གྱིན་འདའ་བ། (ཁྲི་འདུ།)
ལས་དབང་དམར་པོ་ཞིག་གི་གྲུ་ཁ་དེ་ན།།
ལས་འཕྲོ་བཙན་པོ་ཞིག་གི་གདོང་པའི་ཁུད་ན།།
ལས་ཀྱི་རྣམ་ཤེས་ཤིག་གི་བག་ཆགས་འཁྲིས་ཡོད།།
འཁྲིས་པའི་ཐོ་ཡོར་བརྙན་པོ་ད་དུང་འགྲེངས་ཡོད།།
ས་ཆེན་སྨུག་པོ་དེ་ཡི་སྒལ་གཞུང་སྟེང་ན།།
སྲིད་པའི་རི་བོ་དེ་ཡི་གྲུབ་གཟུགས་འོག་ན།།
རྣམ་ཤེས་ཐེད་པོ་ཞིག་གི་མིག་ཆུ་ལྷུང་ཡོད།།
ལྷུང་ལྷུང་གཙང་པོའི་གཞུང་ལ་ད་དུང་འདྲེས་ཡོད།།
ཉི་ཟླའི་དཀྱིལ་འཁོར་པང་གི་འོད་སྐོར་རེ་ལ།།
ཁ་བའི་མེ་ཏོག་ཚོགས་ཀྱི་འདབ་མ་རེ་ལ།།
ཁེར་ཧྲེང་སེམས་གཅོང་དམར་པོས་ན་ཟུག་བཀོད་ཡོད།།
བཀོད་པའི་རི་མོ་ནག་བྲིས་ད་དུང་ཡལ་མེད།།
གཙང་པོ་ཤུམ་ཤུམ་བཞུར་བའི་རླབས་སྒྲ་རེ་ལ།།
འཇག་མས་ཤུགས་གླུ་མགུར་བའི་ཚོར་བ་རེ་ལ།།
སེམས་པ་རྡོ་ལས་གྲང་བའི་སྙན་ངག་བྲིས་ཡོད།།
བྲིས་པའི་སེམས་ཀྱི་རི་མོ་ད་དུང་རྫོགས་མེད།།
སེམས་པ་རླུང་གིས་ཁྱེར་བའི་སྲོད་བྱིངས་དེ་ནས།།
དྲན་པ་ཙག་གིས་སྦྲིད་པའི་མཚན་སྨག་དེ་ནས།།
སྙིང་ཆུང་རྨ་ཁ་ཐེད་པོ་སྙིམ་པས་བཅོས་ཡོད།།
བཅོས་མིན་འཁྲེང་ཞེན་དམར་པོ་ད་དུང་འགྱུར་མེད།།
ཟླ་བ་གཅེར་བུར་བགྲོད་པའི་བཟོ་ལྟ་རེ་ལ།།
སྐར་ཚོགས་མགོ་བོ་དུད་པའི་འགྱུར་བག་རེ་ལ།།
དྲན་གདུང་ཚོར་བ་སྐྱུར་མོ་ཁོག་ཏུ་བསླངས་ཡོད།།
བསླངས་པའི་སེམས་ཀྱི་འཁུན་སྒྲ་ད་དུང་འཇགས་མེད།།
སྐྱོ་བ་སེམས་སུ་ཁུར་བའི་སྨྲེ་སྔགས་རེ་ལ།།
དྲན་པ་ཚོར་བས་སྦྲིད་པའི་ཤུགས་རིང་རེ་ལ།།
སེམས་ངལ་རྔུལ་ཆུའི་ཟིལ་པ་ཡིད་ལ་བྱོ་ཡོད།།
བྱོ་བའི་མུ་ཏིག་དཀར་པོ་ཁྱེད་ལ་བསྲིངས་ཡོད།།