རང་མགོ་རྡོར་རྒྱག

ལོ་རིམ་ལྔ་པའི་སློབ་གཉེར་བ། ཕྲིན་ལས་མཐར་ཕྱིན།

མི་ཚེ་ཟེར་བ་འདི་ཀྱག་ཀྱོག་གི་ལམ་བུ་ཞིག་ཡིན་ལ། ཀྱག་ཀྱོག་གི་ལམ་བུ་དེར་བརྒྱུད་ནས་མི་རྣམས་ཀྱིས་རང་རང་གི་འདོད་བློ་མ་ཁེངས་བར། ཆ་མི་སྙོམ་པའི་འདྲ་འབག་རེ་གྱོན་ཏེ་འཁྲབ་ཚན་ཇི་སྙེད་ཅིག་འཁྲབ་ཀྱི་ཡོད་ཅིང་། ཡོ་འཁྱོག་མེད་པའི་གནས་ལུགས་དང་རྒྱུ་མཚན་ལ་རེག་པའི་བསམ་བློ་ནི་ཉིན་མོའི་སྐར་མ་ལྟར་ཤིན་ཏུ་དཀོན་པོར་གྱུར། འདི་ནི་འགྲོ་བ་མི་སྤྱིའི་གཤིས་ཁམས་དང་། རང་གཞན་སུ་ལའང་ཡོད་པའི་ཉེས་སྐྱོན་ནམ་འབག་བཙོག་གི་དྲི་མ་དེ་ཡིན། དེ་ལས་ཀྱང་ཐབས་རྡུགས་ཀྱི་འཁྲབ་ཚན་གཞན་ཞིག་ཡོད་པ་ནི་རང་མགོ་རྡོ་ལ་རྒྱག་པ་དེ་ཡིན། རང་མགོ་རྡོར་རྒྱག་བྱེད་པ་ནི་རང་མགོ་མེད་པར་བྱེད་པ་ཡིན་ལ། རང་མགོ་མེད་པར་བྱེད་པ་ནི་རང་ཉིད་མེད་པར་བྱེད་པ་ཡིན། དེས་ན་འདིར་ཁོ་བོས་རང་ཉིད་སྤྱི་བོ་གནམ་བསྟན་ཞིག་ཡིན་པའི་འགན་ཕྲག་ཏུ་བླངས་ནས། རང་མགོ་རྡོར་རྒྱག་གི་སྐོར་རྨོངས་འཆར་ཉུང་ངུ་ཞིག་གླེང་རྒྱུ་ཡིན།
དུས་རབས་གསར་པའི་ཁུག་སོ་འདིའི་ནང་དུ་དོན་གྱི་བསམ་བློ་བ་ཡང་མི་ཉུང་བ་ཞིག་ཡོད་ལ། ཡང་བསམ་བློ་བ་དང་། རྟོག་སད་པའི་མིང་ཁར་ཁྱེར་ནས། རྙིང་པ་ཡོད་ཚད་རྒྱབ་ཏུ་གཡུགས་ཏེ། གསར་པ་རྐྱང་རྐྱང་གི་འཇིག་རྟེན་ཞིག་བསྐྲུན་དགོས་ཚུལ་སྨྲ་མཁན་ཡང་མང་། དེ་དང་དེས་མཚོན་པའི་ཆོས་སྡེ་དང་དགོན་སྡེ་ཁག་གི་ཁྲོད་དུ། ཕར་བལྟས་ཚོད་དུ་ལུས་ལ་ངུར་སྨྲིག་གི་ན་བཟས་སྤུད་ཅིང་། ཆོས་པའི་མིང་བྱང་རེ་ཁྱེར་ནས་འགྲོ་བཞིན་ཡོད་ནའང་། བསམ་པའི་ཁ་ཕྱོགས་གཞན་ཞིག་ཏུ་འཁོར་ཏེ། གྲྭ་པ་སེར་མོ་བ་རྣམས་ཀྱིས་མ་འཇོན་པ་དང་། གྲྭ་གོས་གྱོན་ཕྱིན་ཆད་རིན་ཐང་གཏན་ནས་མེད་པའི་ཚོད་དུ་རྩི་བ་དང་། གཞན་ཡང་ཆོས་ལུགས་ཟེར་བ་དེའང་མི་བདེན་མི་དྲང་པའི་སྐྱོན་བརྗོད་ལུང་པ་གང་རེ་བྱེད་ཅིང་། མུག་ཤི་རྫོགས་རྒྱུ་མེད་པ་རེ་བགྲང་བཞིན་གཟན་ཤམ་གྱི་འོག་ནས་ལྐོག་ལྟ་བྱེད་པ་ཡང་མང་དག་ཅིག་མཐོང་བས། དེ་རིགས་ལ་རེ་སྐུལ་ལམ་གསལ་འདེབས་ཤིག་གི་ཚུལ་དུ། ཚིག་ཁ་ཤས་མི་བརྗོད་ཀ་མེད་བྱུང་།
སྤྱིར་བོད་ཀྱི་གཏམ་དཔེར། གནམ་ཀ་བ་མེད་པའི་འོག་རོལ་ནས། བན་སྣ་ཐག་མེད་པ་གར་འགྲོ་ཡིན། ཞེས་པ་ལྟར་ལམ་ཁ་གང་ཞིག་ཏུ་འགྲོ་དགོས་མིན་དང་། ཁ་ཕྱོགས་ཅི་ཞིག་གཟུང་དགོས་མིན་གྱི་བདག་དབང་ཡོད་ཚད་ཕལ་ཆེར་རང་ཉིད་ལ་ཡོད་སྟབས། གོལ་འཆུག་མེད་པའི་ལམ་བུ་ཞིག་དང་དུ་བླང་རྒྱུ་ནི་གལ་པོ་ཆེ་ཡིན་པར་སྨོས་ཅི་འཚལ། བདག་དབང་དེ་འཕྲོ་བརླག་གཏོང་མི་གཏོང་ཡང་རང་ཉིད་ལ་རག་ལས་གཤིས། གཏམ་དཔེར་སྐྱེས་ཕོ་རབ་བློ་དེ་སྔོན་ཡིན། ཕོ་ངན་བློ་དེ་རྗེས་ཡིན། ཞེས་པ་ལྟར་དང་པོ་ནས་བསམ་བློ་བཞི་གསུམ་བཅུ་གཉིས་དང་། བློ་རྩེ་ཉི་ཤུ་རྩ་ལྔ་བཀོད་དེ་ནོར་བ་དང་གནོང་འགྱོད་མེད་པའི་ལམ་བུ་ཞིག་བདམས་ཐུབ་ན་རབ་ཡིན་ཞིང་། དེ་ལྟར་མ་བྱུང་ནའང་ལང་ཕྱོགས་གོལ་ཏེ་ཀྱག་ཀྱོག་གི་ལམ་བུ་ཞིག་བདམས་ནས་དེ་ནོར་འཁྲུལ་ཡིན་པར་ངོས་ཟིན་ན། ལམ་དེ་ལས་ཕྱི་བཤོལ་བྱ་རྒྱུ་ནི་རང་ལ་ཡོད་པའི་ཐོབ་ཐང་དེ་ཡིན་ལ། རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས། གང་ཞིག་སྔོན་ཆད་བག་མེད་ཀྱང་། །ཕྱིས་ནས་བག་དང་ལྡན་གྱུར་ན། །སྤྲིན་བྲལ་ཟླ་བ་ལྟར་འགྱུར་ཏེ། །དགའ་བོ་མཐོང་ལྡན་ལ་སོགས་བཞིན། །ཞེས་གསུངས་པ་ལྟར་བྱེད་པར་འོས་ཤིང་གནས་ལུགས་དང་ལྡན་པ་ཞིག་ཀྱང་ཡིན། གལ་ཏེ་དེ་ལས་ལྡོག་སྟེ་ནོར་འཁྲུལ་ལ་ནོར་འཁྲུལ་ཡིན་པར་ཤེས་བཞིན་ད་དུང་ནོར་བ་རྒྱུན་འབྱམས་བྱེད་པ་ནི་ཤིན་ཏུ་མི་འོས་པའི་ནག་ཉེས་འགལ་ཚབས་ཅན་ཞིག་ཡིན།
ལྷག་པར་དེང་གི་དུས་སུ་ཆོས་ལུགས་སྤྱི་དང་ཡང་སྒོས་ནང་ཆོས་ལ་ཟུར་ཟ་དང་། དམའ་འབེབས་བྱེད་མཁན་ནི་མང་མ་ཆེ་ན་ཉུང་མི་ཆེ་བས། ཉེས་སྐྱོན་ལ་ཉེས་སྐྱོན་དུ་ཤེས་ཏེ་དྲང་བདེན་རྗོད་མཁན་ནི་རེ་གཉིས་ལས་ཡོད་མི་སྲིད་ཅིང་། གལ་ཏེ་ཡུལ་དོན་གྱི་སྟེང་དུ་སྐྱོན་ཡོད་ཅིང་སྐྱོན་ཡོད་པ་ལ་སྐྱོན་དུ་བརྗོད་ན་མི་ཆོག་པ་མེད་པ་མ་ཟད་དེ་ནི་བསྔགས་འོས་པའི་དམ་པ་ཞིག་ཏུ་བརྩིས་ན་མི་ལེགས་པ་གང་ཡང་མེད་མོད། འོན་ཏེ་དེ་རིང་ཁ་རྩང་ཀླད་གསར་བ་རྣམས་ཀྱིས་དོན་དངོས་ཀྱི་སྐྱོན་ཡོད་མེད་ལ་མི་ལྟོས་པར། མི་གཞན་ཞིག་གི་ཁ་ནས་ཅི་བུད་བསྒུགས་བསྒུགས་ནས་ཚིག་གཅིག་བསྒྲགས་པ་དང་། དེ་རང་ཉིད་ཀྱི་རྣམ་དཔྱོད་རྩལ་པོ་ཆེ་ཞིག་ཏུ་བརྩིས་ཏེ། ཁྱིས་རྔ་མ་གཡུག་གཡུག་ལྟར་བྱེད་པ་ནི་བསམས་ན་ལེགས་ཆ་ཞིག་ཏུ་མ་གཏོགས་སོ།།
ཡང་སྙིང་རང་ཉིད་ཀྱི་སྐེ་ལ་ཆོས་པ་དང་གྲྭ་པའི་མིང་བྱང་ཆེ་ཐག་ཆོད་རེ་གྱོན་ནས། རྫིག་ཉམས་དང་། ཆེ་ཉམས། མཁས་ཉམས། གཞན་ཡང་བསམ་བློ་བ་དང་། རྟོག་སད་པ་ཡིན་མདོག་གིས། གྲྭ་པའི་སྤྱི་ཚོགས་ལ་ཁ་སྨོད་བྱེད་ཅིང་། ནང་ཆོས་ལ་ཟུར་ཟ་བྱེད་པ་ནི་ལྷ་ཆོས་དང་མི་ཆོས་གང་གི་ཕྱོགས་ནས་བལྟས་ཀྱང་། ལྟ་བ་པོའི་མིག་ལ་མཛེས་པ་དང་། ཉན་པ་པོའི་རྣ་ལ་འགྲོ་བ་ཞིག་ཏུ་གཏན་ནས་མ་མཐོང་ངོ་།།
དེས་ན་ནན་གྱིས་ཞུ་འདོད་པ་ཞིག་ནི་གྲྭ་པའི་སྤྱི་ཚོགས་དང་གྲྭ་པའི་འགྲོ་ལུགས་ལ་ཞེན་ཁ་ལོག་སྟེ་ལམ་ཁ་དེ་ནོར་བ་ཅན་ཞིག་ཏུ་མཐོང་ན། གླེན་པ་ཨུ་ཚུགས་ཀྱིས་སྡོད་དགོས་དོན་མེད་ཅིང་། མ་བསྡད་ན་མི་ཆོག་ཅེས་སུས་ཀྱང་གནམ་གྱི་རྒྱལ་པོའི་བཀའ་བཀོད་དེ་ཡང་འབེབས་མི་སྲིད་པས། ར་མ་ལུག་གི་ཆ་ལུགས་དེ་སྤངས་ནས་སྟབས་བདེ་བའི་ལམ་ཁ་ཞིག་བླངས་ན་མི་ཆོག་པ་ཅི་ཞིག་མཆིས། གྲྭ་པའི་གོ་ས་ལས་བབས་ཏེ་སྐྱ་སར་སྙེག་མཁན་ནི་སྔ་སྲོལ་དང་ད་སྲོལ་གཉིས་ཀར་ཧ་ཅང་གིས་མང་བས། ངོ་ཚ་དང་འཇིགས་སྔངས་ཀྱིས་འདར་སིག་ལང་དགོས་དོན་མེད་ལ། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་བཟུང་སྟེ་ཡིན་ལ་མིན་ལ་བྱས་ནས་བསྡད་པ་ལས་རང་གི་བསམ་ཕྱོགས་དང་མཐུན་ཞིང་མོས་པའི་ལམ་བུ་གཅིག་གི་སྒང་ནས་འགྲོ་ཐུབ་ན་ཅི་འདྲའི་ལྟ་བདེ་ཉན་བདེ་ཞིག་མིན་ཨང་།
དེེས་ན་ཕ་ཡུལ་གྱི་ཁ་དཔེ་ཞིག་ལ། མིའི་ལག་ཏུ་ཡོད་དུས་ཁྲ་ཁྲ་དང་། རང་གི་ལག་ཏུ་ཡོད་དུས་ནག་ནག ཅེས་པ་ལྟར་ཕྱི་ལུགས་པ་ཞིག་གིས་བརྗོད་ཚད་ཡང་དག་པ་དང་། རང་ཉིད་ཀྱི་རིག་གཞུང་ཡོད་ཚད་རྫུན་གྱི་ཕུང་པོ་ལྟ་བུར་བརྗོད་ཅིང་སྔོན་ཐོན་གྱི་གྲལ་དུ་སླེབས་ཡོད་པར་རློམ་པའི་སྐྱེ་བོ་དག་ལ་འདི་ལྟར་བརྗོད་སྙིང་སྤྲོ།  
སྤྱིར་བཏང་མི་སུ་ཡིན་ཡང་ཨ་གསར་གྱིས་རྒྱུད་མ་བསླད་པ་ནི་འཕགས་པ་འདྲ་ཡིན་ན་མ་གཏོགས་ཕལ་ཆེར་ཡོད་མི་སྲིད་པས། རང་གཞན་སུ་ལ་ཡང་གསར་རྙིང་གི་གོམས་ཕྱོགས་མི་འདྲ་བ་ཡོང་བ་ནི་དངོས་པོའི་ཆོས་ཉིད་ཅིག་ཡིན་མོད་ཀྱི། དེ་ལྟར་ནའང་ཨ་གསར་ཆེ་དྲགས་ནས་འཕག་འཚག་ལངས་དྲགས་ན་མི་གཙང་བའི་འདམ་དུ་མི་ལྷུང་བའི་ངེས་པ་མེད་ལ། འདིའི་རིགས་ཀྱིས་བསམ་གཞིག་ཏན་ཏན་ཏིག་ཏིག་མ་བྱས་ན། རང་གཞན་གཉིས་ཆ་འཕུང་བའི་རྒྱུ་ཞིག་ལས་ཅི་ཡང་མེད་པའི་གནས་ལུགས་དེ་སྔ་ས་ནས་མཁྱེན་ན་ཅི་མ་རུང་།
དེ་ལ་མི་འགའ་ཞིག་གིས་འདི་ལྟར་ཟེར་སྲིད། ནང་ཆོས་ལ་དད་པ་དང་། གྲྭ་པར་དུངས་སོང་བའི་དབང་གིས་མ་ཡིན་ཡང་། གྲྭ་པའི་ཤམ་ལྭ་འདི་སྲོལ་རྒྱུན་གྱི་གྱོན་ཆས་ཙམ་དུ་བརྩིས་ཏེ་བེད་སྤྱོད་བྱེད་ཀྱི་ཡོད་ཅེས། ཁ་བདེ་བདེ་དང་ལྕེ་རྣོ་རྣོས་རྗོད་མཁན་མང་ཡང་། དེ་དག་ནི་ཆོས་དང་འཇིག་རྟེན་གང་གི་ཐད་ནས་ཀྱང་མ་འཇོན་པའི་རིགས་ཤ་སྟག་གི་རྗོད་ཚུལ་ཙམ་ལས། དོན་སྙིང་པོ་རུམ་དུ་འཇུག་རྒྱུའི་བྲོ་དང་། ཁ་ནང་གཞག་རྒྱུའི་བུ་རམ་ཞིག་ཡོད་པར་མི་སེམས་སོ།།
གཞན་ཡང་ལ་རྒྱའི་ཁ་ཕོ་དང་རང་རིགས་ལ་དུངས་ཞེན་ཟེར་བ་ནི་དྲི་ཙམ་ཡང་མི་བྲོ་ཞིང་། དུས་རབས་དང་སྤྱི་ཚོགས་ཀྱི་འགྲོ་སྟངས་ཡོད་མདོག་བྱེད་ཅིང་། བསམ་བློ་ཡར་ཐོན་པའི་གྲལ་དུ་སླེབས་ཡོད་པར་ཁས་འཆེ་བའི་མི་བུ་འགའ་ཞིག་གིས། ལྟ་བ་མཁྲེགས་འཛིན་དང་ཀླད་རྙིང་སོགས་མིང་ཁ་ཤས་རྟག་ཏུ་ཁ་ནས་གླེང་གིན། ས་སྒང་གོ་ལ་འདིའི་གཙོ་སྐྱོང་བ་ཁོ་རང་ཡིན་འགྲོ་བསམ་བསམ་རེ་བྱས་ནས། སྐད་ཡིིག་དང་རིག་གཞུང་ལ་རྡོག་རྫིས་གཏོང་ཅི་ཐུབ་དང་སྟ་རེས་གཞུ་གང་ཐུབ་བྱེད་མཁན་དག་ལ། རེ་བ་སྟོང་གི་ཀློང་ནས་སྐུལ་མ་ཞིག་བྱེད་འདོད་པ་ནི།
མི་རིགས་གང་ཞིག་ཡིན་རུང་རང་ཉིད་མི་རིགས་དེ་ཡིན་པའི་གཟི་བརྗིད་དང་སྤོབས་པ་ཡོད་དགོས་ལ། རང་ཉིད་ལ་མི་རིགས་དེའི་འགན་འཁྲི་དང་ཐོབ་ཐང་ཡོད་པའང་བརྗེད་མི་རུང་། རྒྱུ་མཚན་ནི་མི་རིགས་དེ་དང་ཁྱེད་ཀྱི་བར་ཐུན་མིན་གྱི་འབྲེལ་བ་ཞིག་ཡོད་པ་ནི་ཤ་ཁྲག་རུས་གསུམ་དང་འབྲེལ་བས་དམ་དུ་བཅིངས་ཡོད་ལ། ལུས་ངག་ཡིད་གསུམ་དང་དམ་ཚིག་གིས་ཨ་ལོང་སྦྲེལ་ཡོད་པས་སོ། །དེས་ན་ཇི་སྐད་དུ། ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱི། །ཐམས་ཅད་ལད་མོ་བྱས་ན་སྨྱོན་པ་ཡིན། །ཞེས་པ་ལྟར་ཡོད་ཚད་ནས་ཡོད་ཚད་གཞན་གྱི་ལད་ཟློས་རྐྱང་རྐྱང་བྱེད་དགོས་ན་རང་ཉིད་ཀྱི་ངོ་བོ་གང་ཞིག་ཏུ་གནས་ཡོད་མེད་ལའང་ཐུགས་གཞིག་གཟབ་ནན་ཞིག་གཏང་དགོས་པའི་དུས་སུ་སླེབས་འདུག་གོ།
ད་དུང་གང་ཟག་འདིའི་རིགས་ཀྱིས་རང་ཉིད་ཀྱིས་རང་ཉིད་ལ་སྨད་ར་དང་སྐྱོན་བརྗོད་ཅིག་བྱས་ན། མི་གཞན་གྱིས་འདི་ནི་དྲང་བདེན་དང་ལྷག་བསམ་ཅན། བསམ་ཕོད་ལ་བཤད་ཕོད་པའི་སྙིང་སྟོབས་ཅན་ཞེས་བསྟོད་ར་རེ་བྱེད་ཨེ་ཡོང་བསམས་ནས། གནས་ཚང་གཡར་སར་སྐྱག་པ་གཏོང་རྐྱང་བྱེད་ན་ཡང་། ཁ་ནང་དུ་བསྐོར་ཏེ་བསམ་བློ་ཞིབ་འདང་ཞིག་བརྒྱབ་ན། འདི་ལ་དྲང་བདེན་དང་། ལྷག་བསམ། སྙིང་སྟོབས་སོགས་ཀྱི་མིང་ཙམ་ཡང་མི་འཐོབ་ལ། གལ་ཏེ་འདི་རིགས་ལ་རྒྱབ་སྐྱོར་དང་ཡི་རང་བྱེད་མཁན་ཞིག་ཡོད་པའི་དབང་དུ་བཏང་ཡང་། དེ་ནི་ཁོ་རང་འདྲེ་ཤར་ལ་བཞག་སྟེ། གཏོར་མ་ནུབ་ལ་རྫོང་མཁན་ཞིག་ཡིན་པར་ནེམ་ནུར་མེད། གཞན་ཡང་འདྲ་ཆགས་མདོག་ཁ་པོར་ཤོད་སྟངས་ཤིག་ལ། བསམ་བློའི་རང་དབང་དང་། སྨྲ་བརྗོད་རང་དབང་ཞེས་པའི་ཚིག་འདི་རེད། ཚིག་འདི་ནི་བརྡ་འདོགས་མཁན་པོས་ཐོག་མར་བརྡ་འདོགས་སྐབས། རང་མགོ་རྡུང་བའི་ཐོ་བ་དང་། གཞན་སྐྱོན་འཚོལ་བའི་རྒྱང་ཤེལ། གཞི་མེད་སྐྱོན་འཛུགས་བྱེད་པའི་རྒྱང་གྲགས་ཤིག་ལ་དམིགས་ནས་ཆེད་དུ་བཟོས་པ་འདྲ། མི་ཚོས་ཚིག་འདི་ཁ་ལ་ཁྱེར་ནས་དྲང་བདེན་དང་གནས་ལུགས་ཡོད་མེད་ལ་མི་ལྟོས་པར། ཁེ་དང་གྱོང་གང་ཞིག་འབྱུང་མིན་ལ་མི་ལྟ་བར། ཐོ་བ་ཆེ་ཐག་ཆོད་ཅིག་གིས་རང་གི་མགོ་ལ་གཞུ་རྐྱང་བྱེད་པ་ནི་ཅི་འདྲའི་བླུན་རྨོངས་ཀྱི་བྱ་སྤྱོད་ཅིག་རེད་ཨང་།
འདིའི་རིགས་ལ་གསལ་བཤད་བྱ་རྒྱུ་ཞིག་ནི་ཁྱེད་ལ་ཡོད་པའི་ཐོབ་ཐང་ཁྱེད་ལ་མཛའ་ཞིང་ཁྱེད་ཀྱིས་བྱེད་པར་འོས་ལ། ཁྱེད་ལ་མེད་པའི་ཐོབ་ཐང་ནི་ལད་མོ་ཇི་ཙམ་བྱས་ཀྱང་ཁྱེད་ལ་མི་མཛའ་ཞིང་བྱེད་པར་མི་འོས་པ་དེའང་འཇིག་རྟེན་མཐུན་འཇུག་གི་གནས་ལུགས་དངོས་མ་དེ་ཡིན།
མདོར་ན་སྣང་བ་ཐམས་ཅད་དགྲར་ལངས་ཏེ། གཞན་སྐྱོན་ལྟ་བར་རིག་པ་གློག་ལས་མྱུར་ཞིང་། རང་སྐྱོན་སྐུང་བར་ཐབས་བཀོད་མཚོ་ལས་ཟབ་པ། ངང་རྒྱུད་དང་མིག་རྒྱང་ནི་བ་སྤུ་ལས་ཕྲ་ཞིང་ཐུང་བའི་སྐྱེ་བོ་དེ་དག་སྤྱི་ཚོགས་དང་ཡུལ་ལུང་གང་ཞིག་ཏུ་སོང་ཡང་། བདེ་སྐྱིད་དང་འཆམ་མཐུན་ཟེར་བའི་མིང་ཙམ་ཡང་དཀོན་ཚོད་རེད་ལ། གཟུར་གནས་ཅན་གཞན་གྱིས་ཀྱང་མཆིལ་ཞགས་འཕེན་ས་དང་མིག་ལོག་གིས་ལྟ་ས་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད། དེའང་ལེགས་བཤད་ལས། མི་ལ་ལྟ་བའི་མིག་ཡོད་ཀྱང་། །རང་ལ་ལྟ་ན་མེ་ལོང་དགོས། །རང་བློ་ནང་དུ་མ་བསྡུས་ན། །རང་སྐྱོན་རང་གིས་མཐོང་བར་དཀའ། །ཞེས་པ་ལྟར་རྣམ་ཀུན་གཞན་གྱི་སྐྱོན་འཚོལ་བའི་མིག་སྒོ་དེ་མ་ཡིན་པར། རང་སྐྱོན་ལྟ་སའི་མེ་ལོང་ཞིག་ཕྱག་ཏུ་བསྣམས་ན་དོན་མེད་ཀྱི་རྙོག་གླེང་དེ་དག་ཀྱང་ངང་གིས་ཞི་བར་འགྱུར་ཞིང་། རང་གཞན་ཐམས་ཅད་འགྲོ་འདུག་བདེ་བའི་ཐབས་ལམ་ཞིག་ཀྱང་ཡིན་པར་མཐོང་ངོ་།།
འདིར་གཏམ་འཆལ་མང་དག་ཅིག་སྤུངས་པ་ནི་ཁོ་བོས་རང་ཉིད་ཀྱི་བསམ་ཚུལ་རྗེན་གཅེར་དུ་བསྟན་པ་ཞིག་ལས། མི་ཆེན་གྱི་འགྱིང་དང་བླ་ཆེན་གྱི་ཉམས། མཁས་པའི་ཡོན་ཏན་ངོམས་པ་ཞིག་མ་ཡིན་ལ། བྲང་གོག་ཡར་བསྟན་དང་སོར་བཅུ་ཐལ་སྦྱར་གྱི་རེ་བའི་མིག་ཞགས་ཤིག་ལས། ཆོག་མི་ཆོག་དང་འགྲིག་མི་འགྲིག་གི་ས་སྐྱོང་གོང་མ་རྒྱལ་པོའི་བཀའ་བཀྱོན་དེ་བས་ཀྱང་མིན། དེས་ན་རང་བློར་གང་འཆར་གང་ཤེས་རྣམས་ཐད་ཀར་བཀོད་ཅིང་སྤེལ་བ་ལས། ཚིག་འདི་དག་གི་རྒྱབ་ལོགས་ན་གོ་བ་དམིགས་བསལ་བ་ཞིག་དང་། ཟུར་ཟའི་གསང་བ་རེ་ཨེ་ཡོད་སྙམ་པའི་རི་བོང་གནམ་རྡིབ་ཀྱི་ཐེ་ཚོམ་དེའང་དགོས་དོན་གཏན་ནས་མེད་ལ། ཨ་འགྲེལ་ཡང་འགྲེལ་གྱི་དགོངས་འགྲེལ་དེའང་ཡེ་ནས་མི་དགོས་སོ།།
༢༠༡༥ / ༠༨/༣༠

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།