ལོ་རིམ་བརྒྱད་པའི་སློབ་གཉེར་བ། བློ་གྲོས་མཐའ་ཡས།
ཡེ་ཤེས་སྒྲིབ་མེད་ནམ་མཁའི་ངོས་སུ།།
ལྷག་བསམ་ཉི་མའི་འོད་སྟོང་འཚེར་དུས།།
ས་ཆེན་འདི་ཡི་མུན་པ་སེལ་བ།།
གྲུབ་དབང་བླ་མ་པདྨ་ནོར་བུ།།
བསིལ་ལྡན་བོད་ཀྱི་རྒྱལ་ཁམས་དེ་ནས།།
བསྟན་པ་རིན་ཆེན་ཐུགས་ལ་བཅངས་ཏེ།།
ལ་ལུང་སྟོང་ཚོ་བརྒལ་ནས་ཕེབས་པ།།
གྲུབ་དབང་བླ་མ་པདྨ་ནོར་བུ།།
བསྡུ་བ་རྣམ་བཞིས་སློབ་ཚོགས་སྐྱོང་སྐབས།།
ཕྱོགས་ཞེན་རྡུལ་གྱི་དྲི་མས་མ་གོས།།
ཐུགས་རྗེའི་བསིལ་གྲིབ་ཀུན་ལ་སྙོམས་པ།།
གྲུབ་དབང་བླ་མ་པདྨ་ནོར་བུ།།
མཚན་དཔེ་གངས་རིའི་དབུས་ནས་བཞད་ཀྱང་།།
མཛད་ཕྲིན་གོ་ལའི་ཁྱོན་ཡོངས་ཁྱབ་པ།།
སྔོན་གྱི་ཐུགས་བསྐྱེད་སྨིན་པའི་འབྲས་རྟགས།།
གྲུབ་དབང་བླ་མ་པདྨ་ནོར་བུ།།
བསྟན་པའི་ཉི་མ་མཁན་ཆེན་ཞི་འཚོ།།
སྐྱབས་གཅིག་པད་འབྱུང་ཁྲི་སྲོང་རྗེ་བོའི།།
མཁྱེན་བརྩེ་ནུས་གསུམ་གཅིག་བསྡུས་དཔའ་བོ།།
གྲུབ་དབང་བླ་མ་པདྨ་ནོར་བུ།།
སྐུ་མཆོག་ལྷུན་པོ་གང་དུ་བཞུགས་ཀྱང་།།
ཚུལ་ཁྲིམས་དྲི་ཡིས་ས་གཞི་བརྡལ་བ།།
སྡོམ་བརྩོན་རྒྱལ་པོའི་རང་རྟགས་མངོན་བྱུང་།།
གྲུབ་དབང་བླ་མ་པདྨ་ནོར་བུ།།
ཞལ་རས་ཕྱག་ན་པད་མོའི་དཀྱིལ་འཁོར།།
སྤྱན་ཟུང་རྒྱལ་ཡུམ་སྙིང་རྗེའི་རང་བཞིན།།
མཇལ་བ་ཙམ་གྱིས་འདིར་སྣང་འགགས་འགྲོ།།
གྲུབ་དབང་བླ་མ་པདྨ་ནོར་བུ།།
བླ་མ་ཁྱེད་ནི་སངས་རྒྱས་ཀུན་འདུས།།
བླ་མ་ཁྱེད་ནི་དམ་ཆོས་ཀུན་འདུས།།
བླ་མ་ཁྱེད་ནི་དགེ་འདུན་ཀུན་འདུས།།
གྲུབ་དབང་བླ་མ་པདྨ་ནོར་བུ།།