ལོ་རིམ་ལྔ་པའི་སློབ་གཉེར་བ། ཤེས་རབ་རྒྱལ་མཚན།
ད་བར་གནས་སྟངས་འདིའི་ཐད་ལ་བསམ་གཞིག་བྱེད་མ་མྱོང་མཁན་ནི་ང་གཅིག་པུ་ཙམ་ག་ལ་ཡིན་ཏེ། ང་དང་ང་འདྲ་བའི་མི་བུ་འཚེར་མེད་མང་པོ་ཞིག་ནི་དཀའ་ཚེགས་ཆུང་ངུའི་ཐོག་ནས་མཇུག་འབྲས་ཆེན་པོ་ལ་རེ་བ་རྒྱག་སྡོད་མཁན་ཤ་སྟག་ཡིན་འདུག་པས། ད་ལྟ་ང་ཚོ་སློབ་གླིང་སྐྱིད་པོ་འདིའི་ནང་རིན་མེད་ཀྱི་འཚོ་རྟེན་འབའ་ཞིག་ལ་བརྟེན་ནས་སྐྱིད་སྐྱིད་འདྲ་ཞིག་ཡོད་ན་ཡང་། ཕུགས་འདུན་ལ་བསམ་བློ་ཅི་ཡང་མ་བཏང་བར་ད་ལྟའི་གནས་བབ་རྐྱང་པ་ལ་མགོ་འཁོར་བསྡད་ན་མ་འོངས་པར་སློབ་གླིང་འདི་ནས་ཅི་ཡང་མེད་པར་སྟོང་ལོག་ཏུ་འགྲོ་དགོས་འབྱུང་བའི་ཉེན་ཁ་ཆེ་བས། ང་ཚོས་སྔ་ས་ནས་གྲ་སྒྲིག་ཨང་གསར་ཐོག་གོ་སྐབས་དམ་འཛིན་བྱེད་པའི་དུས་ལ་བབས་འདུག
༸སྐྱབས་རྗེ་རིན་པོ་ཆེ་ཡི་བཀའ་དྲིན་ལ་སོམས།
ད་ལྟ་ང་ཚོ་ཡར་འགྲོ་མར་འགྲོའི་ས་མཚམས་དང་རྟ་ཁ་སྲབ་ཀྱིས་སྒྱུར་མཚམས་ན་ཡོད་པས་གོམ་ཁ་བཟང་ངན་གང་གི་ཕྱོགས་སུ་སྒྱུར་འདོད་ཀྱང་སྒྱུར་ཆོག་ཆོག་ཡིན་གཤིས་རྦད་དེ་ཕྱི་དྲགས་མེད།
སེམས་ཤུགས་མ་ཆག་པར་གོམ་ཁ་མདུན་ནས་མདུན་དུ་བཟང་ཕྱོགས་སུ་བསྒྱུར་ན་ཅི་འདྲའི་དགའ་བ་ལ་ཨང་། དེ་ཡང་ང་ཚོ་སློབ་འབངས་ཡོངས་ཀྱི་དཔྲལ་བའི་མིག་དང་། ཁོག་པའི་སྙིང་སྟེ་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་གང་ཉིད་ཀྱིས་མི་ལོ་བཅུ་ཕྲག་དུ་མའི་སྔ་རོལ་ནས་སྐུ་ངལ་འོ་བརྒྱལ་ཚད་མེད་གནང་བའི་ཉེར་ལེན་ལ་བརྟེན་ནས། ད་ལྟ་ང་ཚོའི་མིག་གིས་བལྟས་ན་རིག་རྒྱུ་ཡོད་ཅིང་། རྣ་བས་མཉན་ན་གོ་རྒྱུ་ཡོད་པ། སྣ་ཡིས་མནམས་ན་བསུང་ཞིམ་ཐུལ་བ། ལྕེ་ཡིས་མྱངས་ན་རོ་མཆོག་བྲོ་བ། ལག་པས་བཀྱག་ན་ལྗིད་ཁོག་ཆེ་བ་ཞིག ང་ཚོ་ཀུན་ཀྱི་སྤྱོད་ཡུལ་ན་ཡོད་པའི་ཆོས་སྡེ་ཆེན་པོ་འདིའི་ནང་ཟས་གོས་གནས་མལ་སོགས་འཚོ་བའི་རྟེན་དང་། སློབ་ཡོན་སོགས་སློབ་ཕྲུག་རང་སྒེར་ནས་གཏོང་མི་དགོས་པར། ༸སྐྱབས་རྗེ་དམ་པ་གང་ཉིད་ཀྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་དུས་རྟག་ཏུ་ཟ་ཆོག་ཆོག་དང་། འཐུང་ཆོག་ཆོག སྡོད་ཆོག་ཆོག་ཏུ་ཡོད་པར་མ་ཟད། ཁྱད་པར་དུ་མ་ཡུམ་སློབ་གླིང་འདིའི་ནང་འདི་ཕྱི་གཉིས་ཀའི་འཚོ་བའི་དགོས་མཁོ་དང་མཐུན་པའི་གནའ་དེང་གི་ཤེས་ཡོན་གང་ཞིག་སྦྱོང་འདོད་ཀྱང་། རྒྱ་མཚོ་ཆེན་པོའི་ནང་ན་རང་གི་དགོས་འདོད་སྩོལ་བའི་རིན་ཆེན་ནོར་བུའི་རིགས་འདྲ་མིན་སྣ་ཚོགས་ཇི་སྙེད་ཅིག་ཡོད་པ་དང་ཕྱོགས་ཀུན་ནས་མཚུངས་ཤིང་། དེ་དག་ཀྱང་མི་ཚེ་ཕུད་ཐབས་ཙམ་མ་ཡིན་པར་དུས་ཡུན་ཐུང་ངུའི་ནང་དུ་སྦྱོང་ཆོག་པའི་ཁྱད་ཆོས་གཞན་ལས་འཕགས་པ་དང་། བློ་འབྱེད་དགེ་བའི་བཤེས་གཉེན་རྣམ་པ་ཡང་འུ་ཅག་གི་རྩ་བའི་བླ་མ་གང་ལ་ཤེས་ནས་དད་པ་ཐོབ་པ་རྐྱང་རྐྱང་ཡིན་སྟབས། རང་ཉིད་ལ་གོ་ས་དང་རྒྱུ་དཔལ་འབྱོར་འཐོབ་ཆེད་དུ་སློབ་ཕྲུག་གི་མདུན་ལམ་འཕྲོ་བརླག་ཏུ་མི་གཏོང་ཞིང་། གྲུབ་དབང་བླ་མའི་ཐུགས་ཀྱི་བཞེད་དགོངས་གཞིར་བཟུང་ནས་སློབ་ཕྲུག་གི་དོན་དུ་ལོ་ནས་ལོ་མཐུད་དེ་སྐུ་ངལ་གནང་བཞིན་པ་བཅས་ནི་ཚང་མས་མཐོང་མཐོང་རིག་རིག་རེད།
ང་དང་ཁྱེད་ཚོའི་མིག་བར་ན་ལུས་པའི་གྱོང་གུད།
དེ་ལྟ་ནའང་། ཐག་ཉེ་ན་མིག་གིས་ཟི་མ་མི་མཐོང་། ཟེར་བའི་དཔེ་ལྟར་ང་དང་ང་འདྲ་བའི་མི་བུ་ཚོར་མེད་མང་པོ་ཞིག་སློབ་གླིང་འདིར་སླེབས་ཀྱང་ཟ་ཉལ་དང་རྩེད་མོ་རྐྱང་རྐྱང་གིས། གསེར་ལས་ལྷག་པའི་དུས་ཚོད་ཡོད་ཚད་གྲོན་དང་གྲོན་བཞིན་པ་འདི་ང་དང་ཁྱེད་ཚོའི་མིག་བར་ན་ལུས་པའི་གྱོང་གུད་ཆེན་པོ་ཞིག་རེད། གྱོང་གུད་དེ་ཡང་གཞན་སུ་དང་གང་ལ་ཁག་དཀྲི་ས་མེད་པར་སོ་སོས་སོ་སོ་ལ་བསམ་བཞིན་དུ་བྱས་པའི་ཇུས་ངན་གནག་པོ་ཞིག་རེད་མི་འདུག་གམ། རང་གིས་རང་ལ་དྲིས་དང་། ང་ཚོ་སློབ་གླིང་འདིར་སླེབས་ནས་ལོ་ངོ་ག་ཚོད་ཕྱིན་འདུག ད་ལྟ་ཕ་མ་དང་ཕ་ཡུལ་གང་དུ་ཡོད། དགོན་པ་འདིར་ཡོང་སྐབས་ཕ་མ་དང་གཉེན་འཁོར་དག་གིས་ཁ་བརྡ་ཅི་ཞིག་གནང་བྱུང་། ང་ཚོ་དང་ལོ་ཚད་མཉམ་པའི་ན་ཟླ་དང་སློབ་གྲོགས། དུས་རྒྱུན་རང་དང་མཉམ་དུ་འགྲོགས་པའི་གྲོགས་པོ་རྣམས་ད་ལྟ་ང་ཚོ་དང་གཅིག་མཚུངས་རེད་འདུག་གམ། ཁོང་ཚོ་དང་ང་ཚོ་སློབ་གླིང་གཅིག་ཏུ་འཚོ་ཞིང་འབྲས་དང་དཱ་ལི་གཅིག་པ་ཟ་བཞིིན་ཡོད་ན་ཡང་། ང་ཚོའི་མིག་བར་ན་ལུས་པའི་བྱ་གཞག་མང་དག་ཅིག་ཁོང་ཚོས་བསྒྲུབས་དང་སྒྲུབ་བཞིན་འདུག་ན་ཁོང་དང་ང་ཚོའི་བར་ལ་ཁྱད་པར་གང་ནས་ཤོར་འདུག་རྒྱུ་མཚན་འཚོལ་མྱོང་ངམ།
དྲི་བ་དེ་ལ་ལན་འདི་འདྲ་འདེབས་མཁན་མང་པོ་ཡོད། “དེ་དག་ང་ཚོས་ག་བ་བྱེད་ཐུབ། ང་ཚོ་རིག་པ་སྐྱོ་པོ་རེད། ཁོང་ཚོ་རིག་པ་ཡག་པོ་ཡོད་པའི་སྒང་ལ་ཉིན་མཚན་མེད་པར་སྦྱོང་གི་འདུག དེ་འདྲ་སྦྱངས་ན་མཁས་པ་ལོས་ཆགས།”
ཨ་ཙི་་་་་། དེ་འདྲ་ཡིན་ན་ང་ཚོས་ཀྱང་ཉིན་མཚན་མེད་པར་ཅིའི་ཕྱིར་མི་སྦྱོང་བ་ཡིན་ནམ། བསམ་བཞིན་དུ་རང་གིས་རང་ལ་མཐོང་ཆུང་དང་བརྙས་བཅོས་བྱེད་ཕོད་དམ། མི་གཞན་དག་ཅིག་གིས་ཁྱོད་ལ་རིག་པ་མི་འདུག ཁྱོད་ལ་བརྩོན་འགྲུས་མི་འདུག ཁྱོད་ལ་འཇོན་ཐང་མི་འདུག་ཟེར་ནས་བརྙས་བཅོས་དང་མཐོང་ཆུང་གི་སྐད་ཆས་ཕོག་གི་ཡོད་ན། དེ་བས་ཀྱང་རང་ལ་རང་གིས་བརྙས་བཅོས་དང་མཐོང་ཆུང་གཏོང་ཕོད་དམ།
རིག་པ་ཡག་སྡུག་ཅི་བཟོ་སོ་སོ་ལ་རང་དབང་ཡོད།
རིག་པ་ཡག་སྡུག་ཟེར་བ་ཡང་། རིག་པ་ནི་ཤེས་བྱ་གང་ལ་ཡང་སྦྱོང་བཞིན་སྦྱོང་བཞིན་གོམས་འགྲོ་བ་ཡིན་གཤིས་རིག་པ་ཡག་སྡུག་ཅི་བཟོ་སོ་སོ་ལ་རང་དབང་ཡོད། མི་ཕལ་ཆེ་བ་སྐྱེས་མ་ཐག་ནས་ཤེས་བྱ་གང་ལ་ཡང་ཐོགས་རྡུགས་མེད་པར་འཇུག་ཐུབ་མཁན་སུ་ཡང་མེད། སློབ་སྦྱོང་ཅི་འདྲ་ཞིག་ཡིན་རུང་དེ་ལ་སྦྱངས་ནས་གོམས་གཤིས་ཆགས་ཚེ་སུས་ཀྱང་མ་བསྐུལ་བར་དགའ་བཞིན་སྤྲོ་བཞིན་ངང་གིས་འཇུག་འགྲོ་བ་ལས་དཀའ་ཚེགས་གང་ཡང་མི་ཚོར། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཀྱང་། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པའི་ལེགས་བཤད་ཟབ་མོ་དེ་ཡང་དོན་འདིའི་རིགས་ལ་དགོངས་ནས་གསུངས་པ་ང་ཚོས་ཉམས་མྱོང་གི་ཐོག་ནས་ཤེས་ཐུབ་སྟེ། དཔེར་ན། དང་པོ་ཉིད་ནས་མི་རྣམས་ཁ་ལག་ཀྱང་ཟ་མི་ཤེས་ལ། རིམ་བཞིན་ཉིན་རེའི་འཚོ་བའི་ཁྲོད་དུ་རྟག་པར་ཁ་ལག་ཟ་བར་གོམས་འདྲིས་ཆགས་ནས་ཁ་ལག་ཟ་ཤེས་པ་ནི་ལས་སླ་ཤོས་གྲས་སུ་ཆགས་པ་རེད། དེ་བཞིན་དུ་སློབ་སྦྱོང་གཞན་རྣམས་ལ་ཡང་བརྩོན་པ་མུ་མཐུད་དུ་བསྐྱེད་དེ་སྦྱངས་ན་སྦྱོང་བཞིན་སྦྱོང་བཞིན་གོམས་འདྲིས་ཐེབས་འགྲོ་བ་ནི་དངོས་ཡོད་ཡིན་པ་གོང་གི་དཔེ་མཚོན་དེས་ཀྱང་ང་ཚོར་ར་སྤྲོད་བྱས་ཡོད་པར་མ་ཟད། སྦྱངས་ན་མི་ཤེས་པའི་ཤེས་བྱ་ཞིག་འཇིག་རྟེན་ན་མི་སྲིད་པ་མཁས་པའི་ལེགས་བཤད་དག་ལས་ཤེས་ཐུབ་པའི་ཕྱིར་རོ།།
གོམས་གཤིས་ཇི་ལྟར་བཟོ་དགོས།
གོང་དུ་བཤད་པ་ལྟར་སློབ་སྦྱོང་གང་དང་གང་གི་ཐོག་ལ་ཡང་རིག་པ་མྱུར་དུ་སྒྲིམ་ཐུབ་པ་ལ་གོམས་གཤིས་ལེགས་པོ་ཆགས་དགོས་ལ། འོ་ན་གོམས་གཤིས་ལེགས་པོ་ཇི་ལྟར་བཟོ་ཞེ་ན། དེ་ཡང་སོ་སོ་ལ་དབང་ཆ་ཡོད་པ་ཞིག་ལས་ང་ཚོས་བྱེད་མི་ནུས་པའི་ལས་ཀ་ཞིག་གཏན་ནས་མ་རེད། གཙོ་བོ་ནི་བྱ་བ་ཆེ་ཆུང་ཅི་ཞིག་བརྩམས་རུང་ཕུགས་བསམ་བརྟན་པོའམ་དམིགས་ཡུལ་ངེས་ཅན་གྱི་ལམ་ནས་དམ་བཅའ་དང་ཆོད་སེམས་བརྟན་པོས་བྱ་བ་དེ་འགོ་བཙུགས་ནས་མཇུག་མ་འཁྱོངས་བར་རྒྱུན་སྐྱོང་བྱ་རྒྱུ་ནི་གནད་ཀྱི་དོན་པོ་ཡིན། ཕུགས་བསམ་མེད་པའི་ཅོལ་ཆུང་བ་ཚོ་ནི་བྱ་བ་གང་ཞིག་འགོ་བརྩམས་རུང་ཨ་གསར་གྱི་སྒོ་ནས་ཐེངས་རེ་གཉིས་ཙམ་གྱིས་འཐུས་པར་བྱེད་ལ། སྐབས་ཐོག་གི་ལས་དོན་མཇུག་མ་འཁྱོངས་པའི་སྔོན་ནས་ལས་ཀ་གཞན་ཞིག་འཚོལ་བར་བྲེལ། ཕུགས་བསམ་མེད་པར་ཨ་གསར་གྱི་ལས་ཀ་ལས་ཕྱོགས་དེའི་རིགས་ཀྱིས་ནི་གོམས་གཤིས་ཆགས་པ་ཕར་ཟད་ཚོད་ལྟ་བྱས་པའི་དོན་གོ་ཡང་ཆོད་མི་ཆོད་ཐེ་ཚོམ་རེད།
དེར་བརྟེན། གོམས་གཤིས་འཇོག་པ་ལ་ཅིས་ཀྱང་རྒྱུན་སྐྱོང་དགོས་པ་གནད་འགག་ཡིན་ཏེ། ལས་དོན་ཆེ་ཆུང་ལ་དཔགས་ནས་དུས་ཚོད་མང་ཉུང་བགོ་བཤའ་རྒྱག་དགོས་ཤིང་། དེ་ཡང་ཉིན་ཞག་ཁ་ཤས་ཙམ་གྱིས་ག་ལ་ཆོག་སྟེ་དམིགས་ཡུལ་ངེས་ཅན་གྱི་ཐོག་ནས་སྤྲོ་སྤོབས་དང་ཚོར་བ་དྲག་པོས་བདུན་ཕྲག་ནས་བདུན་ཕྲག ཟླ་བ་ནས་ཟླ་བ། ལོ་ནས་ལོ་མཐུད་དེ་འབད་རྩོལ་བྱས་ན་གོམས་གཤིས་ཐེབས་ངེས་ཅན་ཡིན་པར་མ་ཟད། དེའི་བརྒྱུད་ནས་ཉམས་མྱོང་ངམ། གདེང་ཚོད། གྲུབ་འབྲས་བཅས་འབུར་དུ་ཐོན་འོང་བ་ཡིན།
ཆོས་དང་འཇིག་རྟེན་གྱི་སློབ་སྦྱོང་ཅི་ལྟ་བུ་ཞིག་ལ་མཚོན་ནའང་དེ་ཤེས་བྱེད་ཀྱི་ཐབས་ལམ་རེ་ཡོད་པ་ནི་དངོས་ཡོད་ཡིན་པས། མཐའ་གཅིག་ཏུ་ངལ་བ་ཁོ་ན་ལ་བརྟེན་ནས་སྡུག་སྣང་དང་དཔའ་ཞུམ་དགོས་དོན་ལར་ནས་མི་འདུག གཞི་རྩ་ནི་བརྩོན་འགྲུས་ཡིན་ཞིང་དེའི་སྒང་ལ་ཐབས་ལམ་རྣམ་པ་སྣ་ཚོགས་སྤྱོད་ཆོག ཐབས་ལམ་དེ་ཡང་དང་པོ་རང་ནས་ང་ཚོར་ཡོད་བསྡད་པ་ཞིག་མིན་ནའང་། སོ་སོས་སློབ་སྦྱོང་སྦྱངས་པའི་བརྒྱུད་རིམ་ནང་ཉམས་མྱོང་བསགས་པའི་ཁྲོད་ནས་ཐབས་ལམ་རྣམ་པ་སྣ་ཚོགས་གདམ་གསེས་བརྒྱབས་ཏེ་བཀོལ་སྤྱོད་བྱེད་རུང་ལ། གཞན་ཡང་ཤེས་བྱ་རིག་པའི་གནས་ལ་རྒྱུས་མངའ་དང་ཉམས་མྱོང་ཟབ་པའི་མཁས་པའི་ལེགས་བཤད་ཁག་ཏུ་ཐབས་ལམ་ཇི་སྙེད་ཅིག་ཡོད་པ་རྣམས་ང་ཚོས་བེད་སྤྱོད་གཏུག་འོས་སོ།།
ནོར་བུའི་གླིང་ནས་སྟོང་ལོག་མ་ཕེབས་རོགས།
ད་ནི་“ཞོ་བརྒྱ་དཀྲོགས་སྙིང་པོ་མར། གཏམ་བརྒྱ་བཤད་སྙིང་པོ་དོན་”ཞེས་པའི་དཔེ་ལྟར། འདི་ནས་སྐད་ཆའི་སྙིང་པོ་ཡང་སྙིང་མདོར་བསྡུས་ཏེ་སྨྲས་ན། གནའ་ནས་ད་བར་ལོ་ངོ་དུ་མའི་རིང་ལ་མཁས་པའི་དབང་པོ་གྲངས་མེད་ཅིག་སྐྱེད་སྲིང་བྱེད་སའི་མ་ཡུམ་སློབ་གླིང་ཆེན་པོ་འདི་ཡི་ནང་དུ་གོམ་སྟབས་བསྒྱུར་ནས་བཟུང་། རྒྱུ་དཔལ་འབྱོར་དང་། དཔའ་དཔུང་ཤུགས། ཐོབ་གོ་ས། མཚན་སྙན་གྲགས་སོགས་ཡོད་ཚད་གང་པོ་གཅིག་ཏུ་སྤུངས་ཏེ་ཉོས་ནའང་ཁུག་ཏུ་མེད་པའི་རིན་ཐང་ཅན་གྱི་ཤེས་ཡོན་གཅིག་པུ་དེ་མ་ཡུམ་སློབ་གླིང་ཆེན་མོ་འདིའི་ནང་ན་ཡོད་པ་ཤེས་དགོས་ལ། ཤེས་ནས་ཀྱང་ཤེས་ཡོན་དེ་ཁོ་ན་དམིགས་ཡུལ་གཙོ་བོ་རུ་བཞག་ནས་གནས་སྐབས་ཀྱི་བསམ་བློ་ཆུང་ཙག་རེ་ལ་དོ་སྣང་སྤྲོད་རིན་མེད་པ་ཧ་གོ་དགོས་པ་ནི་གནད་དོན་ཞིག་སྟེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། ཆུང་ངུའི་ཕྱིར་ན་ཆེ་མི་གཏོང་། །གསུངས་པའི་གདམས་ངག་འདི་རྣམས་“ཁ་བཤད་ཆུ་ཡི་ལྦུ་བ་”རུ་མ་སོང་བར་དངོས་ཡོད་འཚོ་བའི་ཁྲོད་དུ་ཁ་ཡོད་ལག་ཡོད་ཀྱིས་བེད་སྤྱོད་བཏང་ནས་“ལག་ལེན་གསེར་གྱི་ཐིགས་པ་”ལོན་པ་བྱ་དགོས།
རྒྱུ་མཚན་དེའི་ཕྱིར་ན། ང་ཚོ་ཚང་མས་ཤེས་རིག་གི་ནོར་བུས་གཏམས་པའི་སློབ་གླིང་རྒྱ་མཚོ་ཆེན་པོ་འདིའི་ནང་ནས་སྟོང་ལོག་ཏུ་མི་འགྲོ་བར་ཤེས་ཡོན་གྱི་ནོར་བུ་གང་མང་ཅི་འདོད་དུ་ཁུར་ཏེ། རང་ཉིད་ཙམ་མ་ཟད་ཕ་མ་དང་ཕ་ཡུལ། གྲོང་ཁྱེར་དང་། རྒྱལ་ཁབ་སྟེ། རྨོངས་མུན་གྱི་སྦུབས་སུ་འཐུམ་པའི་འུ་ཚང་གི་མི་རིགས་ལ་ཤེས་རིག་གི་ནོར་བུས་འོད་སྣང་སྤྲོས་ནས་རྨོངས་མུན་གྱི་སྦུབས་ནས་འདོན་དགོས་པས་ན། ང་ཚོས་ཅིས་ཀྱང་ནོར་བུའི་གླིང་འདི་ནས་སྟོང་ལོག་ཏུ་མི་འགྲོ་བའི་དམ་བཅའ་དང་ཆོད་སེམས་བརྟན་པོས་གོ་སྐབས་ལག་ནང་ནས་མ་ཤོར་བའི་སྔོན་དུ་ལེ་ལོ་དང་རྣམ་གཡེང་རྡོག་པས་བརྫིས་ཏེ་ཤེས་ཡོན་ལ་ད་ལྟ་རང་ནས་བརྩོན་དགོས་པར་འདུག་གོ།