ལོ་རིམ་ལྔ་པའི་སློབ་གཉེར་བ། ཕུར་པ།
དང་པོ།
བྲག་རྡོ་དང་བྲ་མ་ལྡན་ཅིང་དབུ་ཐོད་དུ་ཉི་མས་བཞུ་མ་ཐུབ་པའི་ཁ་བའི་འཁྱག་རོམ་ཐར་ཐོར་རེ་ཆགས་ཡོད་པའི་ལ་ཆེན་རི་བོ་ཆེ་ནི་སྨུག་པའི་སེང་རས་ཁྲོད། བྱང་གི་ཕྱོགས་སུ་འཕྲེད་ཉལ་དུ་འགྱིངས་ནས་འཇམ་ཐིང་ངེར་གནས་ཡོད། རི་བོ་དེ་ཡི་འདབས་ཤོད་དུ་རི་རྡོག་རྡོག་ཅིག་གི་སྒང་ལ་ལག་པའི་སྤར་མོ་ལྟ་བུའི་གཤོངས་ཆུང་ངུ་ཞིག་ཡོད་པའི་ཁུད་དུ། གནའ་བོའི་དགོན་ཆུང་རྙིང་པ་ཞིག་བག་ཕེབས་ཤིང་ལྷིང་འཇགས་སེ་མཆིས། དགོན་པ་དེའི་མདུན་འཁྲིས་སུ། གྲལ་ཕྲེང་གཅིག་ཏུ་བསྒྲིགས་པའི་མཆོད་རྟེན་སྐྱ་བོ་མི་ཉུང་བ་ཞིག་ཀྱང་ཁྲིག་ཁྲིག་གེར་ཡོད། ད་ལྟ་ལོ་ན་བཅུ་གསུམ་ལོན་མ་ཐག་པའི་བྱིས་ཆུང་ཞིག་སྒང་གཤོངས་ཆུང་ངུ་དེའི་ལུང་མདོ་ན་ཡོད་པའི་ཆུ་མིག་ལས། འགྱིག་གི་དམ་བེའི་ནང་ཆུ་ཞིག་ཁུར་ཏེ་གྲལ་ཕྲེང་གཅིག་ཏུ་བསྒྲིགས་པའི་མཆོད་རྟེན་དེའི་ཐད་དུ་སྐྱོད་བཞིན་མཆིས། མཆོད་རྟེན་གྱི་གམ་དུ་ཡོད་པའི་ནམ་རྒྱུན་ལབ་གླེང་བྱེད་ས་དང་ངལ་གསོ་སའི་དེའུ་འབུར་རྩར་སླེབས་པ་ན། ལོབས་ཕྱོགས་ཀྱི་དབང་གིས་སྒལ་པར་ཁུར་ཡོད་པའི་ཆུ་ཡི་དམ་བེ་དེ། དེའུ་འབུར་སྒང་དུ་ཕབ་སྟེ་སྒང་གཤོངས་ཆུང་ངུ་དེ་ཡི་མདུན་འཁྲིས་སུ་ཡོད་པའི་པདྨ་སྤུངས་ཀྱི་རི་འདབས་ནས། མས་ཕྱོགས་ལྟག་མདོ་སྡེ་པའི་གྲོང་ཚོར་འཐེན་པའི་གྱ་གྱུའི་བགྲོད་ལམ་ཕྱོགས་སུ་དེ་རིང་ཡང་རྒྱང་ལ་ཅེར་ཏེ་འགྲེངས་འདུག
བྱིས་ཆུང་དེ་ཡི་ལུས་ལ་ཕྱུ་པ་དམར་སྨུག་ཅིག་གྱོན་ཅིང་རྐང་པ་ལ་མདུན་དུ་ལྗང་ཁུ་དང་དམར་ཐིག་ཅུང་ཙམ་ཡོད་པ་བལ་གྱིས་བཟོས་པའི་རས་ཟོམ་སྨུག་ནག་ཅིག་གྱོན་ཡོད། མ་ཟད་ཕྱུ་པ་དེ་ཡི་ཕུ་ཐུང་ནས་བསྲིངས་པའི་ལག་གཡས་ཀྱི་རྒྱབ་ཚིགས་དག་ན་སྣབས་རྟུག་གིས་བརླན་པའི་དྲེག་པ་མཐུག་པོ་ཞིག་ནག་ནོག་གེར་ཆགས་ཡོད། དེ་ནི་ཁོ་ཡི་སྣ་ཁུང་ནས་རྫོགས་རྒྱུ་མེད་པའི་སྣབས་ཆུ་སེར་པོ་ཞིག་རྒྱུན་དུ་ལུད་པ་དེ་ལག་རྒྱབ་ཀྱིས་སྣ་ཟུར་ལ་རྡར་ཐེངས་གཅིག་གིས་ཡང་ཡང་ཕྱིས་པ་ལས་བྱུང་བ་ཡིན། བྱིས་ཆུང་དེ་ཡིས་རེ་བས་ཁེངས་པའི་མིག་ཟུང་གིས་རི་འདབས་ན་ཡོད་པའི་བགྲོད་ལམ་དེའི་ཕྱོགས་སུ་རྒྱང་ལྟ་བྱེད་པ་ནི་དེ་རིང་ཙམ་ག་ལ་ཡིན། སྟོན་གསུམ་གྱི་ལྷགས་རླུང་དང་དགུན་གསུམ་གྱི་གྲང་རླུང་ཁྲོད་ཁོའི་ལུས་ཟུངས་འདར་གསིག་ཐེབས་ཏེ་ཟླ་བ་དྲུག་ཕྱིན་ཀྱང་། ཁོའི་རེ་བས་ཁེངས་པའི་མིག་ཟུང་ལས་ད་དུང་ཡང་རྒྱང་ལྟ་བྱེད་མཚམས་ཆད་མེད། མི་ཞིག་ལ་ཟླ་བ་དྲུག་ནི་དུས་ཡུན་ཐུང་ངུ་ཞིག་ཡིན་སྲིད་ཀྱང་། ཁོ་ལ་མཚོན་ན་ཟླ་བ་དྲུག་ནི་སྐྱེས་ནས་ད་ལྟའི་བར་དུས་ཡུན་རིང་ཤོས་དང་བགྲོད་དཀའ་ཤོས་མ་ཟད། ཟླ་བ་དྲུག་ནི་ལོ་དྲུག་ཕུད་པའི་སྣང་བ་བྱུང་ཡོད། མ་གཞི་བྱིས་ཆུང་དེས་སྐྱ་ཐ་རེ་ཡོད་པའི་བགྲོད་ལམ་དེའི་ཕྱོགས་སུ་ཡང་ནས་བསྐྱར་དུ་རྒྱང་ལྟ་བྱེད་པ་ནི། བགྲོད་ལམ་དེ་ནས་སྒ་སྲབ་སྤྲས་པའི་རྟ་ཕོ་ཞིག་ཁྲིད་དེ་ཨ་མས་ཁོ་རང་ལེན་དུ་ཡོང་བར་རེ་བས་ངང་སྒུག་བྱེད་པ་ཡིན། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ། ཡུན་ཇི་ཙམ་བསྒུགས་རུང་བགྲོད་ལམ་དེ་ནས་མི་གཅིག་ཀྱང་རིག་རྒྱུ་མེད་པར་སྟོང་སང་ངེ་དང་སྐྱ་ཐལ་ལེར་ཡིན། ཁོ་ཡི་མིག་ཟུང་གིས་བགྲོད་ལམ་ནས་དེད་དེ་ལམ་དེའི་མཇུག་ཐོགས་སུ་ཆགས་པའི་ལྟག་མདོ་སྡེ་པའི་གྲོང་ཚོར་ལྟ་དུས། གྲོང་ཚོ་དེ་ནི་དེ་བས་ཀྱང་ཁུ་སིམ་ཞིང་གྲགས་འགུལ་ཅི་ཡང་མེད་པར་ལྷིང་འཇགས་སེ་འདུག དེ་མུར་སེམས་ལ་སྨྲ་མི་ཤེས་པའི་ཚོར་འདུ་སྐྱེན་པོ་ཞིག་གིས་རེ་བས་ཁེངས་པའི་མིག་ཟུང་ལ་མཆི་ཞག་འཁོར་བས་གྲོང་ཚོ་དེ་ཡང་མི་མཐོང་བར་གྱུར། རིམ་གྱིས་ཁོ་ནི་འདང་རྒྱག་ནང་དུ་ལྷུང་། མ་གཞི་བྱིས་ཆུང་དེ་ནི་ལྟག་མདོ་གྲོང་ཚོའི་ཨ་ཁུ་དབང་རྒྱལ་ཚང་གི་བུ་ཆོས་བཟང་ཡིན་ལ། ཁོ་ནི་གྲོང་ཚོ་དང་ཅུང་ཁ་ཐག་རིང་ས་ཞིག་ལ་ཆོས་སློབ་ཏུ་བརྫངས་ནས་ཡོད།
གཉིས་པ།
ལྟག་མདོ་གྲོང་ཚོའི་ཡུལ་ལྗོངས་ནི་ཅུང་ནར་མོ་ཡིན་པའི་གཡུ་ཡི་གཞོང་པ་ཆེན་པོ་ཞིག་དང་འདྲ་བར་མཐའ་ནས་གཡའ་རི་དང་སྤང་རི་མུ་འབྲེལ་གྱི་ཚུལ་དུ་བསྐོར་ཅིང་དཀྱིལ་ནས་དར་དཀར་རིང་པོ་ཞིག་བརྐྱངས་པ་ལྟ་བུའི་གཙང་ཆུ་ནར་མོ་ཞིག་རླབས་ཀྱི་འགྲོས་དང་བསྟུན་ལྦུ་བ་གནམ་དུ་འཐོར་ཞིང་ཤག་སྒྲ་དང་བཅས་མདུན་ནས་མདུན་དུ་བཞུར་གྱིན་མཆིས། གཙང་ཆུ་དེའི་ཕར་ཁ་དང་ཚུར་ཁའི་རི་སུལ་དག་ན་ལྟག་མདོ་སྡེ་པའི་གྲོང་ཚོ་ནི་ཚོ་ཚོ་རུ་གྱེས་ནས་ལྷིང་འཇགས་སེ་གནས་ཡོད། འོན་ཀྱང་ཨ་ཁུ་དབང་རྒྱལ་ཚང་གི་ཁྱིམ་གཞིས་ནས་རྔ་ཡི་དིང་སྒྲ་ཞིག་“དིང་དིང་……”ཞེས་གྲག་འོང་། དེ་ནི་ཅི་འདྲའི་ཡིད་དུ་འོང་བ་དང་སྙན་འཇེབས་ལྡན་པ་ཞིག་ཡིན་ལ་ཉེ་འཁོར་དུ་ཡོད་པའི་ཁྱིམ་མཚེས་ཚང་གི་རྒན་རྒོན་མང་པོ་ཞིག་རྔ་སྒྲ་དེ་ལ་སེམས་པ་བརླན་ནས་བློ་ཁ་ཆོས་སུ་ཁྲིད་དེ་སེམས་ལ་བག་ཆགས་ཀྱང་ཟབ་མོ་ཞིག་བཞག་མྱོང་།
ཨ་ཁུ་དབང་རྒྱལ་ཚང་གི་ཕ་རྒྱུད་ཀྱི་མེས་པོ་ཕལ་ཆེ་བ་ནི་གྲུབ་པ་བརྙེས་པའི་བླ་མ་དང་ཆོས་པ་རྣམ་དག་ཤ་སྟག་བྱུང་མྱོང་ཡོད། དེ་ནི་སྡེ་པ་འདི་ཡི་རྒན་རྒོན་ཚོས་ཆ་ཡོད་རྒྱུས་ཡོད་ཀྱི་ཚུལ་དུ་ནམ་རྒྱུན་གླེང་བཞིན་པ་ཞིག་དང་ཨ་ཁུ་དབང་རྒྱལ་ཁོང་གི་ཕ་རྒན་འདས་པོ་དེས་ཀྱང་ཨ་ཁུ་ཁོང་ལ་ལོ་རྒྱུས་དང་སྦྲགས་ནས་བཤད་མྱོང་། ཕ་རྒན་འདས་པོ་དེ་ཡི་བསམ་པ་ལྟར་ཨ་ཁུ་ཁོང་གིས་ཀྱང་སྔར་བསྙེན་མཚམས་མང་ཙམ་སྡོད་རྩིས་བྱས་ཀྱང་རང་གི་བཟའ་ཟླ་དང་གཉེན་བསྒྲིགས་ནས་བྲེལ་ཟིང་གིས་བསྙེན་མཚམས་ལོ་གསུམ་མ་གཏོགས་བསྡད་ཐུབ་མེད། འོན་ཀྱང་སྡེ་པ་འདི་ཡི་ཡུལ་མི་ཚོས་ཁོང་ཚང་ལ་བླ་མ་བརྒྱུད་པའི་བྱིན་རླབས་ཡོད་ལ་ཨ་ཁུ་ཁོང་ནི་བླ་མའི་བརྒྱུད་འཛིན་ཞིག་ཏུ་བརྩིས་ཏེ་ནམ་ཡང་ཞྭ་མོའི་ཏོག་ལྟར་གཙུག་ཏུ་བཀུར་ནས་ཆོས་པ་ཞིག་ཏུ་རྩི་བཞིན་ཡོད། ཆོས་པ་རྒན་གྲས་དག་ལ་ཨ་ཁུ་ཞེས་པ་ནི་ལུང་པ་འདི་ཡི་འབོད་སྲོལ་ཡིན་པས། ཨ་ཁུ་ཁོང་གི་མིང་ཟུར་དུ་ཡང་དེ་ལྟར་ཐོགས་པ་ཡིན། ཨ་ཁུ་ཁོང་གིས་བསྙེན་མཚམས་ལོ་གསུམ་བསྐྱལ་ནས་བཟུང་ཉིན་གཅིག་ལའང་མཆོད་མེ་དང་སྔ་དགོང་གི་ཚོགས་ཐུན་ཆད་མྱོང་མེད། ཁུ་སིམ་པའི་གྲོང་སྡེ་ལས་ད་ལྟ་“དིང་དིང་”ཞེས་རྔ་སྒྲ་ཞིག་ཕྱོགས་གང་སར་གྲག་པ་དེས་ཨ་ཁུས་དེ་རིང་ཡང་ཞོགས་པའི་ཐུན་གྲོལ་ནས་རི་བོ་བསང་མཆོད་གཏོང་བཞིན་ཡོད་པ་རྟོགས་ཐུབ། བསང་གཏོང་བཞིན་པའི་རྔ་ཡི་དིང་སྒྲ་ལ་རྣ་བ་གཏད་དེ་ནན་གྱིས་མཉན་ན་རྔ་སྒྲ་དེ་ཡི་བར་དང་གསེང་ནས་དབྱངས་སུ་གྱེར་བའི་བྱིས་ཆུང་ཞིག་གི་སྐད་ཀྱང་གསལ་ལ་མི་གསལ་བ་ཞིག་གོ་འོང་། དེ་ནི་གཞན་སུ་ཡང་མིན་པར་ཨ་ཁུ་ཁོང་གི་བུ་ཆོས་བཟང་གིས་“ཀ… ཁ….ག… ”ཞེས་ཀློག་བཞིན་པ་ཡིན། ཨ་ཁུ་ནང་ཚང་གཉིས་ལ་སྔ་གཞུག་ཏུ་བུ་ཕྲུག་རབ་དང་རིམ་པར་མང་པོ་ཞིག་སྐྱེས་ཀྱང་འཆི་བདག་རྒན་པོས་འཕྲང་ལམ་དུ་ཁྲིད་དེ་ཆོས་བཟང་ནི་ལྷག་ལུས་ཀྱི་བུ་ཕྲུག་གཅིག་པུ་དེ་ཡིན་པས་ཨ་ཁུ་ཁོང་གི་རེ་བ་དང་སེམས་འདུན་ཡོད་ཚད་ཆོས་བཟང་ཐོག་ཏུ་བཅངས་ནས་ཡོད།
དང་ཐོག་ཆོས་བཟང་གིས་རས་སེར་དམར་ཅན་གྱི་ཆོས་དཔེ་སྣེ་རིང་དེ་ཚོ་མཐོང་དུས་དེ་ནི་ལྷ་ཁང་དང་མཆོད་ཁང་སོགས་ཀྱི་དཔེ་སྒྲོམ་ནང་དུ་བཤམས་ནས་ཕྱག་མཆོད་འབུལ་བྱེད་ཡུལ་དང་བླ་ཆོས་རྒན་གྲས་དག་གི་འདོན་ཆོག་ཅིག་ཏུ་བསམས་ཏེ་དད་འདུན་སྐྱེ་བ་མ་ཟད། ཆོས་དཔེ་སྣེ་རིང་ལས་ཁོས་དབྱངས་གསལ་གྱི་ཡི་གེ་དེ་དག་ཐེངས་དང་པོར་འདོན་དུས་ཁོ་རང་མི་ཆེན་ཆགས་པའི་སྣང་བ་ཤར་ཞིང་སྤྲོ་སེམས་འཁོལ་བའི་འདུན་པས་འདོན་འདོད་ཀྱི་མེ་ལྕེ་འབར་མྱོང་། ཕྱིས་སུ་ཨ་ཁུས་སྐུལ་འདེད་མཐར་སྐྱེལ་འོག་འདོན་བཞིན་འདོན་བཞིན་ད་ནི་ཁོ་ཡི་གཉིད་སྨན་དུ་གྱུར་པར་མ་ཟད་ཆོས་དཔེ་སྣེ་རིང་དག་མཐོང་བ་དང་སེམས་བྱིང་རྨུགས་ཀྱིས་སུན་སྣང་སྐྱེས་འོང་།
དེ་རིང་ཡང་ཆོས་བཟང་གིས་སྔར་གྱི་ཆོས་དཔེ་སྣེ་རིང་དེ་པང་དུ་བཞག་ནས་འདོན་བཞིན་འདོན་བཞིན་སྒལ་ཚིགས་དང་ཕྲག་པ་ནས་ལྗིད་ཏིག་ཏིག་ཅིག་གིས་མནན་ཞིང་ལུས་སེམས་ཉོབ་ཐིབས་སེ་བྱས་འོང་བས་ཤུགས་རིང་ཞིག་འབྱིན། དེ་འཕྲལ་སྐེ་གཡས་ལ་བཅུས་ནས་བལྟས་པས། སྐྲ་ཡི་ལན་བུ་ཞིག་རྒྱབ་ངོས་ནས་ཐུར་དུ་དཔྱངས་ཤིང་དཔྲལ་ངོས་དང་མིག་མཐའ་ནས་ཤར་ཤུར་དུ་འཁུམས་པའི་གཉེར་རིས་ཅན་གྱི་ཨ་ཁུ་ནི། ཞབས་དཀྱིལ་ཀྲུང་དུ་བཅོས་ཏེ་ཐོག་གི་གདུང་མ་ནས་ཐུར་དུ་དཔྱངས་པའི་རྔ་ཆུང་ལྗང་སྡེར་དེ་ཡི་མདུན་ངོས་སུ། དད་པས་ཚོས་པའི་བཞིན་མདངས་ཤིག་བསྟན་ཏེ། “བྷྲུཾ་རིན་ཆེན་སྣ་ཚོགས་དྭངས་མའི་སྣོད་ཡངས་སུ།།” ཞེས་ནམ་རྒྱུན་གོ་བསྡད་པའི་གདངས་སྙན་དེ་རྔ་ཡི་དིང་སྒྲ་དང་ལྷན་དབྱངས་སུ་གྱེར་གྱིན་གདའ། ཨ་ཁུས་ཆོས་བཟང་གཡེངས་ནས་བསྡད་འདུག་པ་མཐོང་བས་སྡང་མིག་བགྲད་དེ་ཁའི་མཆུ་ཏོ་དང་མགོ་དཔེ་ཆ་ཡི་ཕྱོགས་སུ་བཅུས་པས། ཁོས་ཀྱང་ཧ་གོ་བའི་ཚུལ་གྱིས་དཔེ་ཆ་འདོན་འགོ་བཙུགས། ཡུད་ཙམ་གྱི་རྗེས་སུ་ཆ་ཡོད་རྒྱུས་ཡོད་ཀྱི་སྐད་གཅིག་གིས་“ཨོའེ། ཆོས་བཟང་།”ཞེས་སྒེའུ་ཁུང་ནས་གྲག་འོང་། དེ་ནི་ཉི་མས་ཁོ་ལ་རྩེད་མོ་རྩེ་རུ་ཤོག་ཅེས་བོས་པ་ཡིན། འགྲོ་འདོད་ཀྱི་འདུན་པ་ཤུགས་ཆེར་བསྐྱེད་དེ་འགྲོ་གྲབས་སུ། ཨ་ཁུས་ལམ་སེང་ཡར་ལངས་ཏེ་སྒེའུ་ཁུང་ནས་“ཁོ་ད་ལྟ་ཆོས་འདོན་གྱིན་འདུག་ཁྱོད་རང་རྒྱུགས།” ཞེས་སྨྲས་ནས་ཉི་མ་ཕྱིར་ལོག་བརྫངས་སོང་བས་དགའ་སྤྲོ་སྐྱེས་པའི་འདུན་པ་ལ་ཆུ་ཟོ་བ་གང་བྱོས་པ་ལྟར་གྲང་ཐིང་ཐིང་བཟོས། རང་ཉིད་ཕྱི་ལ་འགྲོ་འདོད་ཀྱང་ཨ་ཁུས་གཏོང་རྩིས་མི་འདུག་པས་ཐབས་ཤེས་ཤིག་བཙལ་ན་མ་གཏོགས་འདི་ནས་ཐར་ཐབས་མེད་པར་བསམས་ནས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བསྐོར་དུས་ཨ་མས་མངགས་བཅོལ་བྱས་པ་དེ་ཡིད་ལ་ཤར་ནས་ལམ་སང་ཨ་ཁུ་ལ། “ད་ནངས་ཨ་མ་ལྕི་བ་འཐུ་རུ་འགྲོ་དུས་ནང་གི་ཆུ་རྫོགས་འདུག་ཆུ་བླངས་ནས་བོར་ཨ་ལབ་བྱུང་། ཆུ་ལེན་དུ་འགྲོ་རྒྱུ་”ཞེས་བརྗོད་པས་ཨ་ཁུས་སྨིན་མཚམས་བསྡུས་ཏེ་“ཨ་ཁ་བྱིས་པ་འདི་ཡིན་ན། ཆོས་སྒྲོག་དུས་ལས་ལ་ཁ་གཡར་འགྲོ་ཡི། ལས་བཀོལ་དུས་རྩེད་མོར་གཡེངས་འགྲོ་ཡི་”ཟེར་ནས་བཞིན་རས་ལས་མ་རུངས་པའི་ཉོབ་སྣང་ཞིག་བསྟན་ཏེ་ཡུད་ཙམ་རྗེས་“ཡ་ཡ་ད་རྒྱུགས་རྒྱུགས་”ཞེས་ལབ་པར་ཁོ་བྲེལ་རྟབ་ཀྱིས་མྱུར་དུ་ཕྱི་ལ་ཤར་གྱིས་བརྒྱུགས་སོང་།
གསུམ་པ།
ཆོས་བཟང་ཕྱི་ལ་འཐོན་དུས་རྟ་བདུན་དབང་པོ་ཤར་རིའི་རྩེ་མོ་ནས་དལ་གྱིས་འཕགས་ཏེ་འོད་སྟོང་འཚེར་བའི་འཛུམ་ཟེར་ཞིག་སེར་ལྷམ་མེར་སྤྲོས་པས། ད་གཟོད་སྙེ་མའི་ཁུར་དུ་དུད་པའི་ས་ཞིང་དག་སེར་པོ་གསེར་ལྟར་སྣང་ཞིང་ཉི་དྲོད་བསིལ་འཇམ་ཞིག་གིས་ཡོངས་སུ་ཁྱབ་འདུག་ལ་གཙང་ཆུའི་ཕར་ཁ་ན་ཡོད་པའི་ཉིན་ཕྱོགས་རི་ལྡེབས་ཀྱི་གཤམ་ནས་ཕྱུགས་རྫི་བས་ཤུ་སྒྲ་དང་བཅས་རས་ཡོལ་ནག་པོ་ཞིག་གིས་འགེབས་པ་ལྟར་དུད་འགྲོ་ཁྱུ་ཞིག་དེད་དེ་ནག་ཡོར་ཡོར་གྱིས་རི་ལ་ཆས་ཀྱིན་པ་དང་། གྲོང་ཚོའི་སྲང་ལམ་ནས་ཕོ་གཞོན་ལ་ལ་ཞིག་གཞོན་རྟ་ཁྲིད་དེ་གང་ཞིག་དུ་སྐྱོད་བཞིན་འདུག་ལ། ཁྱིམ་གཞིས་རེ་རེའི་དུད་ཁུང་ནས་དུ་བ་སྔོ་ལྷོག་ལྷོག་འཕྱུར་བཞིན་པ་དེ་དག་མཐོང་དུས་གྲོང་ཚོ་འདི་ནི་སྔར་བས་ལྷག་པའི་གསོན་ཉམས་དོད་ཅིང་ཡོད་ཚད་གཉིད་ལས་སངས་པ་ལྟར་སྤྲོ་སེང་དོད་པའི་རྣམ་པས་ཁེངས་ཡོད།
ཆོས་བཟང་གཙང་པོའི་འགྲམ་ནས་ཆུ་ལེན་བཞིན་ཡོད། རྒྱབ་ལོགས་ནས་རླུང་ཡན་ལྡོམ་པོ་ཞིག་གྲང་སིར་སིར་དུ་ལྡང་འོང་། ཅུང་ཙམ་རྗེས་རླུང་དང་བསྡེབས་ནས་བྱིས་པ་འགའ་ཡི་དགོད་སྒྲ་དང་ཧབ་ཆ་སྙན་པོ་ཞིག་ཁོའི་རྣ་ལམ་དུ་གྲག དེ་མུར་ཁོས་ཁ་ཕྱིར་འཁོར་ནས་ལྟ་དུས་བྱིས་པ་དེ་དག་ནི་ཁོ་ཚང་གི་ཁང་པའི་འགྲམ་གྱི་སྲང་ལམ་ནས་རྒྱུན་དུ་ཡར་རྒྱུག་མར་འོང་བྱེད་ཀྱིན་པའི་དམར་ཕུ་སྡེ་པའི་བྱིས་པ་ཚོ་རེད་འདུག ཁོང་ཚོ་ནི་དེ་རིང་ཡང་སྲང་ལམ་དེ་ནས་སྔར་དང་འདྲ་བར་དགའ་དགའ་སྤྲོ་སྤྲོའི་ངང་ནས་སློབ་གྲྭར་འགྲོ་བཞིན་འདུག ཁོང་ཚོས་ཁ་དོག་གཅིག་པའི་ཕྱུ་པ་དམར་པོ་ཞིག་ལ་གོང་གཤམ་ནས་རས་སྔོན་པོས་ཐིག་ནར་པོ་འཐེན་པའི་སློབ་གྲྭའི་སྒྲིག་ཆས་སྙིང་རྗེ་པོ་རེ་གྱོན་ཅིང་རྒྱབ་ལ་ཡིད་དུ་འོང་བའི་དཔེ་ཁུག་རེ་རེ་ཁུར་འདུག ནམ་རྒྱུན་ཐལ་མདོག་འགོས་པའི་སྐྲ་ལོ་དང་ངོ་གདོང་དེ་དག་དེ་རིང་སྣུམ་ཞག་དོད་ཅིང་འཛུམ་མདངས་ཤིག་ཤིག་ཏུ་མཆིས། མ་ཟད་ཁོང་ཚོའི་བར་ལ་མཐུན་ཞིང་བརྩེ་བའི་རྩེད་ཆས་དང་ཕར་ཚུར་ཀུ་རེའི་བཞད་གད་སློང་རེས་བྱེད་ཀྱིན་པ་དེ་དག་མཐོང་དུས་ཆོས་བཟང་གི་ཡིད་ཀྱི་བརྟན་པ་དབང་མེད་དུ་ཕྲོགས་སོང་། འོན་ཀྱང་ཁོས་དེ་རིང་ཡང་སྔར་ལྟར་མིག་གིས་སྐྱེལ་མ་བྱེད་པ་ལས་བྱེད་ཐབས་གང་ཡང་མེད་པར་ལུས། ན་ནིང་ད་གཟོད་ཁོས་ཨ་ཁུ་ལ་རང་ཉིད་སློབ་གྲྭར་འགྲོ་འདོད་ཡོད་པའི་འདུན་པ་ཤོད་དུས་ཨ་ཁུས་སྨིན་མཚམས་ཕྱོགས་གཅིག་ཏུ་བསྡུས་ཏེ་མི་འདོད་པའི་རྣམ་འགྱུར་ནག་རོག་གེ་བ་ཞིག་བསྟན་ནས་“འོ་….. ཁྱོད་ཀྱིས་འཇོན་ཡོང་། འདི་ནས་ཡིག་འབྲུ་ཀ་ཁ་འགའ་ཤས་ཤིག་བསླབས་ནའང་ལས་ལ་ཁ་གཡར་ནས་བྲོས་འགྲོ་བ་མ་ཡིན་ནམ་”སྨྲས་ནས་ཁ་རོག་གེར་སྡོད་དགོས་པར་བཟོས། ཡང་ཅུང་ཙམ་རྗེས་ཅི་ཞིག་དྲན་གསོས་པའི་ཚུལ་གྱིས་“འོ་རེད། ལོ་རྗེས་མར་ཁྱོད་རང་བླ་མ་འཆི་མེད་རྩར་ཆོས་སློབ་ཏུ་རྫོང་ཆོག་ད་ལྟ་ནས་ཀ་ཁ་དེ་ཚོ་ལ་དོ་སྣང་བྱོས། གཞན་སློབ་གྲྭ་འདྲ་ངས་གང་ཡང་མི་ཤེས།” ཞེས་བཤད། ཉིན་དེ་ནས་བྱིས་ཆུང་དེ་ཚོ་མཐོང་དུས་མིག་གིས་སྐྱེལ་མ་བྱེད་པ་ལས་ཅི་ཡང་བྱེད་མ་སྤོབས།
ད་ལྟ་ནི་གྲོང་ཚོ་དེ་ཡི་ཡུལ་མི་རྣམས་སྟོན་ཐོག་སྡུ་བ་དང་། བརྔས་ཟིན་པའི་སྙེ་མ་རྣམས་གཡུལ་སར་དབོར་འདྲེན་བྱེད་པར་བྲེལ་བས་ཆོས་བཟང་གི་ཨ་མ་དང་ཨ་ཁུ་ཡང་དེ་ལྟར་ཡིན། ནམ་རྒྱུན་ཨ་ཁུ་དང་ཨ་མ་ཁྱིམ་དུ་མེད་པའི་གོ་སྐབས་དང་བསྟུན་ཉི་མ་དང་ཁོང་གཉིས་རྩེད་མོ་རྩེ་བ་ལྟར་དེ་རིང་ཡང་ཨ་ཁུ་དང་ཨ་མ་གཉིས་ཀ་ལས་ཀར་བུད་ནས་ཁོ་རང་གཅིག་པུ་ལྷག་ཡོད་སྟབས། ཉི་མ་དང་འགྲོགས་ནས་ཁང་པའི་རྒྱབ་ཕྱོགས་ཀྱི་ཡུར་བའི་འཁྲིས་སུ་འདམ་ཁུང་ཆུང་ངུ་ཞིག་ཡོད་པ་དེར་དོན་གྲུབ་དང་དབང་མོ་ཁོང་ཚོའང་རྩེད་མོ་རྩེ་བཞིན་འདུག་པས་ཆོས་བཟང་གིས་ཀྱང་ཁོང་ཚོའི་མཉམ་དུ་འདམ་བག་བརྫིས་ཏེ་འབྲི་གཡག་དང་། གདོང་འབག ཐབ་ཀྱི་ཡོ་བྱད་སོགས་རྩེད་ཆས་འདྲ་མིན་བཟོས་པས་ཁོང་ཚོ་ཧ་ལས་སྣང་གིས་ཡིད་སྨོན་ཤོར་ཏེ་གཅིག་གིས། “ང་ལའང་དེ་འདྲ་ཞིག་བཟོས་དང་”ཡང་གཞན་ཞིག་གིས་ཀྱང་“ང་ལའང་བཟོ་རོགས་”ཞེས་སྐུལ་མ་བྱས། ཁོང་ཚོས་འདམ་བག་གིས་བཟོས་པའི་རང་རང་སོ་སོའི་འབྲི་གཡག་དག་དབང་དང་ཤེད་ཤུགས་སུའི་ཆེ་ཚུལ་དང་། ང་ཡག་ཁོ་ཡག་གིས་ཁ་མཚར་བརྩེས་ནས་དགའ་དགའ་སྤྲོ་སྤྲོའི་ངང་རྩེད་མོར་གཡེངས།
ཉི་མ་ནུབ་རིའི་ཕག་ཏུ་བཞུད་ལ་ཉེ་བ་ན་བྱིས་པ་འགའ་ཤས་ཤིག་ཕ་གིའི་ལམ་ཕྲན་ནས་ཚུར་ཡོང་བཞིན་མཆིས། ཁོང་ཚོ་དང་ཉེ་བར་སླེབས་པ་ན་དེ་དག་ནི་ད་ནངས་སློབ་གྲྭར་ཕྱིན་ཏེ་ནང་ལ་ལོག་ཡོང་བཞིན་པའི་དམར་ཕུ་སྡེ་པའི་བྱིས་པ་ཚོ་རེད། ཁོང་ཚོ་དང་མཉམ་དུ་ཁ་མཚར་ཀུ་རེའི་དགོད་གཏམ་གླེང་བའི་ཁྲོད་སློབ་གྲྭར་སྐྱིད་ཚུལ་དང་། བལ་དབྱིན་སོགས་ཀྱི་སྐད་ཡིག་འདྲ་མིན་སློབ་ཀྱི་ཡོད་རབས་དང་། རྩེད་མོའང་འདྲ་མིན་བརྩེ་རྒྱུ་ཡོད་པ། ཕྱིས་སུ་ཡམ་བུ་ལའང་འཁྲིད་རྩིས་ཡོད་ཚུལ་སོགས་གླེངས་པས་ཆོས་བཟང་གི་སེམས་ན་སྔར་ཡོད་ཀྱི་འདུན་པའི་ཐོག་ཕྱིས་ཀྱི་སྤྲོ་བ་ཆེས་ཆེར་བསྣན་སྟབས་ཡུན་རིང་ཉར་བའི་སེམས་གཏམ་འདི་དེ་རིང་ཨ་མ་བརྒྱུད་ནས་ཨ་ཁུ་ལ་ཅི་ནས་ཀྱང་ཤོད་ཐུབ་པར་བྱ་དགོས་བསམས་ནས་ཁྱིམ་ལ་ལོག
བཞི་པ།
གནམ་སའི་མཐའ་མཚམས་ནས་སྨག་རུམ་འཐིབས་ཏེ་འཛིན་མའི་ཁྱོན་ཡོངས་ནག་ཐིབ་ཐིབ་ཏུ་གྱུར་པའི་ས་སྲོད་ལ་ཆོས་བཟང་གཞི་ནས་སྒོ་ཁར་ཐོན། ཁོ་ནང་ལ་འཛུལ་གྲབས་སུ་རྒས་ཉམས་དོད་པའི་སྐད་སྦོམ་ཤབ་བེ་ཤུབ་བེ་ཞིག་སྒོ་ཡི་སྲུབས་ཀ་ནས་ཐོས་འཕྲལ། ཁོས་གོམ་མཚམས་བཅད་དེ་སུ་ཡིན་མིན་གཟབ་ནན་གྱིས་ཉན་པས་སྐད་དེ་སྔར་གོ་མྱོང་མི་འདུག སུ་ཡིན་མིན་ཧ་མ་གོ་བར་དལ་ལྷོད་ཀྱིས་ནང་དུ་འཛུལ། ནང་དུ་ཨ་ཁུ་དང་ཨ་མ་མ་ཟད་ཨ་ཁུ་ཡི་སྟོད་འཁྲིས་སུ་མགོ་ལ་བུང་ཚང་ཟླུམ་སྒོར་བོར་བ་ལྟ་བུའི་ཐོར་ཅོག་ཅན་གྱི་ཆོས་པ་བགྲེས་པོ་ཞིག་ཀྱང་འདུག ཁོ་མཐོང་བ་དང་གཉེར་རིས་ཁྱབ་པའི་ཨ་ཁུའི་བཞིན་རས་ལ་མཐོང་དཀོན་པའི་འཛུམ་མདངས་ཤིག་བསྟན་ཏེ་“ཤོག་ཤོག ད་གཞི་ནས་སླེབས་བྱུང་། ལྟོགས་ཡོད་ཀྱི་རེད། ཐུག་པ་ཐུངས་”ཞེས་ངག་འཇམ་པོའི་སྒོ་ནས་སྨྲས། སྐད་ཆ་དེ་དང་རྣམ་འགྱུར་དེ་གཉིས་པོས་ཁོ་ལ་ཚོར་བ་རྣོན་པོ་ཞིག་དང་སྙིང་ལ་དྲོད་ཅིག་བྱིན། ཁོ་ཨ་མའི་གམ་དུ་ཕྱིན་ནས་རང་གི་ཤོད་འདོད་པའི་སྐད་ཆ་དེ་ཨ་ཁུ་ལ་གང་འདྲ་བྱས་ནས་བཤད་དགོས་བསམས་ནས་ཞུམ་པའིི་འཚེར་སྣང་གིས་ཨ་ཁུ་དང་བླ་མ་དེར་ལྟ་དུས་ནམ་རྒྱུན་ཁྱིམ་ཚང་འདིའི་ནང་ཨ་ཁུ་ཁོང་ནི་མི་སུ་ལའང་མགོ་མི་སྒུར་བའི་མི་གཤིས་གྱོང་པོ་ཅན་ཞིག་ཡིན་པ་མ་ཟད་སྤོབས་པ་དང་དབང་ཤེད་ཆེ་མོད། འོན་ཀྱང་དེ་རིང་ཨ་ཁུའི་ངག་ལས་ཆོས་པ་བགྲེས་པོ་འདི་དང་ལབ་གླེང་བྱེད་དུས་གཉའ་ཆག་ཞུམ་ཞུམ་དང་ངག་འཁྱོལ་མ་འཁྱོལ་གྱིས་“ལགས་སོ། །ལེགས་སོ།།” ལས་ཐོས་རྒྱུ་མི་འདུག ཁོང་གཉིས་པོའི་མདུན་ཅོག་སྟེང་གི་མཆོད་ཆང་དེ་དམ་བེའི་ཕྱེད་ཀར་སླེབས་ཡོད་པ་མ་ཟད་ངོ་གདོང་རད་ཅིང་དབང་པོ་ཐིམ་ལ་ཁད་པའི་རྣམ་འགྱུར་དེར་བལྟས་ན། ཁོང་གཉིས་པོས་ཆང་བཏུངས་ནས་ལབ་གླེང་ཡུན་རིང་བྱས་པ་ཤེས་ཐུབ། ཆོས་པ་བགྲེས་པོ་དེས་ཆོས་བཟང་ལ་ལྟ་ཙམ་བགྱིས་ཏེ་ཨ་ཁུ་ལ་“ཁྱེད་ཚང་གི་ནང་ནི་ཁྱིམ་ཚང་གཞན་དང་མི་འདྲ་བར་བླ་མ་བརྒྱུད་པའི་བྱིན་རླབས་ཡོད་ལ། ཁྱེད་ཚང་ནི་བླ་མའི་བརྒྱུད་འཛིན་ཞིག་ཆགས་ཡོད་པས། ཁོ་ཆོས་སློབ་ཏུ་བརྫང་རྒྱུ་དེ་ཧ་ཅང་ཡག་པོ་རེད། ཁྱེད་རྣམ་པ་གཉིས་ཐུགས་བདེ་པོ་བྱོས་དང་ངས་ཅི་ཐུབ་བལྟ་ཆོག་”ཅེས་བརྗོད་པའི་མུར། ཆོས་བཟང་གིས་བགྲེས་པོ་དེ་ནི་ན་ནིང་ཨ་ཁུས་བཤད་པའི་བླ་མ་འཆི་མེད་ཡིན་པ་དང་ཁོ་རང་ཆོས་སློབ་ཏུ་བརྫང་རྒྱུའི་གྲོས་ཐག་ཆོད་པ་གཞི་ནས་ཤེས། སྐད་ཆ་དེས་ཁོ་ཅི་བྱ་གཏོལ་མེད་དུ་བཟོས་པ་མ་ཟད་སེམས་ཀྱིས་མི་ཐེག་པའི་སྡུག་བསྔལ་ལྕི་མོ་ཞིག་གིས་མནན་ནས་ངོ་གདོང་གློ་བུར་དུ་དམར་པོར་གྱུར་ཏེ་ཚ་ལམ་ལམ་གྱུར། ཁོ་རང་སློབ་གྲྭར་འགྲོ་འདོད་ཀྱི་སེམས་འདུན་དེ་བཤད་དགོས་བསམས་ཀྱང་བླ་མ་འཆི་མེད་ཡོད་པས་མཚེར་སྣང་སྐྱེས་པ་མ་ཟད་ཨ་ཁུ་ཁོང་ནི་བྱ་བ་དང་ལས་དོན་གང་ཞིག་ལ་བློ་ཐག་བཅད་ན་ཨུ་ཚུགས་མཐར་སྐྱེལ་ལས་གཞན་གྱི་སྐད་ཆ་དེ་དག་རྣ་རྒྱབ་ཀྱི་རླུང་བཞིན་ཡིད་འཇོག་གཏན་ནས་མི་བྱེད་པས་ད་འཕྱི་དྲགས་སོང་བས་ཁ་རོག་འདུག་པ་ལས་བྱེད་ཐབས་ཅི་ཡང་མི་འདུག་སྙམ་ནས་མགོ་བོ་བྲང་ཁར་སྨད་དེ་འགྱོད་གདུང་གི་ངང་དུ་ལྷག
འཛིན་མའི་ཁྱོན་ལ་བཀབ་པའི་མུན་པའི་རས་ཡོལ་དེ་བཤུས་ནས་སྣང་བའི་སྐྱ་རེངས་ཤར་བའི་ཞོགས་པར་ཆོས་བཟང་གཉིད་ལས་སད་དུས་ཨ་མ་དང་ཨ་ཁུ་སྔ་ས་ནས་ལངས་ཏེ་ཐབ་ལ་མེ་བསྒྲོན་ནས་བྲེལ་འཚུབ་ཏུ་རྡོག་ཁྲེས་བསྡུ་གསོག་རྒྱག་བཞིན་ཡོད། ཁོས་ཅི་ཡིན་སྙམ་ནས་བསམ་བློ་ཞིག་བཏང་ཡང་མ་ཤེས་པས་མལ་ཐུལ་ནང་ཕར་ལ་འགྲེ་ལྡོག་ཅིག་བརྒྱབ་ནས་ཉལ་རྩིས་བྱེད་དུས་ཨ་མས་“ཡར་ལོངས་ལོངས། ངོ་གདོང་བཀྲུས་ནས་ཟ་མ་ཟོ། བླ་མ་འཆི་མེད་ཕེབས་ན་ཁྱོད་རང་ཁོང་དང་མཉམ་དུ་ཨ་ཁུས་ཆོས་གླིང་དགོན་པར་བསྐྱལ་རྒྱུ་རེད།” ཅེས་བརྗོད་པས་འདོད་ལ་མི་འདོད་པའི་ངང་ནས་ཡར་ལངས། ཅུང་རྗེས་སྒོའི་ཕྱི་རོལ་ན་རྟ་ཡི་སྐེ་འདོགས་ཀྱི་དྲིལ་བུའི་ཚིང་སྒྲ་ཞིག་གྲག་པས་བླ་མ་འཆི་མེད་ཁོང་ཕེབས་པ་ཤེས་ཏེ་ཨ་མས་བྲེལ་ཚབས་ཀྱིས་ཁ་བཏགས་དཀར་པོ་ཞིག་ཆོས་བཟང་གི་སྐེ་ལ་བསྐོན་ཏེ་རྟེན་འབྲེལ་མཚོན་བྱེད་དུ་མགོ་ལ་མར་རྡོག་ཆུང་ངུ་གསུམ་སྐུད་ཐེངས་རེར་“བཀྲ་ཤིས། ཚེ་རིང་། དོན་གྲུབ།”བརྗོད་དེ། གདོང་ལ་སྐྱོ་སྣང་གི་རྣམ་འགྱུར་ཞིག་བསྟན་ནས་བླ་མའི་ཁ་ལ་ཉན་པོ་བྱས་ནས་ཆོས་ངར་པོ་སྦྱོང་དགོས་ཚུལ་དང་། ཆོས་སྦྱངས་ན་ཚེ་འདི་ཕྱི་གཉིས་ལ་ཕན་ཚུལ་གྱི་བསླབ་བྱ་མང་པོ་ཞིག་ངག་ལྡབ་ལྡིབ་ཀྱིས་སྨྲས་པས་ཁོ་ལའང་ཤོད་འདོད་པའི་སྐད་ཆ་མང་པོ་ཞིག་ཡོད་ཀྱང་ཨ་མའི་བསླབ་བྱ་དེས་ཁོའི་སེམས་པ་བློང་བློང་པོར་བཟོས་ཏེ་ངག་ནས་ཅི་ཡང་མ་འཁྲོལ། ཨ་ཁུས་ཅ་དངོས་དང་རྡོག་ཁྲེས་རྟ་ཐོག་ལ་བཀལ། ཆོས་བཟང་ལམ་ཕྲན་ནས་བླ་མ་དང་ཨ་ཁུའི་རྗེས་སུ་སྙེག་བཞིན་ཕྱིར་མིག་ཅིག་འཕེན་སྐབས་ཁང་པའི་འགྲམ་ན་ཨ་མ་ཁེར་རྐྱང་དུ་འབྲལ་མི་འདོད་པའི་རྣམ་འགྱུར་ཞིག་གིས་ཚུར་བལྟས་ནས་ཡོད། སྐྱོད་ཀྱིན་སྐྱོད་ཀྱིན་ཨ་མ་དང་རྒྱང་ཐག་རིང་དུ་བཀྱེད།
ལྔ་པ།
“ཨོའེ། ཆོས་བཟང་། དེ་རིང་ཡང་ཀྲོང་ངེར་ལངས་བསྡད་ཡོད་དམ། ནང་ལ་མགྱོགས་པོ་ཤོག་ཟེར་གྱི་”ཞེས་རྒྱབ་ཕྱོགས་ནས་མི་ཞིག་གིས་སྐད་གདངས་རིང་པོ་ཞིག་འཐེན་ནས་སྨྲས་པས། ད་གཟོད་གཞི་ནས་ཁོ་རང་ལ་ཆེན་རི་བོའི་འདབས་ཤོད་ཀྱི་སྒང་གཤོངས་ཆུང་ངུ་ཡོད་པའི་ངལ་གསོ་སའི་དེའུ་འབུར་དེ་ཡི་སྟེང་ད་དུང་ཡང་འདང་རྒྱག་ནང་དུ་ལྷུང་ནས་ཡོད་པ་ཚོར། མིག་ཆུས་མཁུར་ངོས་བརླན་ཡོད་པས་དེ་འཕྲལ་ལག་གཡས་ཆུང་ངུས་བྲེལ་རྟབ་ཀྱིས་མིག་ཆུ་ཕྱིས་ཏེ་རྒྱབ་ལ་ཕྱིར་ལོག་གིས་བལྟས་པས། དགོན་པའི་སྐར་ཁུང་ནས་ཚེ་རིང་གིས་བོས་པ་ཡིན་འདུག “ཡ་ཡ་”ཞེས་སྨྲས་ནས་ཡར་ལང་དུས། པདྨ་སྤུངས་ཀྱི་རི་འདབས་ནས་འཐེན་པའི་གྱ་གྱུའི་བགྲོད་ལམ་ནི་ད་དུང་ཡང་སྔར་བཞིན་སྟོང་སང་ངེ་དང་སྐྱ་ཐལ་ལེར་ཡིན། ཁོས་དེ་ནས་ཟླ་བ་དྲུག་གི་རིང་ངང་སྒུག་བྱས་པའི་ནང་། མཚམས་མཚམས་སུ་ཁོ་རང་དེ་ནས་བྲོས་བྱོལ་གྱིས་ཁྱིམ་ལ་ལོག་འདོད་ཀྱི་བསམ་པ་ཐེངས་དུ་མར་སྐྱེ་མྱོང་། འོན་ཀྱང་མཚམས་རེར་ཁ་བས་ལམ་ཕྲན་བཀག་ནས་འགྲོ་མི་ཐུབ་པ་དང་ལྷག་པར་དུ་དང་ཐོག་དགོན་པ་རུ་ཡོང་དུས། རི་འདབས་ཀྱི་ལམ་ཕྲན་དང་གྲོང་ཚོའི་བར་ན་དུར་ས་ཞིག་ཡོད་པ་དེར་སླེབ་དུས་ཨ་ཁུས་ཁོ་ལ་ས་ཆ་འདིར་བྱིས་པ་ཆུང་ཆུང་ཁེར་རྐྱང་དུ་ཡོང་ན་གཤིན་པོས་བཟུང་ནས་ཟ་ཡི་ཡོད་པའི་འཇིགས་སྣང་བསྐུལ་བ་དེ་ཡིད་ལ་དྲན་ནས་འགྲོ་འདོད་ཀྱི་བསམ་པ་འཕྲལ་དུ་ཞི་སྟེ་དེ་གར་ལུས་འགྲོ་བ་ཡིན། དེ་རིང་ཡང་དེ་ལྟར་འགྲོ་འདོད་ཀྱང་འཇིགས་སྣང་བསྐུལ་བ་དེ་ཡིད་ལ་དྲན་ཏེ་རོགས་མེད་ཁེར་རྐྱང་དུ་བསྐྱོད་པའི་སྤོབས་པ་ཞུམ། ཟླ་བ་དྲུག་ཙམ་སོང་ནའང་ད་དུང་མི་གཅིག་གི་གྲིབ་གཟུགས་ཀྱང་རིག་རྒྱུ་མེད་པས། ཁོའི་མིག་ཟུང་ནས་རེ་ཐག་ཆད་པའི་མདངས་ཤིག་ཤར་ཞིང་ཤུགས་རིང་ནར་མོ་ཞིག་ཕྱུང་། ད་ནི་དགོན་པའི་ནང་དུ་ལོག་ན་དགའ་སྙམ་སྟེ་དལ་ལྷོད་ཀྱིས་དེའུ་འབུར་སྒང་གི་ཆུ་ཡི་དམ་བེ་དེ་རྒྱབ་ཏུ་ཁུར་ནས་དགོན་པར་འཐེན་པའི་ལམ་ཕྲན་དེར་བསྐྱོད།
སྐབས་དེར་ལྷགས་རླུང་ལྡང་བའི་འགྲོས་དང་བསྟུན་དགོན་པའི་སྟེང་གི་དར་ལྕེ་ཟད་པོ་དེ་ཕར་གཡོ་ཚུར་གཡོ་བྱེད་བཞིན་ཡོད། སྤོས་ངད་ཐུལ་ལེ་བ་ཡོད་པའི་འདུ་ཁང་ནང་གི་རྟེན་གསུམ་དང་ལྡེབས་རིས་ཀྱི་ལྷ་ཚོགས་རྣམས་སྔར་དང་འདྲ་བར་མཆོད་ཀོང་ནས་སྤར་བའི་མར་མེའི་འོད་མདངས་ཀློང་དུ་འཛུམ་མུལ་མུལ་ངང་གཡོ་འགུལ་མེད་པར་ལྷིང་འཇགས་སུ་འཇམ་ཐིང་ངེ་བ་མ་ཟད། གོམ་ཟུང་མདུན་དུ་སྤར་བའི་རྡིག་སྒྲ་དེ་གྱང་ལ་བརྡབས་ནས་བྲག་ཅ་“ ཐྲིག་ཐྲིག་”གྲག་འོང་། ཁོ་ཐབ་ཚང་ནང་སླེབ་དུས་བླ་མའི་ངོ་ལ་མ་རངས་པའི་བཞིན་མདངས་ཤིག་ཕྱུང་སྟེ་འདུག་པས་ཕལ་ཆེར་ཁོ་འཕྱི་དྲགས་པ་དེར་ཐུགས་ཁྲོས་ནས་ཡོད་པ་འདྲ། ནམ་རྒྱུན་ཞོགས་ཟས་བཟས་ཚར་བའི་རྗེས་དགོན་པའི་གཡོན་ངོས་སུ་ཡོད་པའི་བྲག་གི་ཕུག་པ་དེར་ཕྱིན་ནས་ཉི་མ་ལྡེ་བཞིན་བླ་མས་གཟུངས་འདུས་དང་བརྒྱད་སྟོང་སོགས་ཆོས་ཚན་གྱི་གླེགས་བམ་རྫོགས་རྒྱུ་མེད་པ་ཞིག་འདོན་པ་དང་། ཚེ་རིང་དང་ཁོ་གཉིས་པོས་ཀྱང་དྲེག་པ་ཤར་ཤུར་ཡོད་པའི་གླེགས་ཤིང་ནང་གི་ཤོག་རྙིང་རེ་ཟུང་དེ་ཡང་སྐོར་བསྐྱར་སྐོར་གྱིས་གདངས་སུ་འཐེན་ཏེ་འདོན་པ་ཡིན། ཁོ་གཉིས་ཀྱིས་བཏོན་པའི་སྐད་གདངས་དེ་མས་ཕྱོགས་པདྨ་སྤུངས་ཀྱི་རི་འདབས་སུ་བུད་ཤིང་འཐུ་རུ་ཡོང་བའི་སྐྱེས་མ་དང་ཕྱུགས་རྫིར་འོངས་པའི་ལོ་ལོན་ཚོ་ཡིས་ཐོས་ཐུབ་པ་མ་ཟད། སྐྱེས་མ་ཚོས་ཀྱང་དེ་འཕྲལ་ཁོང་གཉིས་ཀྱིས་ཆོས་སྒྲོག་བཞིན་པའི་སྐད་གདངས་ཡིན་པ་ཚོད་དཔག་བྱེད། ཕུག་པ་ནས་ཐད་ཀར་མཐོང་བའི་རི་འདབས་ངོས་སུ་ཕྱུགས་རྫི་ཚོས་ཤུ་སྒྲ་འདེབས་བཞིན་ནོར་གནག་དང་གཡང་དཀར་ལུག་ཁྱུ་རི་ལ་བཀྲམ་སྟེ་ངུར་སྒྲ་དང་འབའ་སྒྲ་དིར་རིར་རི་ལ་སྐྱོད་བཞིན་པ་མཐོང་དུས་སྨྲ་མི་ཤེས་པའི་ཚོར་འདུ་སྐྱེན་པོ་ཞིག་གིས་དེ་ལ་གཡེངས་ནས་འདས་དོན་མང་པོ་ཞིག་ཕྱིར་དྲན་བྱེད་པ་ཡིན། དེ་རིང་ཡང་ཕུག་པ་དེར་ཉི་འོད་སྙོམས་པོ་ཞིག་འཕྲོས་ཡོད་པས་སྔར་བཞིན་དེ་གར་ཕྱིན་ནས་ཁོང་གཉིས་པོས་ཆོས་བཏོན།
ཡིད་མི་ཆེས་པ་དང་ཡ་མཚན་པ་ཞིག་ལ་ཉིན་ཕྱི་མའི་ཞོགས་པར་སྔར་བཞིན་འགྱིག་གི་དམ་བེའི་ནང་ཆུ་བླངས་ཤིང་མཆོད་རྟེན་འགྲམ་གྱི་དེའུ་འབུར་ནས་མཐོང་བའི་རི་འདབས་ཀྱི་གྱ་གྱུའི་ལམ་ཕྲན་དེར་སླར་ཡང་རྒྱང་ལྟ་བྱེད་དུས། ལམ་ཕྲན་ནས་གསལ་ལ་མི་གསལ་བའི་མི་ཞིག་ཡོང་བ་དང་ད་དུང་མི་དེས་རྟ་ཞིག་ཀྱང་ཁྲིད་དེ་ནག་ཡོར་ཡོར་གྱིས་ཚུར་ཡོང་བ་མཐོང་། ཆོས་བཟང་གི་བསམ་པར། ས་ཆ་དབེན་པ་འདི་ལ་མི་གཞན་ནི་ཡོང་བར་དོན་དག་མེད་ལ་ཡོང་བའང་མཐོང་དཀོན། དེ་ནི་རང་གི་ཨ་མ་ཡིན་པ་ཁོ་ཐག་ཆོད། ཨ་མས་ཁོ་རང་དྲན་ནས་ཐུག་ཏུ་ཡོང་བ་ཡིན་རྒྱུ་རེད་བསམས། ཡུན་རིང་ངང་སྒུག་བྱས་པའི་བསམ་པ་གཞི་ནས་གྲུབ་སོང་སྙམ་སྟེ་སེམས་ལ་དགའ་སྤྲོ་ཚད་མེད་སྐྱེས་ཤིང་ལྗིད་ཏིག་ཏིག་གི་ཕྲག་པ་ནས་ཁུར་ཞིག་ཕོག་པ་ལྟ་བུ་ཡང་ཤིག་ཤིག་གི་སྣང་བ་ལུས་ཡོངས་ལ་ཁྱབ། འོན་ཀྱང་གློ་བུར་དུ་དོགས་སྣང་ཅུང་ཙམ་སྐྱེས་པ་ནི། མི་དེ་དངོས་ནས་ང་ཡི་ཨ་མ་ཡིན་ནམ། མཚམས་རེར་སྐྱེས་པ་ཞིག་ལྟར་སྣང་། གལ་སྲིད་ཡིན་པའི་དབང་དུ་བཏང་ནའང་ཨ་མས་ང་འདི་ནས་ཁྱིམ་ལ་འཁྲིད་དམ་སྙམ་པའི་ཐེ་ཚོམ་འདྲ་མིན་གཅིག་རྗེས་གཉིས་མཐུད་དུ་སྐྱེས། བལྟས་བལྟས་རིག་རིག་ཏུ་མི་དེ་ཁོའི་མཐོང་སྣེར་ཟིན་དུས་ཁོའི་བསམ་པ་ལྟར་གྱི་ཨ་མ་དེ་མིན་པར། དེ་ནི་ཁོ་ཚང་གི་སྡེ་པའི་ཁྱིམ་མཚེས་ཅོ་པདྨ་རེད་འདུག ཉེ་ཆར་ཁོ་ཡི་མནའ་མ་ནད་ཀྱིས་ཟིན་པར་བརྟེན་སྐྱབས་འཇུག་དང་ཕྱག་མོ་ཞུ་རུ་ཡོང་བ་རེད་འདུག ཁོའི་སེམས་པ་མ་བདེ་བར་གྱུར་ནའང་སྡུག་ཁོག་ཏུ་སྦས་ཏེ་ངོ་ལ་བཅོས་འཛུམ་རྣལ་མ་ཞིག་བསྟན་ནས་བླ་མའི་གམ་དུ་ཁྲིད། ཆོས་བཟང་མེ་དམར་ལྷབ་ལྷབ་འབར་གྱིན་པའི་ཐབ་ཀའི་ཟུར་དུ་ཙོག་ནས་ཅོ་པདྨ་དང་བླ་མ་ཁོང་གཉིས་ཀྱི་ལབ་གླེང་ལ་རྣ་བ་བླགས་ནས་བསྡད། སྐད་ཆ་དེ་ཚོས་ཐབ་ཚང་དེའི་ལྷང་འཇགས་ཡོངས་སུ་དཀྲོག་པའི་སྣང་བ་ཤར།
དུས་ཡུན་མི་རིང་བའི་རྗེས་ཅོ་ཁོང་ལས་དོན་ཚར་ནས་རྟ་ཁྲིད་དེ་མཆོད་རྟེན་འགྲམ་གྱི་དེའུ་འབུར་ནས་དལ་པོར་ཡུལ་ལ་ལོག་བཞིན་པའི་སྐབས་དེར་བླ་མ་དང་། ཚེ་རིང་། ཆོས་བཟང་ཁོང་གསུམ་དགོན་པའི་སྒོ་རྩ་རུ་འགྲེངས་ཏེ་མིག་གིས་སྐྱེལ་མ་བྱེད་བཞིན་ཡོད། ཅོ་པདྨ་ཡུལ་ལ་ལོག་བཞིན་པའི་རྒྱབ་གཟུགས་ལ་ལྟ་བཞིན་ལྟ་བཞིན་ཆོས་བཟང་གི་སེམས་པར། ཨ་མ་ནི་རང་ཉིད་ཐུག་ཏུ་ཡོང་བར་མི་འདུག་ལ། འདི་ལྟར་བསྡད་ན། ད་དུང་ལོ་ནས་ལོ། ཟླ་བ་ནས་ཟླ་བ། མི་མེད་ཁེར་རྐྱང་དུ་ལུས་འགྲོ་བར་ངེས། ས་ཆ་འདིར་ཅོ་པདྨ་ཁོང་ལྟ་བུའི་འགྲུལ་པ་ཡོང་བའང་དཀོན་པར་མ་ཟད། ཁོང་ནི་ཡུལ་ལ་འགྲོ་བ་ཡིན་གཤིས་ལམ་བར་གྱི་དུར་ས་གཅོད་པའི་རོགས་ཀྱང་འོང་བར་འདུག་པས་དེ་རིང་ཅི་ནས་ཀྱང་ཁྱིམ་ལ་ལོག་ཐུབ་པ་བྱ་དགོས་བསམས། ཅོ་པདྨ་ཁོང་ནི་ཐག་རིང་གི་རི་འདབས་ནས་རྟ་ལ་བཞོན་ཏེ་འདུར་མ་རྒྱུག་གིས་ཆས་བཞིན་ཡོད། ཆོས་བཟང་ཡུལ་ལ་འགྲོ་འདོད་ཀྱི་བསམ་པ་ཤུགས་ཆེར་སྐྱེས་པའི་ཁར། གང་ནས་འོངས་པའི་སྤོབས་པ་ཞིག་གིས་བླ་མའི་སྔུན་ནས་“ཐག་སྒྲ་”དང་བཅས་ཏེ་བྲོས། བླ་མ་ཧང་སངས་ཏེ་ལམ་སེང་ཚེ་རིང་གི་ཕྲག་པར་ལག་པས་འབུད་རྒྱག་གཅིག་གིས་ཁོ་མྱུར་དུ་ཟུངས་ཤིག་སྨྲས་འཕྲལ། ཚེ་རིང་གིས་ཁོའི་རྗེས་དེད་དེ་འཛིན་དུ་སོང་། ཁོ་རང་འཛིན་དུ་ཡོང་བར་མཐོང་བས་ཆོས་བཟང་གིས་རྒྱུག་ཤར་བཏང་ནས་བྲོས་ཀྱང་ཚེ་རིང་གི་ལག་ལ་ཐེམ། “ང་ཁྱིམ་ལ་འགྲོ་ཡི་ཡིན། ང་ཐོང་དང་།” ཞེས་སྐད་ཤུགས་ཀྱིས་ངུ་འབོད་བརྒྱབས་ཀྱང་ཚེ་རིང་གིས་མི་ཉན་པར་ད་དུང་ལག་པས་དམ་དུ་བཟུང་ནས་དྲུད། ཁོས་ཚེ་རིང་གི་སྐྲ་ནས་ཤེད་ཀྱིས་འཐེན་པས་ཚེ་རིང་“ཨ་ཙ་ཙ་”ཟེར་བཞིན་ལག་པ་གློད་སོང་། ཁོ་གོ་སྐབས་འདི་ནས་ཤོར་ཏེ་རྒྱབ་ལ་ལྟ་ཁོམ་མེད་པར་ཤར་གྱིས་བྲོས། བརྒྱུགས་བརྒྱུགས་པའི་ཅུང་རྗེས་ལྷོད་ལ་བབས་པས་སྙིང་གི་འཕར་ལྡིང་བྲང་ལ་རྡེབ་བཞིན་ཐང་ཆད་པའི་དབུགས་ཀྱང་ཧལ་ཧལ་གཏོང་ཞོར་ཕྱིར་མིག་བལྟས་པས་ཚེ་རིང་མཐོང་རྒྱུ་མི་འདུག་ལ་ལམ་བར་གྱི་དུར་ས་དེའང་རྒྱབ་ལ་གཡུགས་ནས་ཁོ་རང་ཐག་རིང་དུ་སླེབས་ཟིན་འདུག་པས། འཇིགས་དངངས་དང་སེམས་ཁྲལ་རིམ་གྱིས་ཞི་སྟེ་སེམས་ལ་དགའ་སྣང་ཅུང་ཙམ་ཞིག་སྐྱེས།
མི་རིང་བའི་རྗེས་ཆོས་བཟང་ལྟག་མདོ་སྡེ་པའི་གྲོང་ཚོར་སླེབས། སྤྱིར་བཏང་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞི་ནི་དུས་ཚིགས་མི་འདྲ་བ་སོ་སོ་ཡིན་པ་བཞིན་དུས་ཚིགས་དེའི་འགྱུར་འགྲོས་དང་བསྟུན་ལྟག་མདོ་གྲོང་ཚོའི་ཡུལ་ལྗོངས་ཀྱང་འགྱུར་ལྡོག་ཐེབས་སླ་བ་ཞིག་ཡིན། ཆོས་བཟང་དགོན་པར་སྐྱེལ་དུས་གྲོང་ཚོ་འདི་ཡི་ཁོར་ཡུག་ནི་སྐྱ་བོ་ཐལ་བ་དང་འདྲ་ཡང་ད་ལྟ་ལ་ཆེན་གྱི་རི་འདབས་དང་། སྤང་གཤོངས་དག་ལ་རྩྭ་ཕྲན་དང་ལྗང་མྱུག་གསར་པ་འབུས་ནས་དབྱིབས་དང་ཁ་དོག་མི་འདྲ་བའི་མེ་ཏོག་སྣ་ཚོགས་བཞད་ཡོད། ཆོས་བཟང་ལ་ཁོར་ཡུག་གི་རྣམ་པ་འདི་ཡིས་ཀྱང་རང་ཉིད་འདི་ལ་མ་སླེབས་ནས་ཡུན་རིང་ཕྱིན་པའི་ཚོར་སྣང་བྱིན། ཁྱིམ་ལ་འགྲོ་འདོད་ཀྱང་ཨ་ཁུས་ཅི་ཞིག་ཟེར་རམ། རྡུང་རྡེག་བཏང་མི་ཡོང་ངམ་སྙམ་པའི་འཇིགས་སྣང་གི་སེམས་ཚེགས་སྐྱེས་ཏེ་རེ་ཞིག་དེ་གར་ལུས། གློ་བུར་དུ་ཁང་པའི་རྒྱབ་ཕྱོགས་ཀྱི་ཡུར་བའི་འཁྲིས་སུ་རྩེད་མོ་རྩེ་སའི་འདམ་ཁུང་ཆུང་ངུ་ཡོད་པ་དེ་ཡིད་ལ་ཤར་ནས་དེ་རུ་ཕྱིན། སྔར་གྱི་རྩེད་གྲོགས་ལོ་ལོན་ཚོ་དང་ལྷན་རྩེད་མོ་ཡུན་རིང་བརྩེས་ནས་ཉི་མ་འདའ་བར་བྱས། རྩེད་གྲོགས་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་ནང་ལ་ལོག་པས་ཁོ་རང་གཅིག་པུ་ཡུན་རིང་ལུས། ཉི་མ་ནུབ་རིའི་ཕག་ཏུ་ཡིབ་ནས་མཚན་སྨག་རིམ་གྱིས་འཐིབས་པས་ཁོ་རང་མི་འགྲོ་ཐབས་མེད་བྱུང་སྟེ་ལྗིད་ཏིག་ཏིག་གི་གོམ་ཟུང་མདུན་དུ་སྤར་བཞིན་ཁྱིམ་ལ་ཕྱིན།
ནང་གི་སྒོ་དེ་གཏན་ནས་འདུག ཁོས་རྣ་བ་སྒོ་ཐོག་ལ་གླན་ཏེ་ཉན་པས་ཨ་མ་དང་ཨ་ཁུའི་སྐད་ཤབ་ཤུབ་ལས་གཞན་ཅི་ཡང་མ་ཐོས། འཇིགས་ཞུམ་ཞུམ་གྱིས་ངང་ནས་ལག་པས་སྒོ་དལ་བུར་འབུད་རྒྱག་བཏང་བས་ཙིར་སྒྲ་དང་བཅས་ཕྱེ་སོང་། ནང་ནས་ཨ་མས་“སུ་ཡིན་”སྨྲས། ཁོས་ལན་གང་ཡང་མ་བརྒྱབ་པར་མགོ་མར་དུད་དེ་དོགས་མི་བདེ་བའི་རྣམ་འགྱུར་ཞིག་གིས་ནང་ལ་འཛུལ། ཨ་ཁུ་དང་ཨ་མ་གཉིས་ཧ་ལས་ནས་ཨ་མས། “ནམ་སླེབས་ཡིན།” དྲིས་པས།“སླེབས་མ་ཐག་ཡིན་”ཞེས་རྫུན་ཞིག་བཤད་ནས་ཐབ་ཀྱི་གཡས་འཁྲིས་སུ་བསྡད། ཅུང་རྗེས་ཨ་ཁུས་བླ་མ་གང་ཞིག་གནང་བཞིན་ཡོད་པ་དང་བླ་མས་འདི་ལ་མངགས་དོན་ཅི་ཡིན་པ་དྲིས་པས། གློ་བུར་དུ་ཁོའི་གདོང་འགྱུར་ཏེ་སེམས་ཚབ་ཀྱིས་ལན་ཅི་ཞིག་རྒྱག་དགོས་མིན་མ་ཤེས་པས་ངག་ནས་ཚིག་གཅིག་ཀྱང་མ་འཁྲོལ། ཨ་མ་དང་ཨ་ཁུ་གཉིས་པོ་ཁ་གཏད་དུ་འགུལ་སྐྱོད་མེད་པར་མིག་ཧྲིག་གེར་ཁོའི་ལན་ལ་བསྒུགས་ནས་ཡོད། ཁོས་ད་དུང་ཡང་ལན་བརྒྱབས་མེད་པས་ཨ་ཁུས་ཨ་མ་ལ་མིག་ཧྲིབ་ཙམ་བལྟས་ནས་གདོང་ལ་ཡ་མཚན་པ་དང་དོགས་ཟོན་གྱི་རྣམ་འགྱུར་བསྟན་ནས་ཁོ་ལ། “མ་གཞི་བླ་མས་ཁྱོད་འདི་ལ་བརྫངས་པ་ཡིན་ནམ། བྲོས་ནས་ཡོང་བ་མ་རེད་དམ།”ཞེས་སྐད་ཤུགས་ཀྱིས་དྲིས་པས། ཁོ་ད་དུང་ལན་གང་ཡང་མེད་པར་མགོ་བྲང་ཁར་སྨད་དེ་བསྡད། ཨ་ཁུས་ཁོ་བྲོས་ནས་ཡོང་བ་ཤེས་ཏེ་ཁོང་ཁྲོ་གནོན་མ་ཐུབ་པར་ཡར་ལངས་ནས་ཤེད་ཀྱིས་འགྲམ་ལྕག་ཚ་པོ་ཞིག་གཞུས་པས། ཆོས་བཟང་ས་ལ་འགྱེལ་གྲབས་བྱས། ད་དུང་ཟུར་ནས་དབྱུག་པ་ཞིག་ཁུར་ཏེ་བཅར་རྡུང་བྱེད་འགོ་བརྩམས་པས། ལག་གཡས་པས་འགྲམ་པ་བསྐྱོར་ཞིང་གཡོན་པས་མིག་ཆུ་འབྱིད་ཞོར་“ཨ་ཁུ་སྐུ་མཁྱེན་ང་ལ་མ་རྡུང་རོགས་”ཞེས་ངུ་འབོད་ཀྱིས་ཞུ་བ་བྱས། ཨ་མས་ལམ་སེང་ཆོས་བཟང་འཐེན་ཏེ་ལག་པས་བསྐྱོར་ནས་ལུས་པོ་རྒྱབ་ལ་ཕྱོགས་ཏེ་ཕྱིར་མིག་གིས་“ད་གཡུགས་ཞོག བྱིས་པ་ལ་བརྡུངས་ནས་ཅི་ཕན།” བརྗོད་ཀྱང་ཨ་ཁུ་ད་དུང་ངར་ནས་“འུ་ཚང་ནི་བླ་མའི་བརྒྱུད་འཛིན་ཞིག་ཡིན་ལ། ཁོ་ཡིས་ཆོས་མ་སྦྱངས་ནས་བྲོས་ཡོང་ན་གང་ནས་འགྲིག ཡུལ་མི་ཁྱིམ་མཚེས་ཚོས་ཧ་གོ་ན་ཅི་ཟེར་རམ། ཁོང་ཚོའི་མདུན་ལ་ངོ་ཇི་ལྟར་སྟོན་”ཅེས་བརྗོད་པས་ཨ་མ་ཁུ་སིམ་མེར་ལུས། ཨ་ཁུའི་སྐད་ཆ་དེ་དག་གིས་ཆོས་བཟང་གི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ན་ཟུག་བྱིན་པས་ཞེ་གཏིང་ནས་ཁྲོས་ཏེ་ཆོས་བཟང་གིས། “མི་གཞན་གྱི་བྱིས་པ་ཚང་མ་སློབ་གྲྭར་འགྲོ་དུས་ང་གཅིག་པུ་གཡག་རི་ལ་གཡུགས་པ་བཞིན་སྡོད་འདོད་མི་འདུག ང་ཡང་སློབ་གྲྭར་འགྲོ་ཡི་ཡིན། མིས་ཅི་ལབ་ནའང་ཁྱད་མེད། ཆོས་གཅིག་པུ་བཏོན་ནས་ང་ལ་ཅི་ཡང་ཕན་མ་བྱུང་། སློབ་གྲྭ་ལ་ཕྱིན་ནའང་བོད་ཆོས་ནི་སློབ་ཀྱི་འདུག དེས་མི་འགྲིག་པ་ཅི་འདུག་གོ་”ཞེས་བརྗོད་པས། ཨ་མས་ཁོའི་ཕྲག་པ་ལ་ཁུ་ཚུར་ཡང་མོ་ཞིག་གཞུས་རྗེས་“ཁ་ཚུམས་སྡོད་”ཅེས་བརྗོད། ཆོས་བཟང་གི་སྐད་ཆ་དེས་ཨ་ཁུ་མིག་ཆེར་གདངས་ཏེ་བཤད་རྒྱུ་ཅི་ཡང་མེད་པར་བཟོས། ཆོས་བཟང་ནི་ཨ་མའི་པང་དུ་མགོ་བསྒུར་ནས་ངུ་བཞིན་ཡོད།
ད་ནི་མཚན་གུང་ཡོལ་ལ་ཉེ་ཡོད་པས་ཡོད་ཚད་གཉིད་ནས་ནག་ཐིང་ཐིང་ཡིན། འོན་ཀྱང་ཨ་ཁུ་དབང་རྒྱལ་ནི་གཟུགས་པོ་ཕར་སློག་ཚུར་སློག་གིས་འགྲེ་ལྡོག་བྱེད་པ་ལས་ད་དུང་གཉིད་ཁུགས་མེད། ཕལ་ཆེར་ད་གིན་ཆོས་བཟང་གིས་བཤད་པའི་སྐད་ཆ་དེས་ཨ་ཁུ་ལ་ཚོར་བ་ཟབ་མོ་ཞིག་བྱིན་པ་འདྲ། ཡང་བསྐྱར་ཨ་ཁུའི་མིག་ལམ་དུ་ད་གིན་ཆོས་བཟང་གི་རྣམ་འགྱུར་དང་ཁོའི་སྐད་ཆ་དེ་དག་ཁྲ་ལྷམ་མེར་ཤར། ཡང་ཅུང་རྗེས་ཉིན་ཤས་སྔོན་ལམ་བར་དུ་རྒན་བསྟན་འཛིན་དང་གྲོས་མོལ་བྱུང་སྐབས་“ད་ལྟ་བུ་ལ་འདོན་ཆོག་གཅིག་པུ་བསླབས་ན་མ་འོངས་པར་གང་ཡང་མི་ཤེས་མཁན་གྲས་སུ་ཆུད་ངེས། དེ་ལས་ང་ཚོའི་སློབ་གྲྭར་བརྫངས་ན་ནང་ཆོས་ཀྱང་སློབ་ཀྱི་ཡོད་སྟབས་མ་འོངས་པར་ཆོས་དང་འཇིག་རྟེན་གཉིས་ཀ་ལ་གོ་ཆོད་པ་དང་། ཁོ་རང་མི་ཡག་པོ་ཞིག་ཀྱང་ཆགས་ཐུབ་ཀྱི་རེད།” ཅེས་པའི་སྐད་ཆ་དེ་དག་ཀྱང་ཡིད་ལ་ཤར་ཏེ་བདེན་སྣང་ཞིག་གིས་གནོང་འགྱོད་དང་བཅས་ཆོས་བཟང་སློབ་གྲྭར་རྫོང་འདོད་སྐྱེས།
ཉིན་གསུམ་ཙམ་གྱི་རྗེས་ཨ་ཁུ་དབང་རྒྱལ་སློབ་གྲྭའི་འཕྲེད་ལམ་ནས་ལག་ཏུ་འགྱིག་ཤོག་ནག་པོས་བཏུམས་པའི་ཅ་དངོས་ཤིག་ཐོགས་ཏེ་ཁྱིམ་ཕྱོགས་སུ་ལོག་ཡོང་བཞིན་ཡོད། ཁྱིམ་ལ་སླེབས་རྗེས་འགྱིག་ཤོག་ནས་ནམ་རྒྱུན་དམར་ཕུ་སྡེ་པའི་བྱིས་པ་ཚོས་གྱོན་བཞིན་པའི་སློབ་གྲྭའི་སྒྲིག་ཆས་སྙིང་རྗེ་པོ་དེ་བཏོན་ནས་ཆོས་བཟང་ལ་“ད་འདི་ཁྱོད་རང་ལ་ཡིན། བདུན་ཕྲག་རྗེས་མའི་གཟའ་མགོར་ཁྱོད་རང་ལྟག་མདོ་སྡེ་པའི་སློབ་གྲྭར་འགྲོ་རྒྱུ་རེད་”ཅེས་བཤད་པས། ཆོས་བཟང་གི་སེམས་པར་དགའ་སྤྲོ་ཚད་མེད་སྐྱེས་པ་མ་ཟད། སྒྲིག་ཆས་ལག་པས་བླངས་པ་དང་དེ་མུར་སྙིང་གར་སྦྱར་རྗེས་མིག་ལ་དགའ་བའི་མཆི་མ་འཁོར་ཏེ་མིད་པ་འཁྲིལ་ནས་ཐུགས་རྗེ་ཆེའང་ཞུ་མ་ཐུབ་པར་ལུས། ནང་ལ་ཨ་ཁུ་མེད་དུས་སྒྲིག་ཆས་དེ་ཡང་ཡང་གྱོན་ནས་རང་ལ་འཚམ་པོ་ཡོད་མེད་ལྟ་བ་དང་ཨ་མའི་སྔུན་ལ་སོང་ནས་རང་ལ་འཚམ་མིན་གྱི་སྐད་ཆ་དྲིས་ཏེ་ངོམ་སོ་བྱེད། མ་ཟད་སློབ་གྲྭར་ཕྱིན་ན་རྩེད་རོགས་མང་ཞིང་ཤེས་རིག་འདྲ་མིན་སྣ་ཚོགས་སྦྱང་རྒྱུ་ཡོད་པ་དང་། ཕྱིས་སུ་ཡམ་བུར་འཁྲིད་ཀྱི་ཡོད་པ་སོགས་བསམས་ནས་སེམས་ལ་དགའ་སྣང་ཆེན་པོ་སྐྱེས།
དྲུག་པ།
ཉི་མ་ཤར་ནས་འཕགས་ཤིང་ནུབ་ཏུ་འགྲིལ་བའི་འཁོར་སྐྱོད་འོག་ལོ་ངོ་གསུམ་གྱི་དུས་ཡུན་ནི་ཐུན་གཅིག་གི་རྨི་ལམ་ལྟར་ཅི་འདྲའི་མགྱོགས་པ་ཡིན་ཨང་། ད་ནི་ཆོས་བཟང་ཡང་ཕོ་ལོ་བཅུ་དྲུག་སོན་པའི་ན་གཞོན་ཞིག་ཏུ་གྱུར་ཡོད་པས། ཁོ་ཡི་སྐྱེ་གཟུགས་སྔར་ལས་ལྡབ་འགྱུར་ཆེ་ཞིང་བྱད་བཞིན་དང་དཔུང་ལག་རྒྱས་པས་ཁོ་ནི་སྔར་གྱི་ཆོས་བཟང་མིན་པ་ལྟར་སྣང་། ཁོས་སློབ་གྲྭའི་ནང་གཞན་གྱི་རྗེས་སུ་མི་ལུས་པའི་འབད་འབུང་ཆེར་སྐྱེད་ཀྱིས་ལོ་རེར་ཡིག་རྒྱུགས་གཉིས་རེ་བཏང་ནས་ཧུར་ཐག་གིས་སྦྱངས་པས་ད་ནི་འཛིན་གྲྭ་དྲུག་པར་སླེབས་ཡོད། དེའི་ནང་ནས་ཀྱང་སློབ་སྦྱོང་རྩེ་ཕུད་དུ་སོན་པའི་གྲས་ཤིག་ཡིན། ཐེངས་ཤིག་སློབ་གྲྭ་གོང་འོག་རིག་གནས་འགྲན་སྡུར་འཚོག་སྐབས་ཁོས་འགན་གཙོ་བོ་ཁུར་ཏེ་འཛིན་གྲོགས་མཉམ་རུབ་ཀྱིས་ཧུར་བརྩོན་བསྐྱེད་པས་རྒྱལ་ཁ་ཁོང་ཚོར་ཐོབ་སྟབས། ཁོང་ཚོའི་འཛིན་གྲྭ་ནི་སྔར་ལས་གཟི་དཔལ་ལྡན་པར་གྱུར་ཅིང་ཁོ་ནི་སློབ་གྲོགས་ཚོའི་ཡིད་རྟོན་བྱེད་ས་དང་དགེ་སློབ་ཆ་ཚང་གི་བསྔགས་བརྗོད་བྱེད་ཡུལ་དུ་གྱུར། འཛིན་གྲྭའི་འཕར་རིམ་དང་བསྟུན་ཁོ་ཡི་བོད་ཡིག་ཆུ་ཚད་ཀྱང་ལེགས་པས་མཚམས་མཚམས་སུ་ཁོས་ས་སྐྱ་ལེགས་བཤད་བཀླགས་ཤིང་ནང་དོན་ཨ་ཁུ་ལ་བཤད་པ་དང་། ལེགས་བཤད་དེ་ལས་དཔེ་བཤུས་བྱས་རྗེས། དེ་དང་འདྲ་བའི་ཡིག་ཐུང་རེ་གཉིས་བྲིས་ཏེ་ཨ་ཁུ་ལ་ངོམ་སོ་བྱེད་པ་ཡིན། ཨ་ཁུ་ཡང་ཁོའི་ཤེས་ཚད་ལ་ཡིད་སྨོན་ཤོར་ནས་མཐེ་བོང་ཡང་ལན་མང་བསྒྲེངས། ཉིན་རེའི་ཞོགས་པར་ཁོ་སློབ་གྲྭར་སྐྱོད་དུས་ཨ་མས་ཁ་ཟས་གང་ཞིམ་བཟོས་ནས་ཁ་ཏ་བྱས་ཏེ་དམར་ཕུ་སྡེ་པའི་སློབ་ཕྲུག་ལྷན་སློབ་གྲྭར་གཏོང་བ་དང་། ཕྱི་དྲོ་ནང་ལ་ལོག་དུས་ཁང་པའི་སྒོ་ཁར་ངང་སྒུག་བྱེད་པ་ཡིན།
དེ་འདྲའི་ངང་ནས་ལོ་ངོ་གསུམ་འདས་པའི་དེ་རིང་ཡང་རྟ་བདུན་དབང་པོ་ཤར་རིའི་རྩེ་ནས་འཛུམ་ཞིང་ཉི་འོད་གྲོང་ཚོར་འཕྲོས་པའི་སྔ་དྲོའི་དུས་དམར་ཕུ་སྡེ་པའི་བྱིས་པ་ཚོའང་ཁོ་ཚང་གི་ཁང་པའི་འགྲམ་གྱི་སྲང་ལམ་དེར་འབྱོར། ཆོས་བཟང་ཁོང་ཚོ་དང་འབྲེལ་འདྲིས་ཡོད་སྟབས་ཁོང་ཚོས་ཀྱང་དུས་རྒྱུན་ལྟར་སྐད་ཤུགས་ཀྱིས་“ཨོའེ་ཆོས་བཟང་། སློབ་གྲྭར་མི་འགྲོ་འམ། འགྲོ་ན་མགྱོགས་པོ་ཤོག་”ཅེས་བོས་པས་དེ་མུར་ཁོ་དང་ཨ་མ་སྒོ་ཁར་ཐོན། ཁོས་ཨ་མར་ལག་གཡུག་བྱས་ནས་དམར་ཕུ་སྡེ་པའི་བྱིས་པ་ཚོ་དང་ལྷན་དུ་སློབ་གྲྭར་ཆས། ཨ་མས་སྒོ་རའི་འགྲམ་ནས་ཁོང་ཚོ་ཆས་ཀྱིན་པ་དེར་མིག་གིས་སྐྱེལ་མ་བྱས། ཞོར་དུ་དེའི་ཁྲོད་ཀྱི་ཆོས་བཟང་ལ་གཟབ་ནན་གྱིས་ལྟ་དུས། ཆོས་བཟང་དམར་ཕུ་སྡེ་པའི་བྱིས་པ་ཚོ་དང་ཁ་དོག་གཅིག་པའི་སློབ་གྲྭའི་སྒྲིག་ཆས་སྙིང་རྗེ་པོ་ཞིག་གྱོན་ཅིང་རྒྱབ་ལ་ཡིད་དུ་འོང་བའི་དཔེ་ཁུག་ཅིག་ཁུར་ནས་དགའ་དགའ་སྤྲོ་སྤྲོའི་ངང་སློབ་གྲྭར་ཆས་བཞིན་པ་མཐོང་། ཨ་མས་ཁོང་ཚོར་ལྟ་བཞིན་ལྟ་བཞིན་སློབ་ཕྲུག་ཚོ་དང་ཆོས་བཟང་ནི་མཐོང་ལམ་ནས་རིམ་གྱིས་མི་སྣང་བར་གྱུར་སོང་།