཞིབ་འཇུག་བྱས་པའི་«སྣང་བ་ལྷར་སྒྲུབ་པའི་ཚུལ་ལ་བརྟག་པ།»ཞེས་པའི་དེབ་གཅིག་དབུ་འབྱེད་གནང་ཡོད་པ་དང་། ཚོགས་གཙོ་མཁན་རིན་པོ་ཆེ་ཚེ་དབང་ནོར་བུ་མཆོག་གིས་ཐེངས་འདིའི་སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་ལྔ་པ་འདིར་སྔ་འགྱུར་རྙིང་མའི་བཤད་གྲྭ་ཡོངས་ཀྱི་མཁན་སློབ་རྣམ་པས་མཉམ་འཚོག་བྱེད་དགོས་པའི་དམིགས་ཡུལ་སོགས་གསུངས་ནས་མཛད་སྒོ་མཐའ་གྲུབ།
ཆུ་ཚོད་ ༠༩ པའི་ཐོག་བགྲོ་གླེང་དངོས་གཞི་དབུ་བཙུགས། བགྲོ་གླེང་སྐབས་གཙོ་སྐྱོང་བ་དང་། གསུང་བཤད་པ། གླེང་སློང་བ། ཟིན་བྲིས་པ་བཅས་གྲ་སྒྲིག་བྱས་ཡོད་ཅིང་། ཚོགས་ཐེངས་རེ་ལ་དུས་ཡུན་ཆུ་ཚོད་གཅིག་དང་སྐར་མ་བཅོ་ལྔ་རེ་ཕུལ་ཡོད།
སྔ་དྲོའི་ཆར་བརྗོད་གཞི་«སེམས་དང་ཡེ་ཤེས་རང་སྣང་ལ་དཔྱད་པ།» «ཐ་སྙད་ཚད་གྲུབ་ལ་དཔྱད་པ་»བཅས་ཚོགས་ཐེངས་གཉིས་དང་།
ཉིན་གུང་རྒྱབ་ནས་བརྗོད་གཞི་«སེམས་ཙམ་པས་ཕྱི་དོན་བཞེད་མིན།» «སྣང་བ་དག་པ་སྒྲུབ་ཚུལ།» «དབུ་མ་པས་ཐ་སྙད་ཚད་གྲུབ་ཞལ་གྱིས་བཞེས་མིན་»བཅས་ལ་བགྲོ་གླེང་གནང་ཡོད།
བགྲོ་གླེང་ཉིན་གཉིས་པ་སྤྱི་ཚེས་ ༡༢ ཉིན་སྔ་དྲོའི་ཆར་བརྗོད་གཞི་«སེམས་དང་ཡེ་ཤེས་རང་སྣང་།» «སེམས་ཙམ་པས་ཕྱི་དོན་བཞེད་མིན།» «ཐེག་ཆེན་ཚུལ་འཇུག་»བཅས་ལ་བགྲོ་གླེང་གནང་ཞིང་། ཉིན་གུང་རྒྱབ་ནས་བརྗོད་གཞི་«བསམ་གཏན་མིག་སྒྲོན།» «བཀའ་ཡང་དག་པའི་ཚད་མ།» «ཞང་ཡེ་ཤེས་སྡེའི་ལྟ་བའི་སྐོར་»བཅས་ལ་བགྲོ་གླེང་གནང་ནས་ཉིན་གཉིས་རིང་གི་བགྲོ་གླེང་མཇུག་གྲུབ་པ་དང་།
དེའི་རྗེས་མཁན་པོ་རྣམ་པ་གཉིས་ནས་གསུང་བཤད་པ་དང་ཟུར་ཉན་པ་རྣམ་པའི་ཚབ་བྱས་ནས་ཐེངས་འདིའི་བགྲོ་གླེང་སྐབས་ཀྱི་མྱོང་ཚོར་ཇི་ལྟར་བྱུང་མིན་སྐོར་སྐར་མ་བཅུ་རེའི་རིང་ལ་གསལ་བཤད་གནང་ཡོད་པ་དང་། བགྲོ་གླེང་སྐབས་ཀྱི་ཟིན་བྲིས་པ་རྣམ་པས་ཟིན་བྲིས་བཏབ་པ་རྣམས་རགས་རིམ་ཞིག་སྙན་སྒྲོན་ཞུས་ཡོད།
མཇུག་ཏུ་ཐེངས་འདིའི་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་ཕྱག་ཁྱེར་ཕུལ་བ་དང་བཤད་གྲྭའི་ཚོགས་གཞོན་ནས་ཐུགས་རྗེ་ཆེ་ཞུས་རྗེས། སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་སོགས་ཀྱི་བསྔོ་བ་མཛད་ནས་མཐའ་གྲུབ།
སྤྱི་ཟླ་ ༡༠ ཚེས་ ༣༡ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་ད་ལོའི་ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་ཡོངས་རྫོགས་མཐའ་གྲུབ་ཅིང་། སྤྱི་ཟླ་ ༡༡ ཚེས་ ༠༡ ནས་ ༠༣ བར་ཉིན་གསུམ་གྱི་རིང་རྒྱལ་བའི་བཀའ་འགྱུར། རཏ་གླིང་ཕུར་པ། སྙིང་ཐིག་བསང་གསོལ་བཅས་ཀྱི་སྒོ་ནས་ལོ་མཇུག་གི་ཞབས་རིམ་འཚོགས་ཡོད། དེའི་རིང་སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམས་ཀྱིས་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རྩོད་རྒྱུགས་ཕུལ་ཡོད།
ད་ལོའི་དམིགས་བསལ་ཞབས་རིམ་ཉིན་མཐའ་མའི་དགོང་མོར་༸སྐྱབས་རྗེ་འཁོར་ལོའི་མགོན་པོ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་སྔ་འགྱུར་མཐོ་སློབ་ཆེན་མོའི་སློབ་གཉེར་བ་འགས་གོ་སྒྲིག་ཞུས་ནས་རིན་པོ་ཆེའི་རྣམ་ཐར་རགས་བསྡུས་ཤིག་འཁྲབ་སྟོན་བྱས་ཡོད།
སྤྱི་ཟླ་ ༡༡ ཚེས་ ༡༠ ཉིན་ནས་རང་སྦྱོང་དབུ་བཙུགས་ཤིང་། སྤྱི་ཟླ་ ༡༢ ཚེས་ ༠༣ ཉིན་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཐེངས་བཞི་བཅུ་པའི་ཡིག་རྒྱུགས་དབུ་བཙུགས་ནས། ཉིན་གསུམ་རེའི་མཚམས་སུ་རྒྱུགས་སྤྲོད་རེ་བཏང་རྗེས། སྤྱི་ཟླ་ ༡༢ ཚེས་ ༡༩ ཉིན་ད་ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་མཐའ་གྲུབ་ནས། དགེ་འདུན་པ་རྣམས་རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོ་སྐབས་ ༣༠ པ་འཚོག་ཆེད་ཕེབས་འཆར་ལགས་སོ།།

རྣམ་གླིང་གཞི་རིམ་སློབ་གྲྭཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག


ལོ་ལྟར་བཞིན་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་སློབ་ཚན་གཙོ་བོ་སུམ་རྟགས་དག་གསུམ། རྒྱལ་རབས་ཆོས་འབྱུང་། བཤེས་སྤྲིངས་དང་རྒྱལ་སྲས་ལག་ལེན། བློ་རིགས་དང་རྟགས་རིགས། སྐད་ཡིག་སློབ་དེབ་དང་དབྱིན་ཡིག ཨང་རྩིས་དང་འབྲི་ཀློག དབུ་མཛད་དང་གཏོར་རྒྱན་སོགས་ཆོ་ག་ཕྱག་ལེན་དང་བཅས་ཕྱི་ནང་གི་རིག་པའི་གནས་རྣམས་ལ་སློབ་སྟོན་གནང་བཞིན་པ་ལྟར་ད་ལོར་ཡང་དགེ་སློབ་གྲངས་ ༨༡ ཙམ་གྱིས་ལྷག་བསམ་ལྷོད་མེད་ཐོག་སློབ་སྟོན་གནང་ཞིང་།
སྤྱི་ཟླ་ ༠༧ ཚེས་ ༢༧ ཉིན་ཟླ་དྲུག་ཕྱི་མའི་དཔེ་ཁྲིད་དགེ་རྒན་རྣམས་བསྐོ་བཞག་གནང་ཞིང་། སྤྱི་ཟླ་ ༠༨ ཚེས་ ༢༩ ཉིན་ནས་ལོ་འདིའི་དཔེ་ཁྲིད་ཕྱི་མ་དབུ་བཙུགས་གནང་ཡོད།
སྤྱི་ཟླ་ ༠༧ ཚེས་ ༢༧ ནས་ཉིན་གྲངས་བཞི་བཅུ་ཞེ་ལྔའི་རིང་དབྱར་གནས་དང་འབྲེལ་སྙིང་ཐིག་གསོལ་ཁ་དང་། ཕུར་ཟློག གུར་དྲག གནམ་ཆོས་གསོལ་ཁ། བཀའ་བརྒྱད། ཚེ་ཆོག་སོགས་འཚོགས་གནང་ཡོད་པ་དང་། དཔེ་ཁྲིད་ཕྱི་མའི་སྐབས་འཛིན་གྲྭ་དྲུག་པ་ཡན་གྱི་སློབ་གཉེར་བ་རྣམ་པས་སློབ་ཁྲིད་དང་འབྲེལ་ནས་བློ་རིགས་དང་རྟགས་རིགས་ཀྱི་རྩོད་པ་ཡང་སྦྱང་འགོ་བཙུགས།
དམིགས་བསལ་ད་ལོར་སྐད་རིགས་ཡར་རྒྱས་ཡོང་ཆེད་དུ་དམིགས་ཏེ་འཛིན་གྲྭ་རེ་ནས་དབྱིན་སྐད་ཤེས་མཁན་སློབ་ཕྲུག་རྩེ་ཕུད་རྣམས་བདམས་ནས་སྤྱི་ཟླ་ ༠༩ ཚེས་ ༡༤ ཉིན་གྱི་དགོང་མོར་དབྱིན་སྐད་འགྲན་སྡུར་ཐེངས་དང་པོ་བྱས་ཡོད།
སྤྱི་ཟླ་ ༠༩ ཚེས་ ༢༠ ནས་ཉིན་གསུམ་རིང་ད་ལོའི་བོད་སྐད་རྒྱུགས་ཐེངས་གཉིས་པ་དེ་བླངས་ཡོད་པ་དང་། སྤྱི་ཟླ་ ༡༠ ཚེས་ ༡༡ ནས་ཟླ་དྲུག་ཕྱི་མའི་སློབ་ཕྲུག་ལས་བྱེད་པ་རྣམས་བསྐོ་བཞག་བྱས་ཡོོད།
༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་བཀའ་དགོངས་བཞིན་མཁན་སློབ་རྣམ་པས་སློབ་ཕྲུག་རྣམས་ལ་ཟླ་རེའི་མཚམས་སུ་བཀའ་སློབ་ལམ་སྟོན་གནང་གི་ཡོད་པ་དང་། ལྷག་པར་དུ་ད་ལོར་གཟའ་འཁོར་རེར་འཛིན་གྲྭ་གཉིས་རེ་ལ་དགེ་རྒན་ལྔ་རེས་མོས་ཀྱིས་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་མཛད་རྣམ་ངོ་སྤྲོད་དང་འབྲེལ་ཀུན་སྤྱོད་དང་བསམ་པ་བཟང་པོ་དགོས་ཚུལ། དགོན་པའི་སྒྲིགས་ལམ་ཚུལ་བཞིན་བསྲུངས་པའི་ཐོག་ནས་སློབ་སྦྱོང་ལ་དོ་སྣང་གནང་དགོས་ཚུལ་སྐོར་ལ་བཀའ་སློབ་ལམ་སྟོན་དུས་ཡུན་ཆུ་ཚོད་གཉིས་རེ་གནང་ཡོད།
ད་ལོའི་ཆར་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམ་པའི་བཞུགས་ཤག་ཁག་ཡར་བསྐྱེད་བཏང་ཡོད་པ་དང་། ཉལ་ཁྲི་སོགས་གསར་རྙིང་བརྗེ་སྤོར། གསང་སྤྱོད་ཁྲུས་ཁང་ནང་གི་ཡོ་བྱད་སོགས་གསར་བཟོ་གནང་ཡོད།
སྤྱི་ཟླ་ ༡༠ ཚེས་ ༣༡ ལྷ་བབས་དུས་ཆེན་ཉིན་ད་ལོའི་ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་མཚམས་འཇོག་གནང་ཞིང་། སྤྱི་ཟླ་ ༡༡ ཚེས་ ༡༠ ཉིན་རང་སྦྱོང་དབུ་བཙུགས་ཡོད། སྤྱི་ཟླ་ ༡༡ ཚེས་ ༡༧ ནས་རྒྱུགས་སྤྲོད་དངོས་གཞི་འགོ་བཙུགས་ཏེ། སྤྱི་ཟླ་ ༡༢ ཚེས་ ༠༢ ཉིན་མཇུག་གྲུབ་ཅིང་། གཞི་རིམ་སློབ་གྲྭའི་སློབ་ཕྲུག་ཆེ་གྲས་རྣམས་རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོ་སྐབས་ ༣༠ པ་འཚོག་ཏུ་ཕེབས་འཆར་ལགས་སོ།།

སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག
བཙུན་དགོན་གྲྭ་ཚང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག


༸སྐྱབས་རྗེ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་འཛམ་གླིང་ཞི་བདེ་ལ་དམིགས་ཏེ་བཙུན་མ་བཞི་བཅུ་ཙམ་རེས་མོས་ཀྱིས་ཉིན་ལྟར་སྔ་དྲོའི་ཆར་སྒྲོལ་ཆོག་དང་། ཕྱི་དྲོར་གསོལ་ཁ། བསྔོ་སྨོན་བཅས་རྒྱུན་ཆད་མེད་པར་འཚོག་བཞིན་ཡོད། དེ་བཞིན་ཚེས་བཅུ་ཉེར་ལྔའི་ཚོགས་མཆོད་ནི་རྒྱུན་ལྡན་ལྟར་ཡིན།
དབྱར་གནས་རིང་ལ་བླ་མ་ཕུར་པ་ཕྲིན་ལས་གཙོས་པའི་གྲྭ་ཚང་གི་བཙུན་མ་ཡོངས་དང་སློབ་གྲྭའི་འཛིན་གྲྭ་ལྔ་པ་ཡན་ཆད་ཀྱི་སློབ་ཕྲུག་རྣམས་དང་བཅས་བདུན་ཕྲག་རེ་རེའི་ནང་དུ་སྙིང་ཐིག་གསོལ་ཁ་དང་། སེང་གདོང་མའི་ཟློག་པ། སྨིན་གླིང་རྡོར་སེམས། རཏ་གླིང་ཚེ་ཆོག ཀར་གླིང་ཞི་ཁྲོའི་ཆོ་ག་བཅས་འཚོགས་ཀྱི་ཡོད་པ་དང་། སྔར་སྲོལ་ལྟར་ད་ལོ་ཡང་བཙུན་མ་རྣམས་ཀྱིས་དགེ་སློང་མ་དཔལ་མོས་མཛད་པའི་སྨྱུང་གནས་ཀྱི་ཆོ་གའི་སྒོ་ནས་སྨྱུང་གནས་ཆ་བཞི་རེ་འཚོགས་ནས། ཉིན་མཐའ་མར་འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་གཏང་རག་ཚོགས་འཁོར་དང་བཅས་མཐའ་གྲུབ།


སྔ་འགྱུར་བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག


སྤྱི་ཟླ་ ༠༧ ཚེས་ ༢༧ ཉིན་དམ་ཆོས་འདུལ་བའི་ཕྱག་སྲོལ་ལྟར་དབྱར་གནས་ཟླ་བ་གཅིག་དང་ཞག་བཅོ་ལྔའི་ཪིང་ལ་རྒྱུན་ལས་ཀྱི་བཀའ་དགོངས་ལྟར་ལོ་རིམ་བརྒྱད་པའི་སྐྱོར་དཔོན་རྣམས་ཕུད་པའི་བཙུན་མ་བཅུས་རྩོམ་ཤོག་བརྩམས་ཏེ་དམ་བཅའ་བཞུགས་ཤིང་། ལོ་རིམ་དགུ་པ་དང་བརྒྱད་པའི་སློབ་གཉེར་བ་རྣམས་ཀྱིས་གཙོས་གཞན་རང་མོས་ཐོག་དྲི་བ་དྲིས་གནང་བ་དང་། ལོ་རིམ་དགུ་པ་ནས་སྔོན་འགྲོ་འཛིན་གྲྭའི་བར་འཆད་རྩོད་རྩོམ་གསུམ་གྱི་ལས་རིམ་རྣམས་སྔར་སྲོལ་ལྟར་གནང་སྟེ་དབྱར་གནས་མཐའ་གྲུབ།
ད་ལོ་དམིགས་བསལ་ཀུན་མཁྱེན་མི་ཕམ་པས་མཛད་པའི་«ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་»སྐོར་ལ་ལོ་རིམ་གཉིས་པ་ནས་ལོ་རིམ་དགུ་པ་ཡོངས་རྫོགས་དང་བརྒྱད་པའི་སྐྱོར་དཔོན་རྣམ་པ་བཅས་ནས་དཔྱད་རྩོམ་འགྲན་སྡུར་གནང་ཡོད།
སྤྱི་ཟླ་ ༡༠ ཚེས་ ༣༡ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་བཤད་གྲྭའི་ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་མཐའ་གྲུབ། སྤྱི་ཟླ་ ༡༡ ཚེས་ ༠༡ ཉིན་སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམས་ཀྱིས་རྩོད་རྒྱུགས་ཕུལ་ཡོད། སྤྱི་ཟླ་ ༡༡ ཚེས་ ༡༠ ནས་རང་སྦྱོང་དབུ་བཙུགས་ཤིང་། སྤྱི་ཟླ་ ༡༢ ཚེས་ ༤ ཉིན་བཙུན་དགོན་བཤད་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དབུ་བཙུགས་ཏེ། སྤྱི་ཟླ་ ༡༢ ཚེས་ ༢༠ ཉིན་རྒྱུགས་སྤྲོད་མཐའ་གྲུབ་པ་དང་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༠ པ་འཚོག་ཆེད་དུ་ཕེབས་རྒྱུ་དང་བཅས་ལོ་འཁོར་མོ་གཅིག་གི་མཛད་རིམ་མཐའ་གྲུབ།


བཙུན་དགོན་སློབ་གྲྭའི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག


སྤྱི་ཟླ་ ༡༠ ཚེས་ ༢༢ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་རིན་པོ་ཆེ་ཚེ་དབང་ནོར་བུ་མཆོག་གཙོས་པའི་རྒྱུན་ལས་དང་དགེ་སློབ་ལྷན་འཛོམས་ཐོག་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་སུམ་རྟགས་དག་གསུམ་དང་དབྱིན་ཡིག་འཛིན་གྲྭ་གོང་འོག་འགྲན་སྡུར་གནང་སྟེ། དེ་དག་ལས་རྩེ་ཕུད་དུ་སོན་པའི་སློབ་གཉེར་བ་རྣམས་ལ་བྱ་དགའ་གསོལ་རས་བསྩལ་གནང་བ་དང་། གཏོར་མ་དང་དཀར་རྒྱན། རི་མོ། འབུད་རྡུང་དཀྲོལ་གསུམ་བཅས་ཀྱི་རྒྱུགས་སྤྲོད་བཏང་ཡོད།
སྤྱི་ཟླ་ ༡༡ ཚེས་ ༢༤ ཉིན་ནས་བཟུང་བདུན་ཕྲག་གཅིག་གི་རིང་ལོ་འཁོར་རྒྱུགས་སྤྲོད་ཆེད་རང་སྦྱོང་དབུ་བཙུགས་གནང་ཞིང་། སྤྱི་ཟླ་ ༡༢ ཚེས་ ༠༡ ཉིན་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་དབུ་བཙུགས་ཏེ་ཟླ་འདིའི་ཚེས་ ༡༧ ཉིན་མཐའ་གྲུབ་པ་བཅས་སོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།