ཚངས་སྲས་དགྱེས་པའི་རོལ་མོ།

ལོ་རིམ་གསུམ་པའི་སློབ་གཉེར་བ། སྤྲུལ་སྐུ་བསྟན་པ་རྒྱལ་མཚན།

རྡུལ་བྲལ་སྲིད་ན་མཛེས་པའི་ཞལ་དཀྱིལ་འཁོར།།
ཉ་གང་དུང་གི་ཟླ་བ་ཇི་བཞིན་དཀར།།
འགྲམ་པའི་མཁུར་ཚོས་པདྨ་རཱ་ག་བཞིན།།
ལྷར་བཅས་འགྲོ་བ་ཀུན་ཀྱི་སྙིང་ལ་སྡུག།།

དྲི་ཞིམ་འཐུལ་བའི་སྐྲ་ལོ་རིང་པོ་བཞིན།།
སྤྲིན་པ་དཀར་པོ་རླུང་གིས་བསྒུལ་བ་སྟེ།།
ཀུན་གསལ་ཆུ་འཛིན་ཕུང་པོ་ཇི་བཞིན་དུ།།
གནག་སྣུམ་ལན་བུ་གཡོ་བ་ཡི་གར་འོང་།།

ཐོས་པ་ཙམ་གྱིས་ཤེས་རབ་མཆོག་བསྐྱེད་པའི།།
ཕྱག་སོར་རྩེ་ན་སྦྲེངས་པའི་རྒྱུད་མངས་སྒྲ།།
ཁུ་བྱུག་རྒྱལ་མོའི་སྐད་སྙན་དང་མཚུངས་ཀྱི།།
དེ་ལས་གཞན་པའི་དཔེ་འཚོལ་ངལ་བ་ཙམ།།

ངག་གི་དཔལ་མོ་མཐོ་རིས་ཡུལ་ན་བཞུགས།།
རི་དྭགས་བུ་མོ་བས་མཐའི་ཚལ་ན་རྒྱུ།།
གཞན་དུ་ཁྱད་པར་བཙལ་ན་རྙེད་རྒྱུ་ཞིག།།
དུས་དང་རྣམ་པ་ཀུན་ཏུ་ཡོང་མི་སྲིད།།

ལང་ཚོ་དར་ལ་བབས་པའི་སྨན་ཤར་མས།།
མི་ཟད་སྨྲ་བའི་དངོས་གྲུབ་སྟེར་ནུས་ན།།
ཆུ་སྐྱེས་གདན་གྱི་སྟེང་ན་འགྱིངས་པ་ཡི།།
མཚོ་བྱུང་ལྷ་མོ་ཁྱེད་ཀྱི་རྗེས་སུ་འགྲོ།།

རབ་དཀར་ལྟ་ན་སྡུག་པའི་གཟུགས་ཀྱི་སྐུ།།
རྒྱུ་སྐར་ལམ་གྱི་འཇའ་ཚོན་ལ་འཁྲུལ་ཏེ།།
ཁྱེད་སྐུ་མཇལ་ལ་སྤྲོ་བའི་སྐྱེས་བུ་དེས།།
དབང་པོའི་གཞུ་ལ་གུས་པས་འདུད་པར་རྩོམ།།

ས་འཛིན་དཀར་པོ་ལྷུན་གྱིས་ཆགས་པའི་རྩེར།།
འཇའ་ཚོན་སྣ་ལྔས་ཡོངས་སུ་འཁྱུད་གྱུར་རམ།།
ཡང་ན་ལེགས་བྲིས་ཁྱེད་སྐུར་དར་ཟབ་ཀྱིས།།
སྤུད་པ་ལགས་སྙམ་བདག་ཡིད་འཕྱང་མོ་ཉུག།།

མཛེས་སྡུག་ཆ་ཤས་མ་ཚང་མེད་རྫོགས་པའི།།
ཟླ་བའི་སྲིང་མོ་ཁྱེད་གསུང་སྙན་མོའི་ངག།
བློ་གྲོས་སྟེར་ཕྱིར་དུང་དཀར་སྒྲ་མིན་ཏེ།།
དེ་ནི་རང་སྒྲ་སྙན་ཞིང་འཇེབས་པ་ཙམ།།

ལྷ་ཡི་རྫིང་རིང་མུ་མཐའ་ཡོངས་སུ་བྲལ།།
ཉིན་བྱེད་དབང་པོའི་འོད་སྣང་ཀུན་ལ་སྙོམས།།
དེ་དག་ཉིད་དང་ངག་རིག་སྒེག་མོ་ཡི།།
ཐུགས་རྗེའི་གཟིགས་པ་མཚུངས་པར་གྱུར་ལ་ལྟོས།།

མིག་གི་དཔལ་གྱུར་ཡོན་ཏན་གསལ་བྱེད་དམ།།
འོན་ཏང་ནག་ནོག་སྐྱོན་གྱིས་འགོས་ཀྱང་རུང་།།
ཚངས་སྲས་མ་ཁྱེད་ཀུན་ཕན་རྗེས་འགྲོ་ཞེས།།
བརྗོད་འདོད་བདག་གི་ཡིད་ལ་འགོག་མེད་ཤར།།

2016/8/23

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།