ལོ་རིམ་བདུན་པའི་སློབ་གཉེར་བ། བསྟན་འཛིན་དར་རྒྱས།
ཡ་ཐོག་སྲིད་པ་རྒས་པོའི་ཁྱིམ།།
རྫ་ནག་མཁའ་ལ་འགྱིངས་འདྲ་བའི།།
མཐིང་སྨུག་སྦྲ་ཡི་གྲུ་གཟིངས་ཆེ།།
ཁ་བ་རི་པའི་རྣམ་ཤེས་ཡིན།།
རྩིད་ཐག་སྨུག་པོའི་མཁར་རྫོང་འདི།།
དེང་སྐབས་འཕྲུལ་ཆས་ཚན་རྩལ་མིན།།
བོད་མིའི་བློ་གྲོས་ལས་འོངས་ཏེ།།
ཨ་ཕའི་རྔུལ་ཆུས་བསྐྲུན་པ་དང་།།
ཨ་མའི་ལག་གིས་བརྩེགས་པའི་མཁར།།
བྷོ་ཊའི་ཁྱད་ནོར་གསོན་པོ་ཡིན།།
བཙན་པོའི་དཔའ་རྩལ་གོ་ཆ་ཡིན།།
གནའ་བོའི་རིག་གཞུང་བླ་སྲོག་ཡིན།།
མེས་པོའི་རྐང་རྗེས་རྡོ་རིང་ཡིན།།
ཆོན་ཐག་འདབ་གཤོག་མཐའ་རུ་བརྐྱངས།།
རླུང་རྟའི་བ་དན་དགུང་དུ་བསྒྲེངས།།
ཆོན་ཕུར་ཕྱོགས་བཞི་མཚམས་བརྒྱད་བཏབ།།
ཚེ་སྲོག་བྲག་ལྟར་མི་ཤིགས་རྟགས།།
སྦྲ་ཀླད་སྐར་ཁུང་སྒོ་མོ་ཕྱེ།།
དུ་བ་ནམ་མཁའི་སྤྲིན་ཚོགས་སུ།།
དཀར་ཕྱོགས་ལྷ་ཀླུ་ཆོས་སྐྱོང་འཁོར།།
ཆར་དང་ཉི་ཟེར་སྦྲང་ཆར་ཟིམ།།
འཇའ་གུར་ཐིག་ལེའི་གུར་ཁང་མཛེས།།
བལྟས་ན་ལྟ་བས་མི་ངོམས་ཡོད།།
ཕ་དང་ཨ་ཁུའི་དགོད་སྒྲ་གྲག།
མ་དང་སྲུ་མོའི་འཛུམ་མདངས་འཚེར།།
དབྱར་གསུམ་ཆར་རླུང་ཉི་ཟེར་འོག།
དགུན་གསུམ་ཁ་བ་བུ་ཡུག་ཁྲོད།།
སྟོན་གསུམ་སད་དང་ལྷགས་པའི་དབུས།།
ཁྱོད་ནི་ལྷུན་པོ་བཞིན་དུ་བརྟན།།
མཐའ་ཡས་འབྲོག་པའི་རྩྭ་ཐང་སྟེང་།།
སྦྲ་ནག་ཕུབ་པའི་ཕྱི་ནང་དུ།།
ཞོ་ཟོར་དར་དཀར་འོ་མས་བཀང་།།
ཤ་མར་ཐུད་གསུམ་བང་མཛོད་གང་།།
དཀར་གསུམ་འོ་མས་སྣོད་ཀུན་ཁེངས།།
མར་ཕྱུར་རྦབ་རྡོ་ཉིལ་ལི་ལི།།
ཨ་མས་ཡིག་དྲུག་དབྱངས་རྟ་འདྲེན།།
རྫི་བོས་སྐྱིད་པའི་གླུ་ཆུང་ལེན།།
ཡངས་པའི་རྩྭ་ཐང་ནེའུ་གསེང་འོག།
ལྷུང་ལྷུང་རྫ་ཆུའི་བཞུར་སྒྲ་སྙན།།
སྦྲ་ནག་དུད་སྤྲིན་མཁའ་རུ་འཁྲིགས།།
ཁུ་བྱུག་སྔོན་མོའི་གསུང་སྐད་དང་།།
བྱིའུ་ཆུང་འཇོལ་མོའི་གྲེ་འགྱུར་འཇེབས།།
སྣ་ཚོགས་མེ་ཏོག་དྲི་ཞིམ་འཐུལ།།
ཞོ་ཟོ་འཁྱེར་བའི་འབྲོག་མོ་ལྡེམ།།
གཡང་དཀར་ལུག་ཁྱུས་འབའ་སྒྲ་ལྡིར།།
འབྲི་མོའི་ངུར་སྒྲ་འུར་འུར་འུར།།
རྟ་ཕོའི་འཚེར་སྐད་སིལ་སིལ་སིལ།།
གཡག་རྒོད་རྭ་རྩེད་ཁོབ་ཁོབ་ཁོབ།།
བེའུ་གནམ་མཆོང་ལྡིང་ལྡིང་ལྡིང་།།
ནག་ནག་སྦྲ་ཡི་ཁང་ཆེན་ཁྱོད།།
རྩྭ་ཐང་འབྲོག་པའི་བླ་མཁར་ཡིན།།
མེས་པོའི་བརྩེ་བ་འཁོར་ས་ཡིན།།
ང་ཚོའི་སེམས་ཀྱི་མཆོད་སྡོང་ཡིན།།
ནམ་ཡང་ཁྱོད་དང་འབྲལ་ཐབས་མེད།།