རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ལོ་རྒྱུས།

ལོ་རིམ་དྲུག་པའི་སློག་གཉེར་བ། སྤྲུལ་སྐུ་འཆི་མེད་ཚེ་དབང་།

ཀུན་བཟང་གདོད་མའི་མགོན་པོ་སྣང་མཐའ་ཡས།།
སྟོན་པ་བཅུ་གཉིས་དགའ་རབ་ཤྲཱི་སེང་།།
བི་མ་པད་འབྱུང་དྲི་མེད་འོད་ཟེར་ཞབས།།
དབྱེར་མེད་ཀུན་མཁྱེན་འཇིགས་བྲལ་གླིང་པར་འདུད།།

དེ་ཡང་བཀའ་ཐམས་ཅད་ཀྱི་རྒྱལ་པོ། རྒྱུད་ཐམས་ཅད་ཀྱི་ཡང་སྙིང་། ཐེག་པ་ཐམས་ཅད་ཀྱི་རྩེ་མོ། ལུང་ཐམས་ཅད་ཀྱི་ཕྱི་མོ། འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཉིང་ཁུ་ཐམས་ཅད་གཅིག་ཏུ་བསྡུས་པ། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེ་ཇི་ལྟར་བརྒྱུད་པའི་ཚུལ་མདོ་ཙམ་འཆད་པ་ལ།

འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེན་པོ་ཐོག་མའི་མགོན་པོ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་དེ་ཉིད་དབྱིངས་རྣམ་པར་དག་པ་སྤྲོས་པའི་མཐའ་བརྒྱད་དང་ཡོངས་སུ་བྲལ་བའི་སྣང་སྟོང་མཉམ་པར་སྦྱོར་བའི་དབྱིངས་ཡེ་ཟུང་འཇུག་ཆེན་པོའི་རང་བཞིན་དེ་ཉིད། མཚོན་བྱེད་རྟགས་ཀྱི་ལྷ་ཚོགས་མཚན་དཔེ་ཞལ་ཕྱག་གི་རྣམ་པར་སྐུར་བཞེངས་ཤིང་ཐུགས་ཀྱི་བསྟན་པ་ཆོས་ཉིད་རྡོ་རྗེ་སུས་ཀྱང་བྱས་པ་མེད་པ་དང་ལྷན་ཅིག་གོ །ལོངས་སྐུའི་དུས་ན་རིགས་ལྔའི་སངས་རྒྱས་ཀྱི་སྐུར་བཞེངས་ཏེ་གསུང་གི་བསྟན་པ་རང་བྱུང་གི་ཡི་གེ་ཆེན་པོ་བསྟན་པའི་བུ་གཅིག་གི་ཆོས་ཉིད་ཀྱི་རང་སྒྲར་གནས་པ་དང་ལྷན་ཅིག་གོ །སྤྲུལ་སྐུའི་དུས་ན་མཚན་རྫོགས་རྡོ་རྗེ་འཆང་གི་སྐུར་བཞེངས་ནས་སྐུ་ཡི་བསྟན་པ་སངས་རྒྱས་ཀྱི་བྱིན་རླབས་ལས་རང་ཤར་བ་དང་ལྷན་ཅིག་གོ །དེ་ལྟར་སྐུ་གསུང་ཐུགས་ཀྱི་བསྟན་པ་དངོས་ནི་སྐུ་གསུམ་དང་ལྷན་ཅིག་ཏུ་འོག་མིན་གྱི་ཞིང་ན་གནས་པ་ལ་གཟུགས་བརྙན་གྱི་བསྟན་པ་གསུམ་ནི་འཛམ་བུ་གླིང་ན་གནས་ཏེ། སྤྲུལ་པ་དུ་མ་འཕྲོ་བས་སེམས་ཅན་དོན་རང་བཞིན་གྱིས་མཛད་དོ། །དེ་ཡང་མཚན་དཔེ་ཡོངས་རྫོགས་སྤྲུལ་པའི་སྐུར་བཞེངས་ནས་འགྲོ་བའི་དོན་མཛད་པ་ལས།

དང་པོ་ཡུལ་དགའ་ལྡན་བརྩེགས་པར་སྟོན་པ་རྡོ་རྗེ་འཆང་ཉིད་ཁྱེའུ་སྣང་བ་དམ་པ་བསམ་མི་ཁྱབ་པའི་སྐུར་བཞེངས་ནས། གནས་ཕུན་སུམ་ཚོགས་པ་མེ་ཏོག་པདྨའི་སྦུབས་ཁ་སྟོང་དང་ལྡན་པར། འཁོར་ཕུན་སུམ་ཚོགས་པ་སངས་རྒྱས་སྟོང་རྩ་གཅིག་སྔོན་དུ་སྤྲུལ་པས་བཀོད་པ་ལ། ཆོས་ཕུན་སུམ་ཚོགས་པ་བསྟན་པ་ཐམས་ཅད་ལས་སྔ་བ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ཆེན་པོ་ཉིད། དུས་ཕུན་སུམ་ཚོགས་པ་ཚེ་ལོ་དཔག་ཏུ་མེད་པའི་སྔོན་རོལ་དུ་གསུངས་སོ།།

གཉིས་པ་སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་ཉིད་གནས་མི་མཇེད་འཇིག་རྟེན་གྱི་ཞིང་དུ་ཚེ་ལོ་བྱེ་བའི་དུས་སུ་འཁོར་མཁའ་འགྲོ་འབུམ་ཕྲག་གཉིས་ལ་ཆོས་སྐུ་གསུང་ཐུགས་ཀྱི་རྒྱུད་ལྔ་གསུངས་སོ།།

གསུམ་པ་སྟོན་པ་འཇིགས་པ་སྐྱོབ་པའི་ཡིད་ཀྱིས་གནས་དྲོད་གཤེར་ལྡན་པའི་འོད་ཀྱི་ཕུང་པོར་འཁོར་བྱང་སེམས་འབུམ་ཕྲག་དྲུག་ལ་བསྟན་པ་འཁོར་བ་དོང་སྤྲུག་སོགས་ཚེ་ལོ་འབུམ་གྱི་དུས་སུ་གསུངས་སོ།།

བཞི་པ་སྟོན་པ་གཞོན་ནུ་རོལ་པ་རྩལ་གྱིས་གནས་ཆགས་འབྱུང་མངལ་དུ་སྣང་བར་འཁོར་གནོད་སྦྱིན་དང་བྲག་སྲིན་འབུམ་ཕྲག་གཅིག་ལ། ཆོས་སེམས་སྡེ་རྩ་བ་དང་ཡན་ལག་གི་རྒྱུད་བཅུ་གཅིག་ཚེ་ལོ་བརྒྱད་ཁྲིའི་དུས་སུ་གསུངས་སོ།།

ལྔ་པ་སྟོན་པ་རྡོ་རྗེ་འཆང་གིས་གནས་འཚོ་བྱེད་གཞོན་ནུའི་ལྡུམ་རར་འཁོར་སངས་རྒྱས་རབས་བདུན་ལ་སོགས་པ་ལ་བསྟན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཚེ་ལོ་བདུན་ཁྲིའི་དུས་སུ་གསུངས་སོ།།

དྲུག་པ་སྟོན་པ་གཞོན་ནུ་སྟོབས་ལྡན་དཔའ་བོ་ཆེན་པོས་གནས་གསང་ཆེན་རོལ་པའི་དུར་ཁྲོད་དུ་འཁོར་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་བདུན་ལ། ཆོས་ཕ་རྒྱུད་མ་རྒྱུད་ལ་སོགས་པ་ཚེ་ལོ་དྲུག་ཁྲིའི་དུས་སུ་གསུངས་སོ།།

བདུན་པ་སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོས་གནས་སྲིན་པོ་རུ་ལུའི་སྒྲ་དང་ལྡན་པར་འཁོར་སྲིན་པོ་བྱེ་བ་གཅིག་ལ། ཆོས་རགས་པ་འདུལ་བའི་རྒྱུད་བཅུ་ལ་སོགས་པ་ཚེ་ལོ་ཁྲི་པའི་དུས་སུ་གསུངས་སོ།།

བརྒྱད་པ་སྟོན་པ་དགྲ་བཅོམ་གསེར་འོད་དམ་པས་གནས་བྱ་རྒོད་ཕུང་པོའི་རི་བོར་འཁོར་ཉན་ཐོས་རྫུ་འཕྲུལ་དང་ལྡན་པ་དཔག་ཏུ་མེད་པ་ལ། ཆོས་འདུལ་བ་ཁྲི་ཕྲག་དཔག་ཏུ་མེད་པ་ཚེ་ལོ་ལྔ་སྟོང་གི་དུས་སུ་གསུངས་སོ།།

དགུ་པ་སྟོན་པ་བརྩེ་བས་རོལ་པའི་བློ་གྲོས་ཀྱིས་གནས་སོག་པོ་གཡུ་ཡི་སྨིན་མ་ཅན་གྱི་གནས་སུ་འཁོར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། ཆོས་ཕ་རྒྱུད་བདུན་ལ་སོགས་པ་ཚེ་ལོ་སྟོང་གི་དུས་སུ་གསུངས་སོ།།

བཅུ་པ་སྟོན་པ་འོད་སྲུང་བགྲེས་པོས་གནས་བྱ་རྒོད་ཕུང་པོའི་རི་བོར་འཁོར་ཚེ་དང་ལྡན་པ་བདུན་ལ། ཆོས་མདོ་སྡེ་དང་ཀྲི་ཡ། ཨ་ནུ་ཁྲི་ཕྲག་བརྒྱད་ལ་སོགས་པ་ཚེ་ལོ་ལྔ་བརྒྱའི་དུས་སུ་གསུངས་སོ།།

བཅུ་གཅིག་སྟོན་པ་མངོན་རྫོགས་རྒྱལ་པོས་གནས་མཆོག་རྡོ་རྗེ་གདན་དུ་འཁོར་རིགས་གསུམ་མགོན་པོ་ལ། ཆོས་ངེས་པའི་དོན་འབའ་ཞིག་ཚེ་ལོ་སུམ་བརྒྱ་པའི་དུས་སུ་གསུངས་སོ།།

བཅུ་གཉིས་སྟོན་པ་ཤཱཀྱ་ཐུབ་པས་གནས་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་འཁོར་རྣམ་པ་བཞི་ལ་སོགས་པར། ཆོས་བདེན་བཞི་ལ་སོགས་པ་ཚེ་ལོ་བརྒྱ་པའི་དུས་སུ་གསུངས་སོ། །དེ་ལྟར་གནས་དུས་ཐ་དད་པར་བྱོན་པའི་རྫོགས་ཆེན་སྟོན་པ་བཅུ་གཉིས་འདི་དག་ཀྱང་རྡོ་རྗེ་འཆང་གཅིག་གི་དགོངས་པ་ཉིད་རིམ་པར་བརྒྱུད་པའི་ཕྱིར་དང་། དེ་ཡང་ལོངས་སྐུ་དང་ཆོས་སྐུའི་སྟོན་པ་དགོངས་པ་གཅིག་པོ་ཉིད་དེ་ལྟར་བརྒྱུད་པའི་ཕྱིར་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ།།

དེ་ལྟར་སྟོན་འཁོར་དབྱེར་མེད་དཔལ་རྡོ་རྗེ་སེམས་དཔས་ལྷ་ཡུལ་དུ་ལྷའི་བུ་སེམས་ལྷག་ལ་གནང་ཞིང་། སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ཙམ་གྱི་རྗེས་ལ་ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་སློབ་དཔོན་དགའ་རབ་རྡོ་རྗེ་སྐུ་འཁྲུངས། དཔལ་རྡོ་རྗེ་སེམས་དཔས་ཞལ་མངོན་སུམ་དུ་བསྟན་ནས་རིག་པ་སྤྱི་བླུགས་ཀྱི་དབང་གིས་མི་སློབ་པའི་ཡེ་ཤེས་མངོན་དུ་མཛད་པའི་ཚུལ་བསྟན་ཅིང་། རྫོགས་པ་ཆེན་པོ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་བཞུགས་པ་རྣམས་ཡི་གེར་འགོད་པར་ལུང་བསྟན་པ་ལྟར། ཚིག་རྣམས་རི་བོ་མ་ལ་ཡའི་རྩེ་མོར་མཁའ་འགྲོ་མ་འཇིག་རྟེན་བདེ་བའི་རོ་དང་ལྡན་པ་དང་། བདེ་བྱེད་སེར་མོ། ཡོན་ཏན་མཐའ་ཡས་པ་བཅས་ཀྱིས་ལོ་གསུམ་བར་དུ་དཀར་ཆག་ཏུ་བཏབ། རང་བྱུང་རང་བབ་ཀྱི་ཡི་གེ་སྤྲུལ་པའི་སྐུ་དང་བཅས་པ་ཕྱིན་ཅི་མ་ལོག་པར་ལེགས་པར་བཀོད་ནས་མཁའ་འགྲོ་མ་མངོན་པར་འབྱུང་བའི་ཕུག་ཏུ་བཞུགས་སུ་གསོལ། སློབ་དཔོན་ཉིད་དུར་ཁྲོད་བསིལ་བ་ཚལ་དུ་གཤེགས་ནས་མཁའ་འགྲོ་མ་ཉི་མའི་འོད་ཟེར་སོགས་ལ་ཆོས་བསྟན་ཏེ་མཁའ་འགྲོ་མ་འབུམ་ཕྲག་མང་པོ་འཇའ་ལུས་སུ་གྲུབ་ཅིང་སློབ་དཔོན་རང་ཉིད་ཀྱང་ཆུ་བོ་དན་ཏིག་བྱ་བར་འོད་ཕུང་དུ་ཡལ། དེ་ལས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་གསན་ནས་རྫོགས་པ་ཆེན་པོ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་རྣམས་སེམས་ཀློང་མན་ངག་སྡེ་གསུམ་དུ་ཕྱེ་བར་མཛད། དེ་ནས་རྒྱ་ནག་གི་རིག་འཛིན་ཆེན་པོ་ཤྲཱི་སེངྷས་ཞུས་ཤིང་། དེ་ལས་མཁས་པ་ཛྙཱ་ན་སུ་ཏྲ། དེས་བི་མ་མི་ཏྲ་ལ་གནང་ནས་དར་བར་མཛད་པ་དང་། ཡང་གུ་རུ་པདྨ་འབྱུང་གནས་ལ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་ནས་རྫོགས་པ་ཆེན་པོའི་ཆོས་མ་ལུས་པ་ཁོང་དུ་ཆུད་ཀྱང་གདུལ་བྱ་ཐུན་མོང་གི་དབང་དུ་རིག་འཛིན་ཤྲཱི་སེངྷ་ལས་གསན་པའི་ཚུལ་བསྟན་པར་མཛད་པ་བཅས་ལ་རིག་འཛིན་བརྡ་བརྒྱུད་ཅེས་བྱའོ།།

དེ་ལྟར་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གསུམ་ལས་མན་ངག་སྡེའི་ཟབ་པ་སྙིང་ཐིག་གི་སྐོར་རྣམས་བོད་གངས་ཅན་ལྗོངས་སུ་བི་མ་དང་པདྨའི་བཀའ་སྲོལ་གཉིས་བྱུང་ཞིང་། དེ་གཉིས་གང་ལ་ཐུག་པའི་ཆུ་མགོའི་དབང་དུ་བྱས་ན་ཤྲཱི་སེངྷ་ནས་སློབ་དཔོན་པདྨ་དང་ཛྙཱ་ན་སུ་ཏྲ་རྣམ་པ་གཉིས་ལས་གྱེས་ཏེ། བཀའ་བབ་ཀྱི་ཆུ་བོ་ཆེན་པོ་མ་འདྲེས་སོ་སོར་བརྒྱུད་པ་རྣམས་ཀུན་མཁྱེན་ཆེན་པོ་རྒྱལ་དབང་ཀློང་ཆེན་རབ་འབྱམས་དཔལ་བཟང་པོ་གང་གི་ཐུགས་ཀྱི་འོ་མཚོར་གཅིག་ཏུ་འཁྱིལ་ཚུལ་འོག་ཏུ་འཆད་པར་འགྱུར་རོ།།

དང་པོ་བི་མ་སྙིང་ཐིག་ནི།

དེ་ཡང་བོད་དུ་བཙན་པོ་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་རྣམ་གཉིས་སྤྱན་དྲངས་ནས་སངས་རྒྱས་བསྟན་པའི་རྒྱལ་མཚན་དགུང་ལ་བསྒྲེངས། གྲགས་ཆེན་གྱི་ལོ་ཙཱ་བ་མང་པོ་ཞིག་གསོ་སྐྱོང་གནང་ཞིང་། ལོ་ཆེན་བཻ་རོ་ཙ་ནས་རྫོགས་ཆེན་དར་སྤེལ་མཛད་པ་ལ་བློན་ཆེན་རྟ་ར་ཀླུ་ཁོང་དང་བཙུན་མོ་ཚེ་སྤོང་བཟའ་སོགས་བོན་ལ་དགའ་བའི་བློན་པོ་སྐོར་ཞིག་གིས་ཆོས་དར་བ་ལ་སྙིང་ནས་མ་བཟོད་ཀྱང་མདོ་ཕྱོགས་ལ་སྙད་འདོགས་ས་མ་རྙེད་པས་བྱེད་ཐབས་མ་བྱུང་མོད། རྒྱ་གར་ནས་ཆོས་ལ་ཕྲག་དོག་གིས་ཕྲ་མ་བྱུང་བར་བསྟུན། ཤ་ལྔ་བདུད་རྩི་ལྔ་སོགས་སྔགས་ཀྱི་དམ་རྫས་དང་ཕྱག་ལེན་མཛད་ཚུལ་གྱི་གསང་བ་འགའ་ཞིག་བཙུན་མོས་མཐོང་བས་མུ་སྟེགས་པའི་ངན་སྔགས་སྤེལ་གྱིན་འདུག་ཅེས་སྐྱོན་བརྗོད་བྱས་ཤིང་། སྦ་གསལ་སྣང་སོགས་འདུལ་བ་ལ་གཙིགས་ཆེར་འཛིན་པའི་བན་དེ་རྣམས་ཀྱིས་ཀྱང་དེ་ལ་རྒྱབ་སྐྱོར་གྱིས་གསང་སྔགས་དར་བར་བཀག་འགོག་ཆེན་པོ་མཛད་པ་དང་། ཉང་ཏིང་འཛིན་བཟང་པོ་གཙོས་སྔགས་ལ་མོས་པའི་སློབ་དཔོན་འགས་སྦ་གསལ་སྣང་ཆོས་ཀྱི་འདུན་སའི་གཙོ་འཛིན་དུ་བསྐོས་ཤིང་། ཆོས་ཁྲིམས་ཀྱི་བཀོད་འདོམས་མཛད་ཕྱོགས་ལ་ཡི་མ་རངས་པའི་རྣམ་འགྱུར་མང་ཙམ་བསྟན་པ་སོགས་མདོ་སྔགས་གཉིས་ཀྱི་བར་འགལ་བ་མང་དུ་བྱུང་ནས། ལོ་ཆེན་བཻ་རོ་ས་མཐའ་རྒྱལ་མོ་ཚ་བ་རོང་དུ་སྤྱུག་སྐབས་རྒྱལ་པོ་ལ་སློབ་དཔོན་བི་མ་མི་ཏྲ་སྤྱན་དྲངས་ན་ངའི་ཆོས་ཁུངས་བཙུན་མིན་རྟོགས་ཡོང་ཞུས་པ་ལྟར། རྒྱལ་པོས་རྒྱ་གར་ནས་སློབ་དཔོན་བི་མ་མི་ཏྲ་སྤྱན་དྲངས་ནས་རྗེ་འབངས་རྣམས་ལ་སྔགས་ཀྱི་སྐོར་མང་དུ་གསུངས་ཤིང་བཻ་རོའི་སློབ་མ་རྒྱལ་མོ་གཡུ་སྒྲ་སྙིང་པོས་ལོ་ཙཱ་མཛད་ནས་སེམས་སྡེ་ཕྱི་འགྱུར་བཅུ་གསུམ་བསྒྱུར་པ་དང་།

ཤིན་ཏུ་ཟབ་པ་མན་ངག་སྙིང་ཐིག་ནི་བཙན་པོ་དང་བློན་ཆེན་ཉང་ཏིང་འཛིན་བཟང་པོ་སོགས་སྐལ་ལྡན་འགའ་ལ་ལྐོག་ཆོས་སུ་གསུངས་པ་ལས་གཞན་རྣམས་སྔགས་ལ་དེ་ཙམ་མི་མོས་པས་མ་སྤེལ། ཟབ་པ་པོད་བཞི་མཆིམས་ཕུ་དགེ་གོང་དུ་སྦས་ཤིང་། ལོ་བརྒྱ་རེའི་མཚམས་སུ་བོད་དུ་སྤྲུལ་པ་རེ་བྱོན་ནས་སྙིང་ཐིག་གི་བསྟན་པ་གསལ་བར་མཛད་རྒྱུའི་ཞལ་བཞེས་དང་བཅས་རྒྱ་ནག་ཏུ་གཤེགས། བི་མ་ལ་རྒྱ་ནག་ཏུ་གཤེགས་རྗེས་ལོ་ང་ལྔའི་རྗེས་སུ་ཉང་ཏིང་འཛིན་བཟང་པོ་ཟག་པ་ཟད་པའི་ཕུང་པོར་གྱུར། བན་དེ་ཉང་ཏིང་འཛིན་བཟང་པོས་ལྷ་སྲས་མུ་ཏིག་བཙན་པོའི་བུ་རྫི་མཛད་དེ་ཆུང་དུས་ནས་ཕ་མ་ལྟར་གཅེས་པར་བསྐྱངས་པ་མི་ཚད། བཙན་པོ་ཡབ་ཁྲི་སྲོང་ལྡེའུ་བཙན་གཤེགས་རྗེས་ཆོས་ལུགས་དང་ཆོས་ལུགས་བར། ཆབ་སྲིད་དང་ཆབ་སྲིད་བར། ཆོས་དང་ཆབ་སྲིད་སོགས་ཤོག་ཁག་སྣ་ཚོགས་སུ་གྱེས་པས་འཐབ་རྩོད་ཀྱི་ཡོ་ལང་འཁྲིགས་ནས་གཅེན་པོ་ལྷ་སྲས་མུ་ནེ་བཙན་པོ་དུག་གིས་བཀྲོངས་པ་དང་། གཅུང་མུ་ཏིག་བཙན་པོའི་སྐུ་ལའང་མཐོ་འཚམ་ཞིང་སྐུ་ན་ཆུང་བ་ལ་བསྙད་དཀྲིས་ནས་གསེར་ཁྲི་ཞང་བློན་རྣམས་ཀྱིས་འཕྲོག་རྩིས་བྱས་ཀྱང་ཆོས་སྲིད་གཉིས་ཀའི་ཕྱོགས་ལ་དབང་ཆ་ཡོད་པའི་བན་དེ་ཉང་ཏིང་འཛིན་བཟང་པོས་ལྷ་སྲས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་མཛད་པས་ཁྲིར་འཁོད་ཐུབ་པའི་བཀའ་དྲིན་ལ་ནང་བློན་ཆེན་པོར་བསྐོས་ཤིང་། རྡོ་རྗེ་ལེགས་པས་ཁམས་སུ་སེར་བ་ཕབ་སྟེ་ནས་རྔ་མོའི་རྒྱབ་ཁལ་བརྒྱ་ཕུལ་བར་བརྟེན་ཁོང་རང་སྒེར་གྱིས་ལྷ་ཁང་ཞིག་བཞེངས་ཆོག་པའི་གནང་བ་ཞུས་པ་ལྟར་ཐོབ་སྟེ་དབུ་རུ་སྟོད་ཕྱོགས་སུ་ཞྭ་ལྷ་ཁང་བཞེངས་ཤིང་རྒྱལ་པོ་རང་ཉིད་ཀྱིས་ཆེ་བསྟོད་དང་རྒྱབ་གཉེར་གྱི་ཚུལ་དུ་རྡོ་རིང་གཉིས་འཛུགས་པར་མཛད་ནས་ད་ལྟ་ལོ་རྒྱུས་ཀྱི་དཔྱད་གཞི་གལ་ཆེར་སྣང་བ་དེ་ཀ་ཡིན། བཤད་རྒྱུད་ཀྱི་དཔེ་རྣམས་ལྷ་ཁང་དེ་ཉིད་ཀྱི་ཀེའུ་ཚང་རིམ་པ་གསུམ་གྱི་སྒོའི་ཀ་བའི་ཁོང་དུ་སྦས། སྙན་བརྒྱུད་རྣམས་སྦས་བློ་གྲོས་དབང་ཕྱུག་1ལ་བཤད་ནས་བྲག་ལྷ་ཀླུ་ཕུག་ཏུ་འཇའ་ལུས་འོད་སྐུར་དེངས། སྦས་བློ་གྲོས་དབང་ཕྱུག་གིས་འབྲོ་རིན་ཆེན་འབར་ལ་བཤད་ཅིང་། བཤད་རྒྱུད་རྣམས་ལོ་བརྒྱའི་2རིང་གཏེར་དུ་གཟིམས་ནས་གནས་བརྟན་ལྡང་མ་ལྷུན་རྒྱལ་ལ་དམ་ཅན་རྡོ་རྗེ་ལེགས་པའི་ལུང་བསྟན་བྱུང་བ་ལྟར་སྔར་ཉང་བན་ཆེན་པོས་སྦས་པའི་གཏེར་རྣམས་བཏོན་ཅིང་འབྲོ་རིན་ཆེན་འབར་3ལ་སྙན་བརྒྱུད་རྣམས་གསན། བི་མ་ལ་མི་ཏྲས་ལུང་བསྟན་པ་ལྟར་མཆིམས་ཕུ་དགེ་གོང་ནས་ཟབ་པ་པོད་བཞི་པོ་དེ་ཡང་གཏེར་ནས་བཞེས་ཏེ་ཉམས་སུ་བླངས་ཤིང་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་གསུངས། དེ་ནས་རིམ་བཞིན་སྤྲུལ་སྐུ་ཞང་སྟོན་ཆེན་པོ། སྲས་ཉི་འབུམ། གུ་རུ་ཇོ་བེར། འཁྲུལ་ཞིག་སེང་གེ་རྒྱ་པ། གྲུབ་ཆེན་མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མཱ་རཱ་ཛ། ཀུན་མཁྱེན་རྒྱལ་དབང་ཀློང་ཆེན་རབ་འབྱམས་བར་དུ་བརྒྱུད་དོ།།

གཉིས་པ་མཁའ་འགྲོ་སྙིང་ཐིག་ནི།

དེ་ཡང་ལོ་ཆེན་བཻ་རོས་གཙོ་བོ་རྫོགས་ཆེན་སེམས་ཀློང་གཉིས་དང་། སློབ་དཔོན་བི་མ་ལས་རྫོགས་པ་ཆེན་པོ་མན་ངག་སྡེ་དར་སྤེལ་མཛད་ཀྱང་དེ་དག་ཐམས་ཅད་ཕྱི་མའི་དུས་ཀྱི་ཚེ་བསྟན་པ་འཕེལ་འགྲིབ་མང་ཞིང་། བརྒྱུད་ཐག་རིང་བས་གདམས་ངག་རྣམས་ཚོང་འདུས་ཀྱི་འོ་མ་ལྟར་སྲེ་ལྷད་ཅན་དུ་གྱུར་ཏེ་ཕན་ཡོན་ཆུང་བར་གཟིགས་ནས་གུ་རུ་པདྨས་གཞོ་སྟོད་ཏི་སྒྲོར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ཤིན་ཏུ་ཟབ་པའི་རྫོགས་ཆེན་མན་ངག་སྡེ་རྣམས་ལྐོག་ཆོས་སུ་འདོམས་པར་མཛད། གུ་རུ་པདྨ་བོད་དུ་དར་སྤེལ་མཛད་པ་ལ་བརྟེན་ནས་པདྨ་སྙིང་ཐིག་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསུངས་པས་མཁའ་འགྲོ་སྙིང་ཐིག་ཅེས་ཀྱང་བྱ། སྐབས་དེར་ལྷ་བཙན་པོ་ཁྲི་སྲོང་གི་སྲས་མོ་ལྷ་ལྕམ་པདྨ་གསལ་ཞེས་པ་དེ་དགུང་ལོ་བརྒྱད་པའི་སྐབས་སུ་སྙུན་གཞི་ཚབས་ཆེན་བཞེས་ཤིང་། སློབ་དཔོན་གྱི་དྲུང་དུ་ཁྱེར་ནས་མཆིམས་ཕུར་སླེབས་པ་དང་ཚེ་ལས་འདས། སློབ་དཔོན་ཆེན་པོས་ཏིང་ངེ་འཛིན་གྱི་ལྕགས་ཀྱུས་རྣམ་པར་ཤེས་པ་བཀུག་ནས་སླར་ཡང་དབུགས་ཅུང་ཟད་སོས་པ་དང་། མན་ངག་མཁའ་འགྲོ་སྙིང་ཐིག་གི་བྱིན་རླབས་འཕོ་བའི་སྟོབས་ཀྱིས་གདམས་ནས་སྐྱེ་བ་རྗེས་མའི་ཆོས་སྐལ་དུ་དབང་བསྐུར། ཟབ་མོ་གཏེར་དུ་བཙས་པ་ཕྱིས་ལྷ་ལྕམ་པདྨ་གསལ་གྱི་སྐྱེ་ཕྲེང་གསང་མཚན་པདྨ་ལས་འབྲེལ་རྩལ་ལམ་གཏེར་སྟོན་རིན་ཆེན་ཚུལ་རྡོར་ཞེས་བྱ་བ་དེ་ཉིད་ཕ་མ་གཉིས་ཀྱི་སྒོ་ཞན་པའི་སྟབས་ཀྱིས་ཤིན་ཏུ་དབུལ་ཞིང་གང་ན་ཉེ་བ་ཐམས་ཅད་ཀྱི་ཡིད་དུ་མི་འོང་བར་སྡུག་པའི་དུས་ཤིག་ལ། གུ་རུ་པདྨ་དགེ་སློང་གི་རྣམ་པར་ཕེབས་ནས་གཏེར་གྱི་ཁ་བྱང་ཕྱག་ཏུ་གནང་བ་དང་། དགུང་གྲངས་ཉེར་གཅིག་པར་གཏེར་སྟོན་རིན་ཆེན་གླིང་པས་འབྲི་ཐང་ཀོ་རོ་བྲག་ནས་སྤྱན་དྲངས་པའི་ཤོག་སེར་གྱི་ཁྲོད་ནས་འདིའི་ཁ་བྱང་དང་ལུང་བསྟན་བྱུང་བའང་ཕྱག་ཏུ་ཕུལ་བ་ལྟར། དགུང་གྲངས་ཉེར་གསུམ་པར་དྭགས་པོ་དུང་ལུང་ཁྲ་མོའི་བྲག་ནས་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གཏེར་ནས་བཏོན་ཅིང་ཀརྨ་པ་རང་བྱུང་རྡོ་རྗེས་ཤོག་སེར་ཐོག་ནས་དབང་ལུང་གསན། རིམ་བཞིན་གཏེར་ཆོས་རྣམས་ཕབ་སྟེ་རྒྱལ་སྲས་ལེགས་པ་དང་སྤྲུལ་སྐུ་རིན་ཆེན་གླིང་པ་གཉིས་ལ་དབང་ལུང་རྫོགས་པར་གནང་། ལྷག་པར་དུ་སྐུ་མྱ་ངན་ལས་འདའ་ཁར་སྤྲུལ་སྐུ་ལེགས་པ་ལ་ཤོག་སེར་དང་བཅས་པ་བསྩལ་ནས་ཆོས་བདག་ཏུ་དབང་བསྐུར་ཞིང་སྐུ་ཚེ་ཕྱི་མ་ལ་འཕྲོད་དགོས་པར་གདམས། ལུང་བྱང་ལས་གཏེར་ཆོས་འདི་ཉིད་ལོ་འགའ་ཞིག་གི་རིང་གསང་རྒྱ་དམ་པོའི་ངང་ནས་ཉམས་སུ་ལེན་དགོས་པར་གསལ་ཡོད་ཀྱང་གསང་རྒྱ་འགྲོལ་བ་སྔ་དྲགས་པ་དང་། ལུང་བསྟན་ནས་གསལ་བའི་གཟུངས་མ་དང་མ་ཕྲད་པར་བདུད་མོ་ཞིག་གིས་ཡང་ཡང་བར་ཆད་བྱས་པར་བརྟེན་དགུང་གྲངས་ཉེར་ལྔ་པར་གཟུགས་སྐུའི་བཀོད་པ་བསྡུས་ནས་འགྲོ་དོན་འཕྲོ་ཅན་དུ་གྱུར་ཏོ།།

མན་ངག་སྙིང་ཐིག་གི་བཀའ་བབ་ཆུ་བོ་རྣམ་གཉིས་གཅིག་ཏུ་འདྲིལ་ཚུལ།

དེ་ལྟར་པདྨ་ལས་འབྲེལ་རྩལ་གྱི་སྐུ་སྐྱེ་དེ་མ་ཐག་པ་རྒྱལ་དབང་ཀློང་ཆེན་རབ་འབྱམས་སམ་ཀུན་མཁྱེན་དྲི་མེད་འོད་ཟེར་རྡོ་རྗེ་གཟི་བརྗིད་རྩལ་གང་ཉིད་དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ལྷོ་ཕྱོགས་ཁམས་གསུམ་མེ་ཏོག་སྒྲོལ་མའི་ཉེ་འདབས་གཡོ་རུ་གྲ་ནང་ཞེས་པར་སྐུ་འཁྲུངས་ཤིང་མཚན་ལ་རྡོ་རྗེ་རྒྱལ་མཚན་ཞེས་གསོལ། བསམ་ཡས་སུ་རབ་ཏུ་བྱུང་བའི་མཚན་ལ་ཚུལ་ཁྲིམས་བློ་གྲོས། གསང་ཕུ་ནེའུ་ཐོག་ཆོས་གྲྭ་སོགས་སུ་མདོ་སྔགས་རིག་གནས་ཀུན་ལ་སྦྱངས་པ་ཕུལ་དུ་ཕྱིན་པར་མཛད་ནས་དབུས་གཙང་གི་གདན་ས་ཁག་ཏུ་གྲྭ་སྐོར་མཛད་པས་སྙན་པའི་གྲགས་པ་ཡོངས་སུ་རྒྱས་ཏེ་ངག་གི་དབང་པོ་ཀུན་མཁྱེན་བསམ་ཡས་ལུང་མང་བ་ཞེས་ཡོངས་སུ་གྲགས་པ་དེ་ཉིད། ཡར་སྟོད་སྐྱོམ་ཕུ་གངས་ཀྱི་ར་བར་ཚེ་རབས་ལས་ཀྱི་བླ་མ་རིག་འཛིན་ཀུ་མཱ་རཱ་ཛ་དང་མཇལ་ནས་དགུང་གྲངས་ཉེར་དགུའི་དུས་སུ་རྫོགས་པ་ཆེན་པོ་སྤྱི་དང་ལྷག་པར་དུ་བི་མ་སྙིང་ཐིག་གི་ཆོས་བཀའ་ཟབ་མོ་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་ངེས་དོན་སྙིང་ཐིག་བསྟན་པའི་བདག་པོར་གཟེངས་བསྟོད། ལོ་དྲུག་གི་4བར་དུ་སྒྲུབ་པའི་དམ་བཅའ་ཕུལ་ཅིང་དགུང་གྲངས་སོ་གཅིག་པར་སྙི་ཕུའི་ཤུག་གསེབ་ཏུ་སྙིང་ཐིག་གི་སྒོ་ནས་སྐལ་ལྡན་དུ་མ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་དོ།།

དེ་བཞིན་རྒྱལ་སྲས་ལེགས་ལྡན་ནམ་ལེགས་པའི་དྲུང་དུ་བྱོན་ནས་མཁའ་འགྲོ་སྙིང་ཐིག་གི་ཆོས་བཀའ་ཟབ་མོ་སྩོལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་ལ་སྤྲུལ་སྐུ་ལེགས་ལྡན་གྱིས་ཁྱེད་ནི་སྐུ་ཡི་བཀོད་པ་བརྗེས་པ་ཙམ་མ་གཏོགས་ངའི་བླ་མ་དངོས་སུ་བྱོན་འདུག་པས་དབང་ལུང་དགོས་པ་མི་འདུག་གསུངས་ཀྱང་། སྐྱེ་བ་སྔ་ཕྱི་བརྗེས་ཟིན་པ་དེས་མི་འོང་། བརྒྱུད་པ་བར་མ་ཆད་པ་ཞིག་དགོས་ཞེས་གསུངས་པ་བཞིན་དུ་མཁའ་འགྲོ་སྙིང་ཐིག་གི་དབང་ཁྲིད་ལུང་གི་གདམས་པ་ཡོངས་སུ་རྫོགས་པ་གསན་པར་མཛད་ཅེས་སྨྱོ་ཤུལ་མཁན་པོའི་ཆོས་འབྱུང་དུ་གསལ། འདི་ནི་འཇིག་རྟེན་མཐུན་འཇུག་དང་བསྟན་པའི་མིག་ལྟོས་ལ་དགོངས་ནས་ཐབས་མཁས་ཀྱི་མཛད་པ་ལས། ལྷ་ལྕམ་པདྨ་གསལ་ལ་གུ་རུ་པདྨས་ཐུགས་ཀྱི་དགོངས་པ་གཏད། མ་འོངས་ལུང་དུ་བསྟན། སྨོན་ལམ་གྱི་མཚམས་སྦྱར་བར་མཛད་པས་སྨོན་ལམ་དབང་སྐུར་གྱི་བརྒྱུད་པ་དང་། མཁའ་འགྲོ་ཡང་ཐིག་ཡིད་བཞིན་ནོར་བུ་མཛད་དུས་སློབ་དཔོན་རིན་པོ་ཆེ་ཐུགས་སྒྲུབ་ཆ་ལུགས་ཅན། གཡས་ན་མཚོ་རྒྱལ་དང་གཡོན་ན་གཡུ་སྒྲོན་མ་བཅས་མངོན་སུམ་དུ་མཇལ་ནས་ཚིག་དཔོད་པ་རྣལ་འབྱོར་མ་མཁའ་འགྲོའི་མཚན་རྟགས་ཅན་ཞིག་གིས་མཇལ། ཁྱད་པར་དུ་མཁར་ཆེན་བཟའ་ཡེ་ཤེས་མཚོ་རྒྱལ་ཉིན་ཞག་དྲུག་གི་བར་དུ་དངོས་སུ་བབས་ནས་མཁའ་འགྲོ་སྙིང་ཐིག་གི་བརྡ་དོན་དཔེ་གསུམ་གྱི་ངོ་སྤྲོད་གཏད་རྒྱ་དང་བཅས་མཛད་པས་དམིགས་པ་དང་། ངོ་སྤྲོད་ལུགས། བརྗོད་པའི་ཚུལ་ངོ་མཚར་ཅན་སྔ་ན་མ་གྲགས་ཤིང་། ཡི་གེ་ན་མི་གསལ་བ་མང་པོ་ཞིག་ཐུགས་ལ་རང་རྡོལ་དུ་བྱོན་པར་གསུངས་པས་མཁའ་འགྲོ་གཏད་རྒྱའི་བརྒྱུད་པར་འཇོག་ཏུ་རིགས་པར་སྣང་སྟེ། ཀུན་མཁྱེན་ཉིད་ཀྱིས་རྒྱལ་སྲས་བཟོད་པ་ལ་ཁྱོད་མཁའ་འགྲོ་སྙིང་ཐིག་འཚོལ་བ་ལ་ཀོང་པོར་ཆོས་རྒྱལ་རིན་ཆེན་གླིང་པའི་རྩར་འགྲོ་བ་ཡིན་ཟེར་འདུག་པ་དེ་ལྟར་གྱིས་བྱས་ནས་བཏང་བ་ཡིན། ཀོང་པོ་ན་རིན་ཆེན་གླིང་པ་དང་། དྭགས་པོ་བྱར་ན་གཏེར་སྟོན་གྱི་དངོས་སློབ་སྤྲུལ་སྐུ་ལེགས་ལྡན་པ་གཉིས་ལས་མཁའ་འགྲོ་སྙིང་ཐིག་ཞུས་ནས་འདུག་པ་ལེགས། ད་གདོད་རྒྱུད་དག་མ་དག་གི་གཏམ་མི་ཡོང་བ་ཡིན། དོན་དམ་པར་ཆོས་འདིའི་བདག་པོ་ང་ཡིན། ཉམས་སྣང་དང་རྨི་ལམ་ལ་ཆོས་འདིའི་བདག་པོ་ཁྱོད་ཡིན་གསུངས་པ་དང་། དངོས་སུ་ཆོས་བདག་མཁའ་འགྲོ་མ་རྣམས་ཀྱིས་མངོན་སུམ་དུ་ང་ལ་གཏད་པ་ཡིན། ཁྱོད་རིངས་རྒྱུ་མེད་ན་སྡོད་ལ་ཆོས་འདི་ཉོན་ཅེས་གསུངས་ཚུལ་རྣམ་ཐར་མཐོང་བ་དོན་ལྡན་དུ་གསལ་འདུག་པ་ལས་ཤེས་སོ།།

སྙེ་ཕུར་སྙིང་ཐིག་གི་ཁྲིད་གསུང་དུས་སྐལ་ལྡན་གྱི་སློབ་མ་དུ་མས་གསོལ་བ་བཏབ་པ་ལྟར། རྣལ་འབྱོར་པ་འོད་ཟེར་གོ་ཆས་དཀའ་སྤྱད་ཆེན་པོས་ལོ་ནས་ལོ་བཙལ་ནས་ཞུས་པའི་མཁའ་འགྲོ་སྙིང་ཐིག་གི་དཔེ་རྣམས་ཕྱག་ཏུ་ཕུལ་བ་དང་དུས་མཚུངས་གཟིམས་ལམ་དུ་ཤན་པ་སྲོག་སྒྲུབ་མས་གླེགས་བམ་གཏད། སང་ཕོད་དགུང་གྲངས་སུམ་ཅུ་རྩ་གཉིས་པར་བསམ་ཡས་མཆིམས་ཕུའི་རི་མོ་ཅན་དུ་སྒྲུབ་པ་ལ་བཞུགས་དུས་སྐལ་ལྡན་གྱི་རྣལ་འབྱོར་ཕོ་མོ་བརྒྱད་ལ་གསང་བ་སྙིང་ཐིག་གི་གདམས་པ་བཏབ། སྤྲོས་བཅས་ཀྱི་དབང་གི་དུས་བྱིན་ཕབ་པས་རྣལ་འབྱོར་མ་ཞིག་ལ་སྔགས་སྲུང་ཨེ་ཀ་ཙ་ཏི་དངོས་སུ་བབས་ནས་འཁྲབས་པ་དང་། རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་ག་རིན་པོ་ཆེ་དང་རུས་པས་བརྒྱན་པ་མངོན་སུམ་དུ་བྱོན་ནས་ལུང་བསྟན་དང་གདམས་པ་མང་དུ་བསྩལ་ཅིང་། ངས་བི་མ་དང་མཁའ་འགྲོ་སྙིང་ཐིག་གཉིས་ཕན་ཐོགས་གང་ཆེ་ཞུས་པས་གཉིས་ཀས་ཕན་ཐོགས། བི་མ་ལ་རྒྱ་ཆེ་ལོ་བརྒྱ། མཁའ་འགྲོའི་སྙིང་ཐིག་ལོ་ལྔ་བརྒྱར་གནས། ད་ནས་འགོ་རྩོམ་པ་ཡིན་གསུངས། རྡོ་རྗེ་གཡུ་སྒྲོན་མ་དཀར་མོ་མཆེད་བདུན་དང་བཅས་པ་བྱོན་ནས་ངའི་གནས་སུ་གཤེགས་པར་ཞུ་ཟེར་བའང་བྱུང་། ཁྱོད་ང་ལ་ཅིའི་ཕྱིར་འགོ་དྲིས་པས། གུ་རུའི་དམ་འོག་ཏུ་ཆུད་པས་གཏེར་གྱི་ཕྱི་ལ་འབྲངས་ཟེར། དེར་ཆོས་ནི་ཕ་ཀི་ན་ཡོད། འདོན་མཁན་ནི་ཤི། འདིར་ཅི་བྱེད་བྱས་པས། ཆོས་ཕ་ཀི་ན་ཡོད་ཀྱང་དོན་འདི་ན་ཡོད། ཁྱེད་ཚེ་འཕོས་ཀྱང་སྐལ་ལྡན་ཚེ་མ་འཕོས་པས་ཡོང་བ་ཡིན་ཟེར། བཀའ་སྲུང་རྣམས་ལུང་བསྟན་ཅིང་ཆོས་འདི་ཤིན་ཏུ་གཉན་པས་སྐུ་ཚེ་ལ་བར་ཆད་འོང་ཉེན་ཡོད། ཁྲིད་ཐེབས་ཉུང་ན་དགའ་ཟེར་ཞིང་གཞན་ཡང་ལུང་བསྟན་མང་དུ་བསྩལ། མཁའ་འགྲོ་མ་རྣམས་ཀྱིས་ཡང་ཟབ་མཁའ་འགྲོ་སྙིང་ཐིག་གི་ཆོས་བཀའ་ཟབ་མོས་འགྲོ་དོན་མཛད་པའི་དུས་ལ་བབ་བར་བསྐུལ་བས། ཟླ་བ་ཚེས་པའི་ཚེས་གཅིག་ཉིན་རྣལ་འབྱོར་པ་འོད་ཟེར་གོ་ཆ་ལ་དཔེ་ལེན་དུ་བཏང་ནས་ལམ་དུ་འོང་སྐབས་འཇའ་ཚོན་སྣ་ལྔ་དཔེ་ལ་ཟུག་ཅིང་འཁོར་བ་དང་། ཚེས་དགུ་ལ་དཔེ་ཆ་རྣམས་གདན་དྲངས་ཏེ་དེ་ནུབ་སྐོང་བཤགས་མཛད་ནས་ཚོགས་ལ་རོལ་དུས་མཁའ་འགྲོ་བབས་ནས་གར་མང་པོ་མཛད། ཚེས་བཅུ་ལ་སྔར་བས་ཀྱང་མཁའ་འགྲོའི་འདུ་བ་ཆེ་བ་རྣལ་འབྱོར་ཕོ་མོ་མང་པོས་མཐོང་ཞིང་། ཚེས་བཅུ་གཅིག་ནས་བཟུང་ཡེ་ཤེས་མཚོ་རྒྱལ་རྣལ་འབྱོར་མ་ཞིག་ལ་དངོས་སུ་བབས་ནས་ཚེས་བཅུ་གསུམ་བར་ཉིན་མཚན་དྲུག་གི་རིང་མཁའ་འགྲོ་སྙིང་ཐིག་གི་བརྡ་དོན་དཔེ་གསུམ་ངོ་སྤྲོད་རྫོགས་པར་གཏད་རྒྱ་དང་བཅས་པ་གནང་ནས་ཨོ་རྒྱན་ཡུལ་དུ་གཤེགས་སོ།།

ཁྲིད་ཀྱི་སྐབས་དག་ཏུ་བླ་མ་ཁྲི་ལ་བཞུགས་དུས་ཨོ་རྒྱན་ཡབ་ཡུམ་དངོས་སུ་བྱོན་ནས་ཐིམ་པ་སློབ་མ་མང་པོས་མཇལ་ཞིང་། དམིགས་པ་དང་ངོ་སྤྲོད། བརྗོད་ཚུལ་ངོ་མཚར་ཅན་སྔར་མེད་ཅིང་ཡི་གེ་ན་མི་གསལ་བ་མང་པོ་འཕྲལ་ལ་རང་རྡོལ་དུ་གྱུར་ཅིང་བླ་མ་གཟི་བརྗིད་ཀྱང་སྔར་བས་ཆེ་བ་བྱུང་། ཚེས་བཅུ་བཞི་ནས་ཟླ་བ་རྗེས་མའི་རྗེས་བཅུ་བདུན་བར་ཟླ་བ་གཅིག་དང་ཞག་གསུམ་ཧྲིལ་པོར་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་ཁྲིད་གསུམ་ཡོངས་སུ་རྫོགས་པར་སྐལ་ལྡན་གྱི་སློབ་མ་རྣམས་ལ་བུམ་པ་གང་བྱོའི་ཚུལ་དུ་གནང་ནས་དར་ཞིང་རྒྱས་པར་མཛད་དོ།།

བི་མ་སྙིང་ཐིག་བཀའ་མ་དང་མཁའ་འགྲོའི་སྙིང་ཐིག་གཏེར་མ་ཡིན་པས་སྙིང་ཐིག་བཀའ་གཏེར་གཉིས་སུ་གྲགས་ཤིང་། བི་མ་སྙིང་ཐིག་གི་བཤད་རྒྱུད་རྣམས་གཏེར་ནས་བྱོན་པ་ཡིན་མོད་གཙོ་བོ་མན་ངག་བརྒྱུད་སྟངས་ཁྱད་པར་གྱིས་ཡིན་ནམ་སྙམ།

དེ་ནས་ཀུན་མཁྱེན་བླ་མ་དྲི་མེད་འོད་ཟེར་མཆོག་གིས་བི་མ་ལ་སྙིང་ཐིག་ཟབ་པ་པོད་བཞི་དང་མན་ངག་བརྒྱ་བཅུ་དགུ་རྣམས་བརྗོད་བྱ་རྒྱ་ཆེ་བས་ཕྱི་རབས་རྣམས་ལ་གོ་བདེ་བར་དམིགས་ནས་དོན་ཟབ་ལ་ཚིག་ཉུང་ངུར་བསྡུས་པ་བླ་མ་ཡང་ཏིག་དང་། སྐུ་སྐྱེ་སྔ་མར་མཁའ་འགྲོའི་སྙིང་ཐིག་རྗོད་བྱེད་ཚིག་གི་གཏེར་ལ་དབང་ཞིང་། ད་རེས་བསམ་ཡས་མཆིམས་ཕུར་བརྗོད་བྱའི་དོན་ལ་དབང་བསྒྱུར་ནས་རྒྱས་པར་བཀྲལ་ཏེ། རྒྱ་ཆེ་ཞིང་ཟབ་པ་རྣམས་ཤོག་སྐྱ། ཡང་ཟབ་རྣམས་ཤོག་འདྲ། ཤིན་ཏུ་ཡང་ཟབ་རྣམས་ཤོག་སེར་དུ་ཕབ་ནས་མཁའ་འགྲོ་ཡང་ཏིག་ཅེས་མཚན་གསོལ། བི་མ་སྙིང་ཐིག་དང་མཁའ་འགྲོ་སྙིང་ཐིག་ལ་སྙིང་ཐིག་མ་གཉིས་དང་། བླ་མ་ཡང་ཏིག་དང་མཁའ་འགྲོ་ཡང་ཏིག་ལ་སྙིང་ཐིག་བུ་གཉིས་སུ་གྲགས་པས་སྙིང་ཐིག་མ་བུ་བཞིའམ་སྙིང་ཐིག་ཡ་བཞི་ཞེས་འབོད། དེ་ལྟར་སྙིང་ཐིག་མ་བུ་བཞི་གའི་ཉིང་བཅུད་གཅིག་ཏུ་བསྡུས་པ་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་ཟབ་མོ་ཡང་ཏིག་ཡིད་བཞིན་ནོར་བུ་བཅས་མཛད་དོ།།

སྙིང་ཐིག་ཡ་བཞིར་འདྲེན་ཚུལ་ལ་སྔ་འགྱུར་བ་ཕལ་ཆེ་བ་གོང་ལྟར་དང་། དམིགས་བསལ་ཀོང་པོ་རྫོགས་ཆེན་དང་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་སོགས་ཀྱིས་བི་མ་སྙིང་ཐིག་མ་བུ་སོ་སོར་བགྲང་། མཁའ་འགྲོ་སྙིང་ཐིག་མ་བུ་གཅིག་ཏུ་བསྡོམས། དེའི་སྟེང་རྡོར་སེམས་སྙིང་ཐིག་བཅས་བཞིར་བཞེད་པ་དང་། འགའ་ཞིག་རྡོར་སེམས་སྙིང་ཐིག་གི་ཚབ་ཏུ་ཀརྨ་སྙིང་ཐིག་བསྣན་ནས་བཞིར་འདོད་པ་ཡང་ཡོད། ཀརྨ་སྙིང་ཐིག་ནི་རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེས་རིག་འཛིན་ཀུ་མཱ་རཱ་ཛ་ལས་ཞུས་ཤིང་ངོ་བོ་བི་མ་སྙིང་ཐིག་རང་ལས་འཆད་ལུགས་ཅུང་ཙམ་མི་འདྲ་བ་ཞིག་བྱུང་བ་དེ་ལ་ཟེར། ཕྱིས་ཀྱི་གཏེར་སྟོན་དག་གི་གཏེར་ཆོས་སུ་སྙིང་ཐིག་མང་དུ་བྱུང་ཡང་རྩ་བ་ནི་ཀུན་མཁྱེན་ཆེན་པོའི་མཁའ་འགྲོ་ཡང་ཏིག་འདི་རང་ལ་བརྟེན་པ་ཡིན། དེ་བས་ན་ཀུན་མཁྱེན་གཉིས་པ་རིག་འཛིན་འཇིགས་མེད་གླིང་པའི་ཞལ་ནས། ཀུན་ཏུ་བཟང་པོ་གཉིས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དགོངས་གཏེར་རྒྱ་མཚོའི་རྡོ་རྗེའི་གནས་འདི་ནས་གསལ་བའི་ཟབ་གནད་ཀྱི་ཆ་ཤས་ཀྱིས་ཀྱང་མ་གོས་པ་ཉིད་དུ་མཐོང་བས། ཡིག་ཆ་འདི་ལ་མ་བརྟེན་པ་གང་ཞིག་རི་མོའི་མར་མེ་དང་མཚུངས་པ་ཉིད་དུ་རིག་པར་བྱས་ནས་བསྟན་པ་འདི་ལ་གཅེས་སྤྲས་སུ་བྱ་བར་འོས་ཞེས་གསུངས་པ་ཤིན་ཏུ་མད། སྤྱིར་རིན་ཆེན་གླིང་པ་དང་ཀརྨ་པ་རང་བྱུང་རྡོ་རྗེ་སོགས་ལས་བརྒྱུད་པའི་སྙིང་ཐིག་གི་བཀའ་སྲོལ་སོགས་ཀྱང་ཡོད་མོད། ཆོས་བདག་མཁའ་འགྲོས་དངོས་སུ་དེ་རྣམས་ཀྱིས་བཤད་པ་ལ་ངེད་མི་དགའ། ལུང་དང་རྫ་སྣོད་ལའང་ཡོད་པས་དེ་དེས་གར་ཆོག བདག་པོ་རེ་ཡོད་པ་དེ་དགོས་པ་ཡིན་མོད་གསུངས་པ་ལྟར་སྔ་འགྱུར་འོད་གསལ་རྫོགས་པ་ཆེན་པོའི་ཤིན་ཏུ་ཟབ་པ་མན་ངག་སྡེའི་བརྒྱུད་པའི་ཆུ་བོ་མ་ལུས་ཀུན་མཁྱེན་ཆེན་པོར་གཅིག་ཏུ་འདུས་ཤིང་དེ་ནས་སླར་ཡང་ཡན་ལག་གི་ཚུལ་དུ་ཇི་ཙམ་གྱེས་པ་མཐའ་དག་གི་འབྱུང་ཁུངས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་འདི་ཉིད་ཁོ་ན་ཡིན་པར་མཁྱེན་དགོས་པ་ནི་ཤིན་ཏུ་གལ་འགངས་ཆེ་བའི་གནད་དམ་པའོ།།

རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག

དེ་ཡང་རྫོགས་པ་ཆེན་པོ་མན་ངག་སྡེ་ལའང་ཕྱི་སྐོར་ལུས་དང་འདྲ་བ། ནང་སྐོར་མིག་དང་འདྲ་བ། གསང་སྐོར་སྙིང་དང་འདྲ་བ། ཡང་གསང་བླ་མེད་ལུས་ཀུན་རྫོགས་ཀྱི་སྐྱེས་བུ་དང་འདྲ་བ་ཞེས་བཞིར་དབྱེར་ཡོད་པ་ལས། ཡང་གསང་བླ་མེད་ལ་རྫོགས་ཆེན་རྒྱུད་བཅུ་བདུན་དང་། དེའི་སྟེང་བཀའ་སྲུང་ཁྲོས་མའི་རྒྱུད་དང་ཀུན་ཏུ་བཟང་མོ་ཀློང་གསལ་འབར་བ་ཉི་མའི་རྒྱུད་བཅས་བཅུ་དགུར་བཞུགས་པའི་ཉིང་ཁུ་ཕྱོགས་གཅིག་ཏུ་བསྡུས་པ་རྒྱ་ཆེ་བ་པཎྜི་ཏའི་ལུགས་ཀློང་ཆེན་མཛོད་བདུན་དང་། ཟབ་པ་ཀུ་སཱ་ལིའི་ལུགས་སྙིང་ཐིག་ཡ་བཞི་ཞེས་མན་ངག་ཡིད་བཞིན་ནོར་བུ་རྣམས་ཡིན་ཅིང་ཟབ་པའི་སྐོར་རྣམས་གོང་དུ་ཞུས་ཟིན་མ་ཐག་པ་དེ་ཀ་ཡིན་ནོ།།

དེ་ལྟར་སྙིང་ཐིག་ཡ་བཞིའི་མན་ངག་ཟབ་མོ་ཉམས་གཅིག་ཏུ་དྲིལ་བ་ཀློང་ཆེན་སྙིང་གི་ཐིག་ལེ་ཞེས་ཆོས་བཀའ་ཟབ་མོ་འདི་ནི་པཎ་ཆེན་བི་མ་ལ་དང་ཆོས་རྒྱལ་ཁྲི་སྲོང་། རྒྱལ་སྲས་ལྷ་རྗེ་རྣམས་ཟུང་དུ་འཇུག་པའི་རྣམ་རོལ་ཀུན་མཁྱེན་གཉིས་པ་རིག་འཛིན་འཇིགས་མེད་གླིང་པ་དེ་ཉིད་འཕྱོངས་རྒྱས་སྲོང་བཙན་བང་སོ་དམར་པོའི་ལྷོ་ཕྱོགས་སུ་ཀུན་མཁྱེན་ཆེན་པོའི་འདས་མཆོད་ཉིན་སྐུ་འཁྲུངས། དགུང་ལོ་དྲུག་པ་ལ་སྔ་འགྱུར་གྱི་གདན་ས་ཆེན་པོ་འཕྱོངས་རྒྱས་དཔལ་རིའི་ཆོས་གྲྭར་བཞུགས། མདོ་སྔགས་རིག་གནས་སྤྱི་དང་ཁྱད་པར་དུ་སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་དབང་ལུང་ཁྲིད་གསུམ་མ་ལུས་གསན་བསམ་སྒོམ་པ་མཐར་ཕྱིན་པར་མཛད་ཅིང་། འོད་གསལ་གྱི་སྣང་ཆར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་དུ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་མཁའ་འགྲོའི་བརྡ་ཡིག་མངོན་དུ་བསྩལ་པ་དང་། ཁྱད་པར་དུ་དཔལ་གྱི་བསམ་ཡས་མཆིམས་ཕུའི་གསང་ཆེན་མེ་ཏོག་ཕུག་ཏུ་དཀའ་སྤྱད་དྲག་པོས་ལོ་གསུམ་གྱི་རིང་སྙིང་པོ་དོན་གྱི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་སྐབས་སྤྱིར་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། ཁྱད་པར་དུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་དཔལ་བཟང་པོས་ཡེ་ཤེས་སྒྱུ་མའི་སྐུས་ལན་གསུམ་དུ་རྗེས་སུ་བཟུང་། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་སུ་འཕོས་ཤིང་འཕགས་ལམ་དོན་གྱི་ཡེ་ཤེས་རྫོགས་པ་ཆེན་པོའི་བདེན་པ་མཐོང་བས་བི་མ་སྙིང་ཐིག་དང་པདྨ་མཁའ་འགྲོའི་སྙིང་ཐིག་གི་མན་ངག་ཟབ་མོ་གཅིག་ཏུ་དྲིལ་བ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེ་འདི་ཉིད་དགོངས་གཏེར་ནས་ཕབ། སྤྱིར་རྟེན་འབྲེལ་གྱི་གནད་རྣམས་མ་ལུས་མ་འཕྱུགས་པར་འགྲིག་པ་དང་། ལྷག་པར་དུ་རྗེ་ཉིད་ཀྱིས་ཁོ་བོ་དབེན་པའི་རི་ཁྲོད་དུ་ལོ་བདུན་གྱི་བར་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྩེ་གཅིག་ཏུ་བསྒོམས་པས་བསྟན་པ་དར་རྒྱས་སུ་འབྱུང་ཞེས་ལུང་བསྟན་པ་ལྟར་ཀློང་ཆེན་སྙིང་ཐིག་གི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛམ་གླིང་ཕྱོགས་ཀྱི་མཐའ་གྲུ་ཀུན་ཏུ་ཁྱབ་ཅིང་བརྒྱུད་འཛིན་སྐྱེས་བུ་རྣམས་ཀྱང་གཞན་ལས་ལྷག་པའི་མཁས་སྒྲུབ་གཉིས་ལྡན་ཤ་སྟག་ཡོང་བའི་དོན་ཡང་དེ་ལྟར་རོ།།

དེ་ལས་རིག་འཛིན་འཇིགས་མེད་གླིང་པའི་ཐུགས་སྲས་བུ་ཆེན་འཇིགས་མེད་མཚན་ཅན་བཞི་ཞེས་རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། རྫ་འཇིགས་མེད་རྒྱལ་བའི་མྱུ་གུ། དགེ་རྩེ་བླ་མ་འཇིགས་མེད་ངོ་མཚར། མོན་བླ་འཇིགས་མེད་ཀུན་གྲོལ་བཅས་ལ་སྙིང་ཐིག་གི་བསྟན་པ་སྤེལ་བའི་དབུགས་དབྱུང་ཐོབ། བུ་ཆེན་བཞི་ལས་རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་གསེར་སྟོད་དུ་གྲུབ་ཆེན་ཡར་ལུང་དགོན་པ་ཕྱག་བཏབ་ཅིང་། ཕྱིས་རྡོ་གྲུབ་སྐུ་ཕྲེང་གཉིས་པ་འཇིགས་མེད་ཕུན་ཚོགས་སྐབས་སུ་རྐྱེན་ངན་འགའ་ཞིག་གིས་གདན་ས་ལ་ཉམས་ཆག་བྱུང་ནས་རྡོ་ཁོག་སྟོད་དུ་སྤོས་ནས་རྡོ་གྲུབ་དགོན་གཙང་ཆེན་དངོས་གྲུབ་དཔལ་འབར་གླིང་ཕྱག་བཏབ་ནས་རྡོ་གྲུབ་སྐུ་ཕྲེང་གསུམ་པ་འཇིགས་མེད་བསྟན་པའི་ཉི་མ་ཁོང་གི་སྐབས་སུ་ཤིན་ཏུ་དར་རྒྱས་བྱུང་། ཕྱིས་སུ་གསེར་སྟོད་ཡར་ལུང་དགོན་པ་ཡང་ཉམས་གསོ་བྱུང་ཞིང་ཁོང་གི་སློབ་མ་དང་ཡང་སློབ་རྣམས་ཀྱིས་ཕྱོགས་དང་ཕྱོགས་སུ་གདན་ས་ཕྱག་འདེབས་མཛད་ནས་གཙོ་བོ་མདོ་ཁམས་སྨད་ཕྱོགས་སུ་བསྟན་པ་དར་རྒྱས་ཆེན་པོ་བྱུང་། དེང་གི་དུས་སུའང་༸སྐྱབས་རྗེ་རྡོ་གྲུབ་ཆེན་བཞི་པ་ཐུབ་བསྟན་ཕྲིན་ལས་དཔལ་བཟང་མཆོག་ཆོས་བརྒྱད་ཀྱི་སྤྲོས་པ་རིང་དུ་དོར་ཞིང་། གསང་ཆེན་འོད་གསལ་རྡོ་རྗེ་ཐེག་པའི་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་རྒྱ་བོད་འབྲུག་འབྲས་ལྗོངས་སོགས་སུ་སྙིང་ཐིག་སྙིང་པོའི་ཆོས་འཁོར་སྐོར་བཞིན་རང་ཅག་གདུལ་བྱའི་དཔལ་མགོན་དམ་པར་བཞུགས་བཞིན་པའོ།།

མན་ངག་གི་བརྒྱུད་ཚུལ་ཞིབ་ཙམ་བཀོད་ན་རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་ནས་རིག་འཛིན་འཇིགས་མེད་གླིང་པའི་ཐུགས་ཀྱི་རྣམ་སྤྲུལ་མདོ་མཁྱེན་བརྩེ་འཇིགས་མེད་ཡེ་ཤེས་རྡོ་རྗེ་དང་། དེ་ལས་རྡོ་གྲུབ་གཉིས་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ལ་བརྒྱུད་ཅིང་། རྡོ་གྲུབ་ཆེན་སྐུ་ཕྲེང་གསུམ་པ་འཇིགས་མེད་བསྟན་པའི་ཉི་མས་རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་དངོས་སློབ་རྫོགས་ཆེན་སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་རྒྱལ་སྲས་གཞན་ཕན་མཐའ་ཡས། འཇིགས་མེད་རྒྱལ་བའི་མྱུ་གུའི་ཐུགས་སྲས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་ལས་གསན། དེ་ནས་རྡོ་གྲུབ་ཆེན་སྐུ་ཕྲེང་གསུམ་པའི་དངོས་སློབ་ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ། དེའི་དངོས་སློབ་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ། དེ་ལས་ད་ལྟ་སྐུ་འཚོ་ཞིང་བཞུགས་པ་༸སྐྱབས་རྗེ་རྡོ་གྲུབ་བཞི་པ་འཇིགས་མེད་ཕྲིན་ལས་དཔལ་འབར་ལ་རིམ་བཞིན་བརྒྱུད་པ་དང་། ཡང་ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་ལ་ཀཿཐོག་སི་ཏུ་རིན་པོ་ཆེས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལས་དབང་རྒྱས་པ་ཞིག་ཨེ་ཐོབ་ལྟོས། ད་ལྟ་ཁམས་ཕྱོགས་འདིར་བུམ་པ་ལག་ཏུ་ལེན་ཤེས་པ་ཁོང་ཙམ་ཡིན་ཅེས་གསུངས་པའི་ལུང་བསྟན་ཐུགས་ལ་བཅངས་ནས་འཇིགས་མེད་རྒྱལ་བའི་མྱུ་གུའི་དངོས་སློབ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས་དྲུང་དུ་ལན་གྲངས་ཉེར་བདུན་བར་སྐུ་བཅར་ཞུས་ནས་སྙིང་ཐིག་མ་བུའི་གཙོས་དབང་ལུང་མན་ངག་ཐམས་ཅད་ལྷག་མེད་བུམ་པ་གང་བྱོའི་ཚུལ་དུ་གནང་། དེ་བས་ན་༸སྐྱབས་རྗེ་རྡོ་གྲུབ་སྐུ་ཕྲེང་གསུམ་པ་དང་བཞི་པའི་ཀློང་སྙིང་བླ་བརྒྱུད་དུ་འཇིགས་མེད་རྒྱལ་བའི་མྱུ་གུ་དང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་རྣམ་གཉིས་འདྲེན་པའི་རྒྱུ་མཚན་གཅིག་འདི་ཡིན་པར་སྙམ།

རིག་འཛིན་འཇིགས་མེད་གླིང་པའི་བུ་ཆེན་བཞི་ལས་གཉིས་པ་འཇིགས་མེད་རྒྱལ་བའི་མྱུ་གུས་རྫ་ཆུ་ཁར་རྫ་རྒྱལ་དགོན་ནམ་གདན་ས་ཕུན་ཚོགས་ནོར་བུ་གླིང་ཕྱག་བཏབ་ནས་བཟུང་གཙོ་བོ་མདོ་ཁམས་སྟོད་ཕྱོགས་ལ་ཀློང་ཆེན་སྙིང་ཐིག་གི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་མནལ་ལམ་དུ་ལུང་པ་ཆེན་པོ་ཞིག་གི་སྟོད་ནས་ཁོང་གིས་ཕྱུགས་མང་ཙམ་དེད་ནས་ལྷོ་ནུབ་ཏུ་ཕེབས་པ་ལ། ཞལ་ཕྱིར་གཟིགས་པས་ལུང་པའི་མདའ་ནས་འཇིགས་མེད་རྒྱལ་བའི་མྱུ་གུས་ས་གཞི་ཐམས་ཅད་ནག་པོར་གྱུར་པའི་ཕྱུགས་ཟོག་དེད་ནས་ཡོང་བར་གཟིགས་པ་རྨིས་པས་ངེད་གཉིས་འགྲོ་དོན་ཁྱེད་ཆེ་བར་འདུག་ཅེས་ལུང་བསྟན། དེས་ན་སྐུ་དངོས་ཀྱི་གདུལ་བྱ་རྡོ་གྲུབ་ཆེན་ཆེ་ནའང་ཕྲིན་ལས་ཀྱི་ཆོས་བརྒྱུད་དཔལ་སྤྲུལ་སེམས་དཔའ་ཆེན་པོ་དང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་གཉིས་ལས་མཆེད་དེ་འཛམ་གླིང་ཀུན་ཏུ་ཁྱབ་པས་རྗེ་འདིའི་ཆེ་བ་ལ་དགོངས་པར་སྣང་ཞེས་སྨྱོ་ཤུལ་མཁན་རིན་པོ་ཆེས་གསུངས།

འཇིགས་མེད་རྒྱལ་བའི་མྱུ་གུའི་གསུང་གི་བདུད་རྩི་མྱངས་པའི་མི་ཆེན་དང་བླ་ཆེན་གྲངས་མེད་ཡོད་ཀྱང་སྙིང་ཐིག་བསྟན་པའི་བཀའ་བབ་ནི་རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་རྣམ་གཉིས་ཡིན། དཔལ་སྤྲུལ་རིན་པོ་ཆེས་འཇིགས་མེད་རྒྱལ་བའི་མྱུ་གུའི་སྐུ་མདུན་ནས་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཁོ་ནའང་ཚར་ཉེར་ལྔ་གསན་ཅིང་དེ་ལྟར་དུ་ཉམས་བཞེས་མཛད། དམ་པ་གང་ཉིད་མཁས་གྲུབ་གཉིས་ལྡན་དུ་གྱུར་པས་རིས་མེད་ཆོས་བརྒྱུད་ཕལ་མོ་ཆེའི་བླ་ཆེན་མི་ཆེན་མང་པོས་ཞབས་ལ་མ་གཏུགས་པ་མེད་ཀྱང་། སྨྱོ་ཤུལ་ལུང་རྟོགས་མེད་ན་དཔལ་དགེ་རབས་ཆད་ཡིན། ཅེས་པ་ལྟར་སྙིང་ཐིག་གི་ཕ་འབབ་གང་ལ་གནང་སའི་ཐུགས་སྲས་གཅིག་པུ་ནི་སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ་ཞེས་སུ་གྲགས་པ་དེ་ཉིད་ཡིན། སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས་མཁན་ཆེན་ངག་གི་དབང་པོ་པདྨ་ལས་འབྲེལ་རྩལ་ལམ་ཡོངས་གྲགས་སུ་མཁན་པོ་ངག་ཆུང་ཞེས་མཁས་གྲུབ་གཉིས་ལྡན་དེ་ཉིད་ལ་རྫོགས་ཆེན་གསང་བ་སྙིང་ཐིག་གི་རྒྱུད་ལུང་མན་ངག་ཐམས་ཅད་གདམས་གཏད་མཛད་དེ་རྒྱལ་ཚབ་ཏུ་མངའ་གསོལ། མཁན་ཆེན་ངག་གི་དབང་པོའི་ཐུགས་སྲས་ཀ་ཆེན་བཞི་ཞེས་དཔལ་ཡུལ་གྲུབ་དབང་པད་ནོར་རིན་པོ་ཆེ། ཀཿཐོག་ཕྱག་ཚྭ་རིན་པོ་ཆེ། ཁྲོམ་དགེ་ཨ་རིག་སྤྲུལ་སྐུ། ལུང་སྤྲུལ་བློ་གྲོས་བཤད་སྒྲུབ་བསྟན་པའི་ཉི་མ་བཅས་རྣམ་པ་བཞི་ལས། གསང་བ་གསུམ་གྱི་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་གདན་སར་བཀོད་པ་ནི་ལུང་སྤྲུལ་རིན་པོ་ཆེ་གང་ཉིད་ཡིན་ཞིང་། དམ་པ་འདི་ནི་སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མས་ཞིང་འདིར་ཉི་མའི་མཚན་ཅན་སྤྲུལ་པ་བཅུ་གསུམ་གྱིས་གདུལ་བྱ་སྐྱོང་བར་ཞལ་བཞེས་མཛད་པའི་ཐུགས་ཀྱི་སྤྲུལ་པ་གདན་སར་ཕེབས་པ་དེ་ཡིན།

རྙིང་མའི་མ་དགོན་དྲུག་ལས་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་ཐོག་མར་དར་ས་ནི་ཤར་རྒྱལ་བ་ཀཿཐོག་རྡོ་རྗེ་གདན་དེ་ཉིད་ཡིན་པར་མངོན་ཏེ། ཀཿཐོག་གསེར་ཁྲིའི་མངའ་བདག་རྣམས་ལས་དགེ་རྩེ་མ་ཧཱ་པཎྜི་ཏ་ཚེ་དབང་མཆོག་གྲུབ་དང་། སི་ཏུ་རིན་པོ་ཆེ་སྐུ་ཕྲེང་དང་པོ། ཕྱག་ཚྭ་རིན་པོ་ཆེ་སོགས་རིག་འཛིན་འཇིགས་མེད་གླིང་པའི་ཞབས་ལ་གཏུགས་ནས་ཀློང་ཆེན་སྙིང་ཐིག་གི་ཕྱག་བཞེས་དར་བར་མཛད་ཅེས་བྱུང་ངོ་།།

ལྷག་པར་དུ་མཁན་ཆེན་ངག་གི་དབང་པོ་པདྨ་ལས་འབྲེལ་རྩལ་གང་ཉིད་ཀཿཐོག་གི་མཁན་ཁྲིར་ཕེབས་ནས་བཟུང་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་དར་རྒྱས་ཆེན་པོ་བྱུང་བ་དང་། སྐུ་ཚེ་སྨད་ཙམ་ལ་སློབ་མའི་མཆོག་གྱུར་བདེ་བར་གཤེགས་པ་༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་གིས་མི་ལོ་བདུན་གྱི་རིང་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ནས་དབང་ལུང་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང་ཕྱོགས་མེད་རྒྱལ་ཁམས་འགྲིམས་ཏེ་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ཀྱང་རིགས་ཀྱི་བདག་པོར་བཀུར་ནས་འོད་གསལ་སྙིང་ཐིག་གི་ཆོས་བཀའ་ཟབ་མོ་ཕུལ། ང་དགུའི་དུས་འགྱུར་སྐབས་རྒྱ་བལ་ཕྱོགས་སུ་ཕེབས་ཏེ་གུ་རུའི་གནས་ཆེན་ཡང་ལེ་ཤོད་གཙོས་གནས་ཆེན་ཁག་ཏུ་དགོན་སྡེ་གསར་བཞེངས་དང་། གནས་རི་ངོས་འཛིན། རྟེན་གསུམ་ཉམས་གསོ། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་བསྟན་པ་འདི་ཉིད་ཤར་པ་དང་། ཡོལ་མོ། དོལ་པོ་སོགས་ཕྱོགས་ཀྱི་མཐའ་གྲུ་ཀུན་ཏུ་དར་སྤེལ་མཛད་པས་དུས་རབས་འདིའི་ནང་སྔ་འགྱུར་བ་སྤྱི་དང་བྱེ་བྲག་རྒྱལ་བ་ཀཿཐོག་པའི་རིང་ལུགས་འཛིན་པ་ཡོངས་ཀྱི་གཙུག་ནོར་དམ་པར་གྱུར་པ་བཅས་ཤར་རྒྱལ་བ་ཀཿཐོག་ཕྱོགས་སུ་ཀློང་ཆེན་སྙིང་ཐིག་ཇི་ལྟར་དར་བའི་ཚུལ་ལོ།།

རྙིང་མའི་མ་དགོན་དྲུག་ལས་ཤར་རྒྱལ་བ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་འདི་ཉིད་ནི་སྔོན་མ་ནས་གཏེར་ཆེན་རཏྣ་གླིང་པ་དང་གནམ་ཆོས་མི་འགྱུར་རྡོ་རྗེའི་ཆོས་བཀའ་ཟབ་མོ་ཉམས་ལེན་ལ་གཅིག་ཏུ་གཞོལ་བའི་དགོན་ཆེན་ཞིག་ཡིན་ཀྱང་། ༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་རིག་འཛིན་དཔལ་ཆེན་འདུས་པ་རྩལ་གང་གིས་མཁན་ཆེན་ངག་གི་དབང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོས་སྐོར་སྤྱི་དང་བྱེ་བྲག་ཀློང་ཆེན་སྙིང་ཐིག་གི་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་དང་བཅས་པ་མ་ལུས་གསན་བསམ་ཉམས་བཞེས་མཛད་ཅིང་། ལྷག་པར་དུ་ཉིན་གཅིག་མཁན་ཆེན་གྱིས་དེ་རིང་དཔལ་ཡུལ་སྤྲུལ་སྐུ་ངེད་གཉིས་དགོན་པའི་ཉེ་འགྲམ་འཇམ་དབྱངས་གནས་ལ་སྐྱོ་སངས་འགྲོ་དགོས་གསུངས་ནས་བྱོན་པའི་ལམ་བར་དུ་མཁན་ཆེན་མཆོག་ཐུགས་ཁྲོས་པའི་རྣམ་པས་ཕྱག་འབེབས་ཚད་མེད་མཛད་པས། རིག་འཛིན་དཔལ་ཆེན་འདུས་པ་གང་ཉིད་སྐྲག་པའི་ངང་དྲན་མེད་ལྟ་བུར་སོང་བར་ཡར་སད་པ་དང་གནས་ལུགས་ཡིད་དཔྱོད་དང་བྲལ་བའི་དགོངས་པ་མངོན་དུ་གྱུར་ནས་དཔོན་སློབ་དགོངས་པ་དབྱེར་མེད་དུ་འདྲེས། གཞན་ཡང་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་ལས་ཀློང་སྙིང་གི་ཟབ་ཁྲིད་བསྐྱར་དུ་གསན་པས་ཐུགས་དམ་ཀྱི་བོགས་ཐོན་པར་གསུངས། དེ་ནས་བརྡ་གོ་རི་ཁྲོད་དུ་དཔལ་ཆེན་འདུས་པའི་སྒྲུབ་ཆེན་ཉིན་བཅུ་མ་དང་། ཐུགས་ཆེན་སྡུག་བསྔལ་རང་གྲོལ་གྱི་སྒྲུབ་པ་ཞག་བདུན་མ། གཞན་ཡང་སྙིང་ཐིག་ཡུམ་ཀ་དང་རིག་འདུས་ཀྱི་ཚེས་བཅུ་ཉེར་ལྔ། ཀློང་སྙིང་བསྐང་གསོ་རྒྱུན་འདོན་བཅས་གསར་འཛུགས་མཛད་པ་དང་། གོ་འཇོ་སྦྲ་ནག་དགོན་སོགས་ཀློང་ཆེན་སྙིང་ཐིག་གི་ཆོས་རྒྱུན་གཙང་མ་འཛིན་པའི་དགོན་སྡེ་མང་པོ་གསར་དུ་བཏབ་ཅིང་། དམ་པ་གང་ཉིད་ཀྱིས་བརྡ་གོ་རི་ཁྲོད་དུ་དཔལ་ཆེན་འདུས་པའི་བསྙེན་པ་དུང་ཕྱུར་གཅིག་ཙམ་གསོག་གནང་མཛད་པ་སོགས་ཀཿདཔལ་གཉིས་སུ་ཀློང་སྙིང་གི་བསྟན་པ་དར་རྒྱས་བྱུང་བ་ཡང་མཁན་ཆེན་ངག་གི་དབང་པོ་གང་གི་བཀའ་དྲིན་གྱིས་ཡིན་ནོ་ཞེས་ཤར་རྒྱལ་བ་དཔལ་ཡུལ་ཕྱོགས་སུ་ཀློང་ཆེན་སྙིང་ཐིག་ཇི་ལྟར་དར་བའི་ཚུལ་ལོ།།

རྙིང་མའི་མ་དགོན་དྲུག་ལས་གྲུབ་དབང་རྫོགས་ཆེན་ལས་ལྷག་པའི་མན་ངག་སྙིང་ཐིག་མ་བུར་ཉམས་བཞེས་མཛད་མཁན་བྱུང་མ་མྱོང་བ་ལྟ་བུ་ཡིན་ལ། བྱེ་བྲག་ཀློང་ཆེན་སྙིང་ཐིག་གི་ཕྱོགས་ལའང་ཤྲཱི་སིངྷའི་ཆོས་གྲྭ་ཆེན་མོའི་མཁན་རབས་ནོར་བུའི་ཕྲེང་བ་ལས་དཔལ་སྤྲུལ་རིན་པོ་ཆེ་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་ཀློང་ཆེན་སྙིང་ཐིག་གི་བསྟན་བདག་དངོས་དང་། གྲུབ་དབང་རྫོགས་ཆེན་སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་མཆོག་ལ་ཀུན་མཁྱེན་འཇིགས་མེད་གླིང་པས་ཡེ་ཤེས་སྒྱུ་མའི་སྐུས་ལན་གསུམ་རྗེས་སུ་བཟུང་ཞིང་། གྲུབ་དབང་རྫོགས་ཆེན་སྐུ་ཕྲེང་ལྔ་པ་མཆོག་རྡོ་གྲུབ་ཆེན་རིན་པོ་ཆེའི་ཀློང་སྙིང་བླ་བརྒྱུད་དུ་འདྲེན་པར་མཛད་འདུག

ལྷག་པར་དུ་སྨྱོ་ཤུལ་མཁན་རིན་པོ་ཆེ་འཇམ་དབྱངས་རྡོ་རྗེ་མཆོག་གིས་མཁན་ཆེན་ངག་གི་དབང་པོའི་ཐུགས་སྲས་ཀ་ཆེན་བཞི་ཡི་ཡ་གྱལ་ལུང་སྤྲུལ་རིན་པོ་ཆེ་བློ་གྲོས་བཤད་སྒྲུབ་བསྟན་པའི་ཉི་མའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ནས་ཀློང་ཆེན་སྙིང་ཐིག་གི་དབང་ཁྲིད་མན་ངག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་རྒྱས་པར་མཛད་པ་བཅས་དཔལ་གྲུབ་དབང་རྫོགས་ཆེན་གྱི་ཕྱོགས་སུ་ཀློང་ཆེན་སྙིང་ཐིག་ཇི་ལྟར་དར་བའི་ཚུལ་ལོ།།

སྔ་འགྱུར་གྱི་མ་དགོན་དྲུག་ལས་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་ལ་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེ་དབང་པོས་རིག་འཛིན་འཇིགས་མེད་གླིང་པའི་བཀའ་འབུམ་དང་། དགོངས་གཏེར་ཀློང་ཆེན་སྙིང་ཐིག་གི་རིག་འདུས་རྩ་དབང་རྒྱས་པ་གནང་ཞིང་མཐར་ཀློང་སྙིང་ཡོངས་རྫོགས་ཀྱི་བྱིན་རླབས་གདམས་གཏད་ཐུན་མིན་མཛད་པ་དང་། ཀློང་སྙིང་བླ་བརྒྱུད་ཀྱི་བླ་མ་རྒྱང་འབོད་ཅིག་ཀྱང་མཛད་ཡོད་ཅིང་། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་བློ་གསལ་ལས་ཀློང་ཆེན་སྙིང་ཐིག་རྩ་པོད་གཉིས་ཀྱི་དབང་ལུང་གསན་ཅིང་། ཨ་འཛོམ་འབྲུག་པ་རིན་པོ་ཆེ་སྣ་ཚོགས་རང་གྲོལ་ལས་སྙིང་ཐིག་སྔོན་འགྲོའི་ཟབ་ཁྲིད་ཀྱང་མནོས། རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་གིས་སྙིང་ཐིག་ཡ་བཞི་དང་ཀློང་སྙིང་པོད་གཉིས་ཀྱི་དབང་ལུང་ཁྲིད་སོགས་རྫོགས་ཆེན་སྙིང་ཐིག་ཆེན་མོའི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་བཀའ་གཏད་པ་དང་། དགུང་ལོ་བཅོ་བརྒྱད་ནས་ལོ་གྲངས་ཉེར་གཉིས་རིང་ཀློང་ཆེན་སྙིང་ཐིག་རྩ་གསུམ་སྤྱི་དང་བྱེ་བྲག་སོགས་བཀའ་གཏེར་ཟབ་ཆོས་མང་པོའི་བསྙེན་མཚམས་ལ་བཞུགས་ནས་དེ་དག་སོ་སོ་ལ་རྟགས་མཚན་རེ་མ་བྱུང་བ་མེད་ཅེས་གསུངས། དཔལ་ཆེན་འདུས་པའི་སྒྲུབ་ཆེན་སོགས་ལན་མང་འཚོགས་པར་མཛད་པ་དང་། སྙིང་ཐིག་ཡ་བཞི་དང་ཀློང་ཆེན་སྙིང་ཐིག་གི་དབང་ལུང་ཁྲིད་གསུམ་ལན་གྲངས་བཅུ་ལྷག་ཙམ་གནང་བར་མཛད་ཅེས་དམ་པ་གང་གི་རང་རྣམ་དུ་གསལ་བ་བཅས་དཔལ་རྒྱལ་བ་ཞེ་ཆེན་ཕྱོགས་སུ་ཀློང་ཆེན་སྙིང་ཐིག་ཇི་ལྟར་དར་བའི་ཚུལ་ལོ།།

ཡང་སྨྱོ་ཤུལ་ལུང་སྤྲུལ་རིན་པོ་ཆེའི་སྐུ་མདུན་ནས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་དཔལ་བཟང་པོ་གང་གིས་གསན་པར་མཛད་པ་ཡིན་ཏེ། དེ་ཡང་སྨྱོ་ཤུལ་མཁན་རིན་པོ་ཆེའི་རྫོགས་ཆེན་ཆོས་འབྱུང་ལས། རྗེ་ཉིད་ཀྱི་ཞལ་ནས་ཁོ་བོ་ལུང་རྟོགས་མཆོག་སྤྲུལ་མདུན་སྙིང་ཐིག་རྩ་པོད་དང་ཁྲིད་ཡིག་ཡེ་ཤེས་བླ་མ་སོགས་མན་ངག་སྙན་བརྒྱུད་ཞུ་སྐབས་དུམ་བུའི་ལུགས་སུ་གདབ་པོའི་ངོ་སྤྲོད་ལན་གཉིས་གནང་། རྗེས་མའི་སྐབས་ནམ་ལངས་པའི་ཐོག་ཉི་མ་ཤར་བ་ལྟ་བུ་ཞིག་བྱུང་། དེ་ཚུན་འཕོ་འགྱུར་མི་འདུག་པ་འདི་རིག་སྟོང་རྗེན་པའི་ཡེ་ཤེས་ཡིན་པ་འདྲ་ཞེས་རྟོགས་པ་བརྙེས་པར་གསུངས་སོ།།

སྐབས་འདིར་དར་ཐང་མཆོག་སྤྲུལ་རིན་པོ་ཆེ་དཔལ་ཡུལ་རང་ལུགས་གནམ་ཆོས་ཐུགས་ཀྱི་སྙན་བརྒྱུད་སོགས་ཀྱི་བརྒྱུད་པ་གཙོ་ཆེ་ལ། སྙིང་ཐིག་ཆེན་མོའི་བརྒྱུད་པ་སྨྱོ་ཤུལ་ལུང་རྟོགས་མཆོག་སྤྲུལ་བཤད་སྒྲུབ་བསྟན་པའི་ཉི་མ་ནས་གཙོ་ཆེར་བགྲང་དགོས་ཞེས་སྐྱབས་རྗེ་བླ་མ་ཉིད་ནས་གསུངས་པ་བཞིན་ཡིན། ཅེས་གསུངས་འདུག་པས་སྤྱིར་དམ་པ་གང་ཉིད་ནི་ཐུགས་སྒམ་ཞིང་གསང་བ་བསྲུང་བ་ལ་དགྱེས་པས་ཉམས་རྟོགས་ཀྱི་ཡོན་ཏན་འཕེལ་ཚུལ་དང་། དག་པའི་གཟིགས་སྣང་བྱུང་ཚུལ་སོགས་ཞལ་ནས་ཚིག་ཟུར་ཙམ་ཡང་མི་གསུང་ཡང་འདི་ནི་སྐྱེས་བུ་དམ་པ་རྣམས་ཕན་ཚུན་བར་ལ་ཉམས་རྟོགས་སྐོར་བགྲོ་བ་རྨད་དུ་བྱུང་བའི་ནང་མོལ་ཡིན་པས་བྱིན་རླབས་ཤིན་ཏུ་ཆེའོ།།

མགོན་པོ་གང་ཉིད་ནི་འཕོ་ཆེན་རྡོ་རྗེའི་སྐུ་མཆོག་བརྙེས་པའི་པཎ་ཆེན་བི་མ་ལ་མི་ཏྲས་ལོ་བརྒྱ་ཕྲག་རེའི་མཚམས་སུ་སྙིང་ཐིག་བསྟན་པ་དག་ཐེར་ཆེད་དུ་འབྱོན་པར་ཞལ་བཞེས་མཛད་ཅིང་། མི་འགྱུར་བའི་རྟགས་སུ་ཤངས་རྩེ་ནས་ཨ་དཀར་པོ་ཟགས་ལ་ཁད་པ་ཞིག་ཡོད་པར་གསུངས་པ་དང་མཐུན་པར་མཁན་ཆེན་ངག་གི་དབང་པོ་པདྨ་ལས་འབྲེལ་རྩལ་གྱིས་བི་མ་མི་ཏྲ་མངོན་སུམ་ཡིན་པར་ལུང་བསྟན་པ་དང་། ལྔ་བརྒྱའི་གཙུག་རྒྱན་པཎ་ཆེན་བི་མ་ལ། །ཞེས་མཁན་ཆེན་ཉིད་ཀྱི་གསོལ་འདེབས་ཚིགས་བཅད་དེ་ཉིད་ཞལ་བསྒྱུར་མཛད་ནས་རིན་པོ་ཆེར་གནང་བས་མཚོན་ངེས་དོན་གྱི་རྒྱལ་ཚབ་ཏུ་དབང་བསྐུར་བའོ།།

སྐྱབས་རྗེ་༸གྲུབ་དབང་རིན་པོ་ཆེ་མཆོག་གི་ཐུགས་སྲས་ཤར་རྒྱལ་བ་དཔལ་ཡུལ་བའི་གདན་རབས་བཅུ་གཉིས་པ་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་གསུང་གི་བདུད་རྩི་མྱངས་པའི་མཁན་སྤྲུལ་བླ་སློབ་གྲངས་མེད་པ་ཧི་མ་ལ་ཡའི་རི་སུལ་ཡོངས་ལ་ཁྱབ་ཅིང་ཤར་ནུབ་རྒྱ་མཚོ་ཆེན་པོའི་ཕ་མཐར་བརྒལ་ཏེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་བཞིན་པ་ལགས་སོ།།

ལར་ཕྱིས་ཀྱི་སྔ་འགྱུར་རྙིང་མའི་སྐྱེས་ཆེན་ཕལ་ཆེ་བ་ཀློང་ཆེན་སྙིང་ཐིག་དང་མ་འབྲེལ་བ་མེད་པས་ཐམས་ཅད་འདིར་གླེང་ནུས་པ་མིན་མོད་གཙོ་བོ་བུ་ཆེན་བཞི་ནས་བརྒྱུད་པའི་དེང་སང་ཉམས་བཞེས་གཙོ་ཆེར་གནང་སའི་གདན་ས་དང་བླ་མ་ཆེ་ཁག་ནས་གླེང་ཁུལ་བྱས་ཤིང་། དེ་དག་ཀྱང་ཁོ་བོ་ཐོས་རྒྱ་ཁབ་མིག་ཙམ་ལ་ནན་གྱིས་བཅུར་བའི་ཤེས་ཚོད་རྣམས་འདིར་བཀོད་པ་ལས་མ་ཤེས་པ་དང་མ་མཐོང་བའི་སྟབས་ཀྱིས་ནོར་བ་དང་ཆད་པའི་ཆ་ནི་དེ་ལས་ཀྱང་མང་བར་ངེས་པས་ཆོས་སྤྱན་ལྡན་པ་ཀུན་ལ་བཟོད་གསོལ་དང་ནོར་བཅོས་ཡོ་བསྲང་གནང་རྒྱུའི་གསོལ་འདེབས་སྙིང་ནས་ཞུ་རྒྱུ་དང་། ཁོ་བོས་ཀྱང་འབྲེལ་ཡོད་ཡིག་ཆ་དུ་མ་ཞིག་བསྔོགས་ཤིང་མཁས་པ་མང་པོར་བཀའ་སློབ་གང་ཐུབ་ཞུས་ནས་བྲིས་པས་ལེགས་ཕྱོགས་རེ་གཉིས་མཆིས་སྲིད་ན་ཚེ་རབས་ཀུན་ཏུ་ཀུན་མཁྱེན་ཆེན་པོ་ཡབ་སྲས་རྒྱུད་པ་དང་བཅས་པས་རྗེས་སུ་བཟུང་ནས་འོད་གསལ་རྫོགས་པ་ཆེན་པོའི་གསང་བ་མན་ངག་ཟབ་མོར་ངོམས་མེད་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག། །།


  1. ལོ་རྒྱུས་འགར་སྦས་དང་འབྲོ་གཉིས་སྔ་ཕྱིའི་གོ་རིམ་ལྡོག་ནས་གསུངས་པ་ཡང་འདུག
  2. ལོ་རྒྱུས་འགའ་ཞིག་ཏུ་ལོ་བརྒྱད་ཅེས་ཀྱང་སྣང་།
  3. ལོ་རྒྱུས་འགར་སྦས་བློ་གྲོས་ལས་གསན་ཞེས་ཀྱང་གསལ།
  4. ལོ་བདུན་ཞེས་ཀྱང་གསལ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།