འོད་གྲུ། (མགོ་ལོག)
སྟེང་དགུ་ཚིགས་འཁྱིལ་བའི་གུར་ཁྱིམ་འོག་ན།།
སྨུག་ལང་ལོང་འཁྱིལ་བའི་རི་སྐེད་དེ་ནས།།
སེམས་མ་བཅོས་གཉུག་མའི་རང་བཞིན་མཇལ་བའི།།
རྗེ་མི་ལ་དཔའ་བོར་ལན་གཅིག་བཏུད་དོ།།
གནས་མ་བཅོས་གྲུབ་པའི་ལྡིང་ཁང་དེ་ནས།།
ཆོས་མགུར་གླུ་སྙན་མོས་མི་སེམས་འགུགས་པའི།།
དོན་གནས་ལུགས་མཇལ་བའི་གྲུབ་བརྙེས་དམ་པ།།
རི་བསིལ་ལྡན་ཁ་བའི་དགེ་སྦྱོང་རྣལ་མ།།
རྩྭ་རྩི་ཤིང་མེ་ཏོག་རླུང་གིས་བསྐྱོད་ཅིང་།།
ཆར་བུ་ཡུག་འདྲེས་མ་མཁའ་ནས་འབབ་དུས།།
ཡིད་ཏིང་འཛིན་ཀློང་ནས་ཚ་གྲང་སྙོམས་པའི།།
ཤིང་བེར་ཀ་འཛིན་པའི་ཨ་སྐྱོ་མཁྱེན་ནོ།།
ཆོས་དཀའ་བ་སྤྱད་ལ་སྤྱོད་ཚུལ་མཁས་ཤིང་།།
དོན་ཉམས་ལེན་སྒོམ་པའི་འཚོ་བ་སྐྱེལ་བའི།།
རྗེ་མི་ལ་དཔའ་བོའི་ལས་ཀྱི་བསོད་ནམས།།
སྟེང་ལྷ་ཆེན་ཚངས་པའི་ནོར་གྱིས་མི་ཁུག།
མགུར་སིང་སིང་དྲི་ཟའི་དབྱངས་དང་བསྡེབས་ཏེ།།
དཔལ་མཉམ་མེད་ཐུབ་པའི་ཆོས་ཚུལ་གཞལ་ཚེ།།
བློ་རྣམ་དཔྱོད་ནམ་མཁའི་ཟླ་བ་རང་ཚེས།།
གནས་སྲིད་པ་འདི་རུ་འགྲན་ཟླ་མ་མཆིས།།
ཕྱི་ཤེལ་དཀར་ལྟ་བུའི་མཛེས་སྡུག་ལྡན་ཅིང་།།
ནང་མཁའ་འགྲོ་འབུམ་གྱིས་གནས་མལ་བྱས་པའི།།
གནས་རྨད་བྱུང་ལྷ་ཡི་དགའ་ཚལ་དབུས་ནས།།
ཆོས་ཀ་དག་ལྟ་བའི་རང་བཞིན་མཐོང་སྐད།།
རྩྭ་འཇག་མ་འབོར་ཆུང་གདན་དུ་བྱས་ཏེ།།
གནས་རིགས་དྲུག་འཁོར་བའི་ལས་སྣང་བསྒོམས་ནས།།
ལོ་གྲངས་མེད་སྟོང་གི་རྫོགས་མཐའ་ཟིན་པ།།
ཆོས་སྒོམ་ཆེན་དམ་པ་ཁྱོད་འདྲ་མ་མཆིས།།
ནང་ཀ་བ་མེད་པའི་ཁང་བཟང་དཀྱིལ་ནས།།
སེམས་ཏིང་འཛིན་ཀློང་ན་གཡོ་བ་མེད་པའི།།
ས་བྱང་ཆེན་བགྲོད་པའི་སངས་རྒྱས་དངོས་མ།།
ཕ་རིག་འཛིན་སྟོང་གི་རྗེས་འཛིན་ཁྱོད་ཡིན།།
སེམས་མ་བཅོས་གཤིས་ཀ་མདའ་ལྟར་དྲང་ཞིང་།།
ཕྱོགས་དགྲ་གཉེན་འཛིན་པའི་ཐུགས་སེམས་སྙོམ་པའི།།
དཔལ་བདེ་ལྡན་ཞིང་གི་མགྲོན་པོ་གལ་ཆེན།།
ཆུང་བྱིས་པའི་མེ་ཏོག་རི་ནས་བཞད་སྐད།།
གནས་ལྷོ་བྲག་དབེན་པའི་སྒྲུབ་ཕུག་དེ་ནས།།
ཆོས་རྟེན་འབྲེལ་སྐུད་པ་རིང་དུ་བརྐྱངས་ཏེ།།
དོན་སྟོང་ཉིད་ལྟ་བའི་གཤིས་ལུགས་རྟོགས་པའི།།
རི་ལྷིང་འཇགས་ཁྲོད་ཀྱི་རྒྱལ་བ་དྲན་ནོ།།
ནང་རྟོགས་པའི་རྩལ་ཆེན་དགོངས་པ་རང་ཤར།།
ཆོས་རྒྱུ་འབྲས་རྣལ་མ་མིག་ལྟར་སྲུང་མཁན།།
ཟས་སྦྲང་དཀར་རྩམ་པས་དབུགས་རྒྱུན་གསོ་མཁན།།
དོན་ཉམས་ལེན་ཅན་གྱི་སློབ་དཔོན་མཁྱེན་ནོ།།
ཆུང་མཛེས་སེ་གཏན་དུ་བྲལ་བར་བྱས་ཀྱང་།།
ནང་དུངས་སེམས་གཙང་མ་ཆུ་ལ་མ་བསྐུར།།
ཆོས་ཀུན་རྫོབ་གཏམ་གྱི་གནས་ལ་གཞོལ་ཏེ།།
ལྷ་ཤཱཀྱ་དཔའ་བོའི་རྗེས་སུ་འཇུག་གོ།