ལྐོག་ན་མོ།

རྩོམ་སྒྲིག་པ།

གངས་ཅན་པ་ལ་ས་ཁྱབ་རྡོ་ཁྱབ་སྟེ།།
མི་ཡུལ་བུ་མོ་བག་མར་བསུས་པ་མིན།།
ཐེངས་གཅིག་འགྲོགས་པས་ཉིན་གང་གདུང་བ་བྲལ།།
ཆང་བུའི་གཟུགས་སུ་བརྫུས་དེ་ཅི་ཞིག་ཡིན།།

ཀླུ་དབང་རྣམས་ཀྱིས་བདག་ཏུ་བཟུང་བ་མིན།།
མ་དྲོས་འཇིངས་སུ་ཡོད་པ་དེ་བས་མིན།།
མཐོ་སྒང་རི་ལ་ཐང་མར་བརྡལ་བ་སྟེ།།
མཚམས་རེར་སྲོག་ལྡན་གྱུར་པའི་ནོར་བུ་གང་།།

དུས་རབས་གསར་པའི་ཁོག་ན་སྦྲུམ་པ་སྟེ།།
ཨ་རིའི་ཡུལ་དུ་ཐོག་མའི་ལྟེ་འཚལ་འཕོས།།
མཁས་བླུན་ཀུན་ཀྱིས་རྟོག་འགྱུ་རིས་སུ་བྲིས།།
འབྲི་དེབ་བྱེད་ལས་ལྡན་དེ་གང་ཡིན་ནམ།།

ཡོད་ན་གྲོགས་པོ་ཡིན་ཡང་མང་དུ་འཁོར།།
མེད་ན་གཉེན་ཚན་ཡིན་ཡང་རྒྱང་ནས་གཡོལ།།
ཡོད་ན་དེས་ཆོག་མེད་ན་ཐབས་ཆག་པའི།།
བྱང་ཆུབ་སེམས་མཆོག་བེམ་པོར་གྱུར་དེ་གང་།།

བརླན་ཞིང་གཤེར་བའི་མཉམ་དུ་ལྟ་བ་མཐུན།།
རང་གཤིས་གར་པོ་སྨྲ་བ་གཏན་དུ་བཅད།།
ཨམ་གཙིགས་བསྡམས་ཏེ་སོ་ཞོ་ངོམ་མིན་པར།།
གཏི་མུག་གཉིད་ཀྱི་དགྲ་རུ་ལངས་དེ་ཅི།།

སྙིང་ཁམས་འབིགས་པའི་རྣོ་ངར་མི་ལྡན་ཡང་།།
ཁྱད་ཆོས་དུ་མས་གཏམས་པའི་རལ་གྲི་ཞིག།
གཡུགས་པའི་མོད་ལ་ལོག་རྟོག་ཧྲུལ་པོར་བྱེད།།
དེང་སང་ཁྱིམ་པ་ཚོས་ཀྱང་བཟུང་འདི་ཅི།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།