རོལ་སྐུད། (རྔ་བ།)
རྒྱལ་ཀུན་གསང་གསུམ་ཡེ་ཤེས་རྣམ་རོལ་མི་འཇིགས་སེངྒེའི་ཆ་ལུགས་གར།།
རྒྱལ་བསྟན་དྲི་མེད་གདུགས་མཆོག་དཀར་པོའི་སྲིད་ཞིའི་རིན་ཆེན་ནོར་བུའི་ཏོག།
རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་རོལ་མཚན་དང་དཔེ་བྱད་འོད་འཆང་བའི།།
རྒྱལ་བ་ཀུན་འདུས་སྒྱུ་འཕྲུལ་གཟུགས་སྐུ་སྣ་ཚོགས་འགྲོ་བའི་ཚལ་དུ་བཞད།།
རྣམ་དག་ཚུལ་ཁྲིམས་ཁོ་ལག་རྫོགས་པའི་དཔག་བསམ་ལྗོན་པའི་རྩ་བ་ལ།།
རྣམ་གཉིས་བྱང་སེམས་ཆུ་ཡིས་བརླན་པས་ཐེག་ཆེན་ལམ་གྱི་རྩ་བ་བརྟན།།
རྣམ་ཀུན་མཆོག་ལྡན་ཡེ་ཤེས་ལྔ་སྨིན་འོད་གསལ་རིག་པའི་ཡལ་ག་ལ།།
རྣམ་རྫོགས་རྒྱལ་བའི་རྒྱལ་འབངས་ཐོབ་པའི་ཟུང་འཇུག་འབྲས་བུའི་ལོ་ཏོག་འཕེལ།།
སྔོན་ཞིག་ཚོགས་བསགས་འབྲས་བུ་དཀར་ཞིང་བསོད་ནམས་ཉེ་བར་སྨིན་པ་དང་།།
སྔོན་གྱི་སྨོན་ལམ་ཕ་རོལ་ཕྱིན་བཅུའི་ཡང་དག་དགེ་བའི་ལམ་རྙེད་པས།།
སྔོན་ཚེ་རྒྱལ་བ་བུ་རམ་ཤིང་པས་ཆོ་འཕྲུལ་གསུམ་བསྟན་དུས་ཆེན་གྱི།།
བཅུ་གསུམ་རྒྱལ་གྱི་དུས་ཆེན་བཟང་པོར་གསང་གསུམ་མེ་ཏོག་གྲོལ་བར་དགེ།
རབ་འབྱམས་ཞིང་བཞུགས་རྩ་གསུམ་སྲུང་མ་ཡེ་ཤེས་དམ་ཚིག་ལ་གནས་ཀུན།།
རབ་སྙན་ཆོས་ཀྱི་རྔ་སྒྲའི་གྲགས་པ་ས་གསུམ་སྐྱེ་དགུའི་དཔྱིད་དུ་སྨིན།།
རབ་མཛེས་ཚོགས་གཉིས་དཔལ་གྱིས་འཁྲུངས་པའི་དྲི་མེད་ཆུ་ཤེལ་དཀར་པོའི་སྐུ།།
རབ་བརྗིད་གདོང་ལྔས་བཏེག་པའི་ཁྲི་ལ་ཞབས་ཟུང་འབྲལ་མེད་དམ་མ་གཡེལ།།
ཆེ་དགུའི་ཁེངས་དྲེགས་རལ་པ་གསིག་པའི་སྟོབས་ལྡན་བདུད་བཞིའི་དཔུང་ཚོགས་ཀུན།།
ཆེ་བའི་ཆེ་མཆོག་འཕྲུལ་ཐབས་གཅིག་གིས་ལོག་འདྲེན་སྙིང་ཁྲག་ཧུབ་ཀྱིས་བཞེས།།
ཆེ་དྲུག་སྔ་འགྱུར་ཆོས་ཀྱི་རྒྱལ་མཚན་སྲིད་ཞིའི་ཡང་རྩེར་འཕྱར་མཛད་པར།།
ཆེ་བརྗོད་ཚིག་གི་མེ་ཏོག་ཕུལ་བས་ཚེ་རབས་ཀུན་ཏུ་རྗེས་སྐྱོངས་ཤིག།