སྐྱེ་དངོས་ཚན་རིག་གི་གྲུབ་དོན་མདོ་ཙམ་གླེང་བ།

ལོ་རིམ་བཞི་པའི་སློབ་གཉེར་བ། མཆོག་བཀྲ་ཤིས།

ཀླུ་སྒྲུབ་སོགས་ཀྱི་རྗེས་སུ་མ་འབྲངས་ཤིང་། །སངས་རྒྱས་གཞུང་ལ་ཐོས་བསམ་མ་བྱས་པར།།
མིག་མཐོང་ལག་ཟིན་གྲུབ་པའི་བེམ་གཟུགས་ཀུན། །ལྟོས་གྲུབ་སྨྲ་བའི་རིག་གསར་ལུགས་འདི་རྨད།།

རང་གི་སྟོན་པའི་བརྟུལ་ཞུགས་ངན་པ་དང་། །རྟོག་བཟོ་བྱས་པའི་གྲུབ་མཐའ་མ་བཟུང་བར།།
སྣོད་བཅུད་འཇིག་རྟེན་བྱེད་པོས་མ་བཀོད་པར། །ཕྲ་ཞིབ་དཔྱོད་པའི་རིག་གསར་ལུགས་འདི་རྨད།།

བླ་ན་མེད་པའི་ཐུབ་གསུང་ལྷུན་པོ་ལ། །སྔར་མེད་ཚན་རིག་ཉི་ཟླས་བརྒྱན་པ་འདིས།།
ད་ཆ་འཛམ་གླིང་ཤར་ནུབ་མཁས་ཀུན་ཀྱི། །ཡིད་འཕྲོག་བློ་ཡི་པདྨོ་དེང་འདིར་འཛུམ།།

འོན་ཏེ་ཆོས་ཀྱི་གོ་རྟོགས་མ་ལོངས་པར། །ཤཱཀྱའི་རྗེས་འཇུག་སྒྲོག་པའི་མཁས་པ་རྣམས།།
ཚན་རིག་ཆོས་ཀྱི་གཤེད་མར་རློམ་པ་ཡིས། །ཆོས་ཚན་འགལ་བ་སྨྲ་བར་ཡིད་ཐང་ཆད།།

ཀུན་གཟིགས་ཆེན་པོ་རྒྱལ་དབང་བཅུ་བཞི་པས། །བདེན་དོན་འཚོལ་བར་མཐུན་པའི་ཤེས་བྱེད་ཀྱིས།།
ཆོས་ཚན་འགལ་མེད་སྒྲོག་པའི་ཞལ་གཏམ་འདི། །འགའ་ཞིག་རྣ་བར་མ་བཟོད་མཚན་ཤས་བྱེད།།

བདག་ནི་རིག་གསར་གཞུང་ལ་གོ་རྟོགས་དང་། །སྔོན་སྦྱངས་ཤེས་རིག་རྣམ་པར་མི་བཀྲ་ཡང་།།
འཛམ་གླིང་མཛེས་པའི་རྒྱན་གྱུར་ཚན་རིག་ལ། །བདག་བློ་དཔྱིད་ཀྱི་པདྨོ་བཞད་པ་ཙམ།།

དེ་ཡང་སློབ་དཔོན་བདེ་བྱེད་བདག་པོས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང་། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཅེས་དང་། སློབ་དཔོན་མཐོ་བཙུན་གྲུབ་རྗེས། བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱེད་ལ་སྐྱབས་མཆིས་པ། །དེ་ཅི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེེས་བཤད་པ་ལྟར། ཉེས་སྐྱོན་བླང་དོར་འབྱེད་པའི་ཤེས་རབ་ཀྱིས་དབུལ་ཞིང་རང་གཞན་ཆགས་སྡང་བློ་ཡིས་དགག་སྒྲུབ་ལ་འདའ་བའི་ཚུལ་ངན་དེ་རེ་ཞིག་རྒྱང་རིང་དུ་དོར་ནས་རིགས་པ་དང་ལྡན་ཅིང་ཉེས་སྐྱོན་གྱིས་མ་གོས་པའི་དེང་གི་ཚན་རིག་པ་རྣམས་ཀྱི་གྲུབ་དོན་དག་ཀྱང་དངོས་ཡོད་གནས་ཚུལ་ལ་མཐུན་པའི་བདེན་དོན་ཞིག་ཡིན་པར་དཔྱོད་ལྡན་པ་བརྒྱ་ཕྲག་གིས་དཔྱད་པས་ཤེས་ནུས་ལ། ཚན་རིག་པ་གཅིག་གིས་བརྟགས་ནས་དེ་རང་དུ་ཐག་བཅད་ནས་ཀུན་ཀྱིས་དེ་ལུགས་ལྟར་མི་འཛིན་པར་དངོས་པོ་དེར་སུ་ཞིག་གིས་བལྟས་ཀྱང་སྔ་ཕྱི་མཐོང་ཚུལ་གཅིག་ཁོ་ན་ལས་སུ་ལ་ཡང་འགལ་བར་མི་སྣང་བའི་ཚེ་ན་བདེན་པར་ཁས་ལེན་དགོས་པའི་ཕྱིར། ཁོ་བོས་ཀྱང་འདིར་དེང་རབས་ཚན་རིག་གིས་བཤད་པ་གཞིར་བཟུང་ལ་ཁུངས་ཐུབ་བྱས་ནས་སྐྱེ་དངོས་ Biology རིག་པའི་རྣམ་གཞག་ཅུང་ཟད་ཙམ་བརྗོད་ན་སྙམ།

ཐོག་མའི་གཏམ། སྐྱེ་དངོས་ཚན་རིག་གི་བརྗོད་དོན་གཙོ་བོ་ནི། ཚེ་སྲོག་དང་འབྲེལ་བའི་སྲོག་ཆགས་བྱུང་རིམ་དང་འཕེལ་འགྱུར་གྱི་རྣམ་གཞག་དེ་རེད། དེ་ལས་དཀའ་གནད་གཙོ་བོ་ཞིག་ནི་ཚེ་སྲོག་ཅེས་པའི་ཡིག་འབྲུ་གཉིས་ཅན་དེ་ཆགས་ཡོད། དེ་ལ་སྤྱིར་ཚེ་སྲོག་ཅེས་པ་ནི། ཚད་འཇོག་བྱ་རྒྱུ་ལས་སླ་མོ་ཞིག་གཏན་ནས་མིན། རྒྱུ་མཚན་ནི། ད་བར་ཚན་རིག་པས་དེའི་ཐད་རྙོག་འཛིང་རྒྱ་ཆེར་གླེངས་ཏེ་རྟོག་ཞིབ་དང་འགྲེལ་བཤད་ཟམ་མ་ཆད་པར་བྱས་དང་བྱེད་མུས་ལགས།

འོན་ཏེ་ནང་པའི་དབུ་ཚད་གཞུང་གི་མཚན་མཚོན་གྱི་ཁྱབ་སྐོར་འགྲོ་ལུགས་ལྟར་བྱས་ན། ད་དུང་ཚེ་སྲོག་ཅེས་པའི་དོན་ཇི་འདྲ་ཞིག་ལ་བརྗོད་མིན་བརྟག་ཞིབ་བྱེད་དགོས་པ་དང་སྔོན་ཐག་བཅད་པའི་གྲུབ་དོན་དག་ལ་སླར་བསྐྱར་ཞིབ་བྱེད་དགོས་པའི་གནད་དོན་མང་དག་ཅིག་ལྷག་ཡོད། དེས་ན་ཁོ་བོས་ཀྱང་དེའི་ཐད་ལ་ཞིབ་ཕྲར་བརྟག་པའིི་རྣམ་དཔྱོད་དང་ཞིབ་བཤད་བྱེད་འདོད་པའི་སྤོབས་སེམས་མེད་པའི་ཁར་སྤྱི་ཚོགས་ཚན་རིག་གི་ཚོར་ཤེས་རྣོན་པོ་ནི་དེ་བས་ཀྱང་དབུལ་བས་སྐབས་ཀྱི་བརྗོད་དོན་དེ་གོ་བདེར་རགས་ཙམ་ཞིག་བྲིས་པ་ཡིན་ཞེས་སྐབས་ཀྱི་གཏམ་དངོས་གླེང་བར་བྱ། བཤད་བྱ་དངོས་དེ་ལ་ Cell ཕྲ་ཕུང་རྣམ་གཞག་དང་། life ཚེ་སྲོག་རྣམ་གཞག་ living things སྲོག་ལྡན་གྱི་རྣམ་གཞག་ Gene རིགས་རྫས་ཀྱི་རྣམ་གཞག་སྟེ་ཚན་པ་བཞི་ལས། དང་པོ་ Cell ཕྲ་ཕུང་། ཕྲ་ཕུང་ངམ་མིང་གཞན་ནས་བོས་ན་སྐྱེ་རྡུལ་ཕྲ་མོ་ཞེས་པ་དེ་ནི་གཟུགས་ཅན་ཀུན་ཀྱི་རྩོམ་གཞིར་གྱུར་པའི་རྫས་རྡུལ་ཕྲ་མོ་ Atom དང་འདྲ་བ་ཞིག་སྟེ་སྲོག་ཆགས་ཡོངས་ཀྱིི་གདོས་བཅས་ཀྱི་ཕུང་པོའི་རྩོམ་གཞིར་གྱུར་པའི་རྡུལ་ཕྲན་མཐར་ཐུག་པ་ཞིག་ལ་ཟེར། དེ་ནི་སྲོག་ལྡན་ཀུན་ཀྱི་རིགས་རྫས་ Gene ཀྱི་འབྱུང་གཞི་དེ་ཡིན་པར་མ་ཟད་ཐོག་མར་རྒྱ་མཚོའི་ནང་དུ་གྲུབ་པའི་ཚེ་སྲོག་གི་ཚད་གཞིའམ་བོངས་ཚད་ཆུང་ཤོས་ཤིག་ཡིན་པ་རེད། དེ་ཡང་ཐོག་མར་སྐྱེ་ལྡན་གྱི་གྲུབ་རྫས་མང་པོ་ཞིག་རྒྱ་མཚོའི་ནང་དུ་དུས་ཡུན་མང་པོའི་རིང་བསགས་པ་ལ་བརྟེན་ནས་ཚེ་སྲོག་གི་རྟེན་གཞིར་གྱུར་པའི་རྡོ་ཞུན་འདྲེས་མའི་གཤེར་ཁུ་ཞིག་གྲུབ། དེ་ནས་གང་འཚམས་རྗེས་ག་ལེ་ག་ལེར་གྲུབ་རྫས་འདི་དག་ཇེ་ཆེར་དང་སྲ་བརྟན་དུ་གྱུར་ནས་མཐའ་མཇུག་དེེར་སྲོག་ལྡན་ནམ་སྲོག་ཆགས་ཀྱི་རྩོམ་གཞི་བྱེད་པའི་ཕྲ་ཕུང་དེ་གྲུབ་པ་ཡིན།

མདོར་ན་ཕྲ་ཕུང་གི་ཐོག་མའི་འབྱུང་གཞི་ནི་རྒྱ་མཚོ་ཆགས་འགོ་ཚུགས་པ་ནས་འགོ་བརྩམས་ཏེ་དུས་ཡུན་མང་པོའི་རིང་བསགས་པའི་གྲུབ་རྫས་འདི་དག་ཡིན། དེས་ན་ཕྲ་ཕུང་ཞེས་པ་དེ་ལོ་ས་ཡ་མང་པོའི་སྔ་རོལ་དུ་གྲུབ་པ་ཞིག་ཡིན་མོད་ད་ལྟའི་ཚན་རིག་གི་སྡེ་ཚན་དུ་དེའི་རྣམ་གཞག་རྒྱ་ཆེར་སྟོན་པ་ནི་དང་ཐོག་དབྱིན་ཇིའི་ཚན་རིག་པ་ Robert Hooke ཞེས་པ་ཁོང་གིས་ཐོག་མར་གསར་དུ་རྙེད་པ་ལས་བྱུང་བ་ཞིག་རེད། ཁོང་གིས་སྤྱི་ལོ་ 1665 ལོར་ཕྲ་མཐོང་ཆེ་ཤེལ་བརྒྱུད་བེ་དོ་ཞེས་འབོད་པའི་ཤིང་དེའི་སྐྱི་དཀར་གྱི་དུམ་བུ་ཕྲ་མོ་ལ་ལྟ་ཞིབ་བྱེད་ཞོར་དུ་གསར་གཏོད་བྱས་པ་ཞིག་རེད། དེའི་ཚུལ་ཡང་བེ་དོའི་ཕྱི་ཤུན་གྱི་སྟེང་དུ་ཨི་ཁུང་ཆུང་ཚག་མང་པོ་ཞིག་མཐོང་བ་དང་གནའ་སྔ་མོའི་ཡེ་ཤུའི་གྲྭ་པ་ཚོའི་སྒོམ་ཁང་ཆུང་ཆུང་ལ་དཔེ་བྱས་ནས་དབྱིན་སྐད་དུ་ Cell ཞེས་མིང་གསར་དུ་བཏགས། དེ་ནས་བཟུང་སྟེ་ཚེ་སྲོག་རིག་པའི་གཞུང་ལུགས་མཐར་ཐུག་གི་གྲུབ་དོན་ཏེ་སྐྱེ་དངོས་ཡོད་ཚད་སྐྱེ་རྡུལ་ཕྲ་མོ་དེ་ལ་བརྟེན་ནས་བྱུང་བར་ངོས་འཛིན་བྱེད་ཀྱིན་ཡོད།

རྩི་ཤིང་དང་སེམས་ཅན་བཞིན་དུ་ཕྲ་ཕུང་འདི་དག་ལའང་སྐྱེ་འཆིའི་རྣམ་གཞག་ཡོད་དེ། འདི་ལྟར་ཟས་བཅུད་ཐམས་ཅད་ཀྱི་ནུས་པ་ཡོངས་རྫོགས་ཕྲ་ཕུང་གི་ཤུན་པའི་ནང་དུ་ལེན་པ་དང་། ཕྲ་ཕུང་གི་ནང་དུ་གྲུབ་པའི་ཟས་ཀྱི་སྙིགས་རོ་རྣམས་ཤུན་པ་བརྒྱུད་ནས་ཕྱིར་འདོར་བྱེད་སྐབས་ཕྲ་ཕུང་དེ་ཉིད་འཚར་ལོངས་དང་སྐྱེ་འཕེལ་བྱེད་ཀྱི་ཡོད། དེའི་སྐབས་རྩི་ཤིང་རྣམས་ཉི་འོད་ཟས་སྦྱོར་ Photosynthesis བེད་སྤྱོད་ཀྱི་ཡོད། རྩི་ཤིང་གི་ལོ་མ་དང་གཞུང་རྟར་ཡོད་པའི་རང་བྱུང་གི་མཚོན་རྫས་ལྗང་ཁུ་ Green Pigment དེ་ཡིས་ཉི་འོད་ Sunlight བཟུང་ནས་ཟས་གཡོ་སྦྱོར་བྱེད་ཀྱིན་ཡོད། རྩི་ཤིང་གི་ཟས་ཀྱི་འབྱུང་ཁུངས་ནི། རླུང་ཁམས་ནང་ཡོད་པའི་ཆུ་རླངས་ཏེ་ཀར་སྦོོན་ཌཡི་ཨོག་ས་ཡི་ཌ་ Carbon Dioxide དང་ཆུ་དང་ས་འོག་གི་གཏེར་རྫས་རྣམས་ཡིན་པ་རེད། ཉི་འོད་ཟས་སྦྱོར་ནི་རྩི་ཤིང་སྤྱི་ཁྱབ་ཀྱི་ཟས་ཤིག་ཡིན་པས་རྩི་ཤིང་ཀུན་དེེ་ལ་བརྟེན་ནས་འཚོ་བར་རོལ་གྱིན་ཡོད། དམིགས་བསལ་ཞིག་ནི་ཤ་མོ་དང་ཧམ་བུ་ཞེས་པའི་རྩི་ཤིང་རིགས་ཁ་ཤས་ནི་ཉི་འོད་ལ་མ་བརྟེན་པར་རང་སྲོག་འཚོ་ཐུབ་ཀྱི་ཡོད། ནམ་ཞིག་ཕྲ་ཕུང་གི་ཤུན་པར་སྐྱོན་ཆ་བྱུང་བའམ་དེ་བེད་མེད་དུ་ཟིན་པ་ན། ཉེར་མཁོའི་རྫས་རིགས་རྣམས་ཕྲ་ཕུང་ནང་དུ་ལེན་པ་དང་ཕྲ་ཕུང་ནང་གི་མི་མཁོ་བའི་སྙིགས་རོ་རྣམས་ཕྱིར་འདོར་བའི་བྱ་བ་ཉམས་ནས་ཕྲ་ཕུང་རང་བཞིན་གྱིས་འཆི་འགྲོ་བ་ཡིན། དེ་ཡང་མར་མེ་རྒྱུན་ཆད་པ་ལྟ་བུ་ཞིག་མིན་པར་སྐྱེ་བ་སྔ་ཕྱི་འདོད་པའི་ལུགས་ལ་སེམས་ཅན་བྱེ་བྲག་པ་ཞིག་ཤི་བ་ན་དེའི་ལུས་སེམས་ཁ་བྲལ་ཏེ་སེམས་དེ་སླར་ཡང་མའི་མངལ་དུ་ཞུགས་ནས་མི་སོགས་ཀྱི་སྐྱེ་བ་ལེན་པ་བཞིན་ཏེ། སྲོག་ཆགས་གང་ཡང་རུང་བ་ཞིག་གིས་རང་གི་རྫས་རྒྱུན་གཞན་ནས་གཞན་དུ་བརྒྱུད་སྤྲོད་བྱས་ཏེ་ཡང་ནས་ཡང་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད། ཇི་ལྟར་ཞེ་ན། ཕྲ་ཕུང་རང་ཉིད་ཐོར་ཟིན་པའི་རྗེས་རང་གི་ངོ་བོ་འཛིན་པའི་གྲུབ་རྫས་ཐམས་ཅད་སླར་ཡང་རང་གི་ཁོར་ཡུག་ལ་སྤྲོད་པ་དང་རང་བྱུང་ཁམས་ཀྱིས་བཀོལ་སྤྱོད་བྱས་ནས་དངོས་གཟུགས་གཞན་ཞིག་གསར་སྐྲུན་བྱེད་སྟངས་དེ་རེད། དཔེར་ན། འདས་ཟིན་པའི་གདོད་མའི་མེས་པོ་རྣམས་ཀྱིས་བརྒྱུད་སྤྲོད་བྱས་པའི་རིགས་རྫས་དེ་དག་ཤུལ་མེད་རྩ་སྟོངས་སུ་མ་ཕྱིན་པར་ད་ལྟའི་སྲོག་ཆགས་རྣམས་ཀྱིས་བེད་སྤྱོད་པ་ལྟ་བུ་རེད།

གདོད་མའི་མེས་པོ་སེམས་ཅན་ནི་ཧ་ལམ་ལོ་ངོ་ ༦,༥༠༠ གོང་གི་གཏུམ་འབྲུག་ Dinosaur ཅེས་པ་དེ་རེད། དེ་ལ་ཡང་རིགས་མི་འདྲ་བ་ ༥༠༠ ལྷག་ཡོད་པར་བཤད། རྒྱུ་མཚན་དེ་ལ་བརྟེན་ནས་ཚན་རིག་པས་འཛམ་གླིང་དངོས་རྫས་ཀྱི་ཁྱོན་འབོར་ལ་མང་ཉུང་གི་འགྱུར་བ་འགྲོ་ཡི་མེད་པ་དང་ད་ལྟའི་སེམས་ཅན་གྱི་གཟུགས་ཕུང་གྲུབ་བྱེད་ཀྱི་ཐོག་མའི་རྫས་རྡུལ་དེ་དག་ཕྱིའི་ས་རྡོ་དང་གཅིག་མཚུངས་ཡིན་པར་བཤད་ཐུབ་ཀྱི་ཡོད། དེས་ན་གོང་དུ་བཤད་པ་ལྟར་སྐྱེ་དངོས་འཕེལ་འགྱུར་གྱི་ཁྲོད་ན་རང་ཉིད་ཀྱི་ངོ་བོ་རྒྱུན་འཁྱོངས་བྱ་རྒྱུ་དང་སྐྱེ་ལྡན་གྱི་དངོས་པོ་རྣམས་གསོན་པོར་འཚོ་དོན་དུ་སྐྱེ་འཕེལ་དང་རྒྱུན་བསྲིངས་ཏེ་ཡུན་རིང་གནས་པར་བྱེད་པ་ནི་ཕྲ་ཕུང་གི་ཐུན་མིན་གྱི་བྱེད་ལས་ཡིན་ལ། ལས་ཅན་དེ་ནི་ཤིང་སྡོང་སོགས་ལ་ཡང་ཡོད་པས་སྐྱེ་དངོས་རིག་པ་སྨྲ་བ་རྣམས་ཀྱིས་དེ་དག་གསོན་པོ་དང་སྲོག་ལྡན་ཡིན་པར་འདོད་པའི་སྒྲུབ་བྱེད་ཀྱི་རིགས་པ་ནི་དེར་བརྟེན་ནས་བྱུང་བ་ཡིན།

འོན་ཏེ་ང་ཚོས་སེམས་ཅན་རྣམས་ཕྱིའི་རྣམ་འགྱུར་སོགས་ལ་བརྟེན་ནས་ནང་ལ་སེམས་ཡོད་པར་ཚོད་དཔག་བྱས་ཏེ་གསོན་པོ་དང་སྲོག་ལྡན་ཡིན་པར་ཤེས་སླ་ཡང་རྩི་ཤིང་གི་རིགས་དེ་དག་ནི་སེམས་མི་ལྡན་པས་དུས་ཡུན་གང་འཚམས་རྗེས་ལ་རྟོག་ཞིབ་བྱས་ན་མ་གཏོགས་ལས་སླ་མོས་རྟོགས་མི་ཐུབ་པ་ཡིན། ཕྲ་ཕུང་གི་ཕྱི་བཀོད་ནི་ཟླུམ་པོ་དང་སྒོར་དབྱིབས་སོགས་རིགས་མི་འདྲ་བ་ ༢༠༠ ལྷག་ཡོད་པ་དང་། ནང་གི་བཀོད་པ་ནི་གཤེར་གཟུགས་ཀྱིས་ཁེངས་ཤིང་སྲོག་ཆགས་ཀྱི་རིགས་འདྲ་ཕྱི་མ་བསྐྱེད་པའི་ནུས་པ་ཅན་ཞིག་རེད། ཕྲ་ཕུང་རེ་རེ་ཡི་ནང་དུ་ DNA ཞེས་པའི་རིགས་རྫས་རེ་ཡོད་པར་ངེས་ཀྱང་དེ་དག་གི་བྱེད་ལས་ནི་སོ་སོ་ནས་ཡོད་དེ། རིགས་རྫས་འགའ་ཞིག་གིས་རིགས་རྒྱུན་ཕྱི་མ་སྤེལ་བ་དང་། ལ་ལས་སེམས་ཅན་གྱི་གདོས་བཅས་ཀྱི་ཤ་པགས་སོགས་གྲུབ་པར་བྱེད།

གཞན་ཡང་ཕྲ་ཕུང་གཅིག་ལ་ ༡ རྫས་སྙིགས་ཕྱིར་འདོན་གྱི་ཆ་ལག ༢ མངར་རྫས་སོགས་འཇུ་བྱེད་ཀྱི་ཆ་ལག་༣ རང་ཉིད་སྐྱེ་འཕེལ་བྱེད་པའི་ཆ་ལག ༤ རྫས་ཉར་ཚགས་དང་ཕྱོགས་བསྡུས་བྱེད་པའི་ཆ་ལག ༥ རང་ཉིད་སྲུང་སྐྱོབ་བྱེད་པའི་ཆ་ལག ༦ རིགས་རྫས་བཟོ་འདོན་བྱེད་པའི་ཆ་ལག ༧ རིགས་རྫས་གཞན་ནས་གཞན་དུ་བརྒྱུད་གཏོང་བྱེད་པའི་ཆ་ལག་སོགས་ཁྱད་ཆོས་གྱ་ནོམ་པ་ལྡན་ཡོད། དེ་ལས་ཀྱང་བསྡུས་ཤིང་སྟབས་བདེར་བཏང་ན་ཁྱད་ཆོས་གཙོ་བོ་གསུམ་སྟེ། ༡ རང་ཉིད་ཀྱི་རྒྱུན་སྐྱོང་བ་དང་། ༢ བསྐྱར་སྤེལ་བྱེད་པ། ༣ དེ་བཞིན་འཕེལ་འགྱུར་བྱེད་པའི་ནུས་པ་བཅས་ཡིན། ཕྲ་ཕུང་ལ་རྩ་བའི་དབྱེ་བ་སེམས་ཅན་ Animal འགྲུབ་བྱེད་དང་། རྩི་ཤིང་ Plant འགྲུབ་བྱེད་རིགས་མི་འདྲ་བ་གཉིས་ཡོད། དེ་གཉིས་ཀ་རང་ཉིད་ཀྱི་རྒྱུན་སྐྱོང་བ་དང་རྒྱུན་ཕྱི་མ་བསྐྱར་སྐྲུན་བྱེད་པ་དེ་བཞིན་གོང་དུ་ཇི་སྐད་བཤད་པའི་ཕྱི་ནང་གི་བཀོད་དབྱིབས་སོགས་རྩ་བའི་ཁྱད་ཆོས་ཕལ་ཆེ་བ་གཅིག་མཚུངས་སུ་ཡོད་མོད། འོན་ཏེ་རྩི་ཤིང་གི་ཕྲ་ཕུང་ལ་མི་འདྲ་བའི་ཁྱད་པར་ནི་ཕྱི་ལ་ལྕགས་རི་འདྲ་བས་བསྐོར་ཡོད་པའི་ཕྱི་ཤུན་ཡོད་པ་མ་ཟད་ལྗང་རྫས་ Chlorophyll ཞེས་པའི་རྫས་དེ་ལ་བརྟེན་ནས་ཉི་འོད་འཇིབ་པ་དང་། དེ་ལ་བརྟེན་ནས་རྩི་ཤིང་རང་ཉིད་ཀྱི་གཟུགས་ཕུང་སྟེང་དུ་རང་ཉིད་འཚར་ལོངས་དང་སྐྱེ་འཕེལ་བྱེད་པ་ལ་ཉེར་མཁོའི་ཟས་གཡོ་སྦྱོར་བྱེད་ཐུབ་ཀྱི་ཡོད།

གཞན་ཡང་མི་འདྲ་བ་ཞིག་ནི་རྩི་ཤིང་གི་ཕྲ་ཕུང་ནང་དུ་མཐུག་ཅིང་སྲ་བའི་པགས་པ་ཡོད་ཀྱང་སེམས་ཅན་གྱི་ཕྲ་ཕུང་ལ་དེ་ལྟར་མེད། སེམས་ཅན་གྱི་ཕྲ་ཕུང་གིས་རང་གི་སྐྱི་པགས་བརྒྱུད་ནས་ཟས་བཅུད་སོགས་ཉེར་མཁོའི་ཅ་དངོས་རྣམས་དབོར་འདྲེན་བྱེད་པས་སེམས་ཅན་གྱི་ཕྲ་ཕུང་ལ་ནང་གི་ཤུན་པ་ཡོད། འོན་ཀྱང་རྩི་ཤིང་གི་ཕྲ་ཕུང་གཞན་མཐུག་པོ་དང་མཁྲེགས་པོ་མེད། དེས་ན་སེམས་ཅན་དང་རྩི་ཤིང་གི་ཕྲ་ཕུང་གཉིས་ཀ་ལ་ཡོད་པའི་ཤུན་པའི་བྱེད་ལས་གཙོ་ཁག་ནི་རང་གི་གཤེར་ཁུ་སྲུང་སྐྱོང་བྱེད་པ་དང་རང་ཉིད་འཚོ་གནས་ཐུབ་པར་སྐྱེད་འཕེལ་གྱི་ཆེད་དུ་ཉེར་མཁོའི་རྫས་རིགས་འདྲ་མིན་རྣམས་ཤུན་པས་སྟངས་འཛིན་དང་བླང་དོར་བྱེད་ཀྱིན་ཡོད། མདོར་ན་རྩ་བའི་ཕྲ་ཕུང་གཉིས་ཀ་དུས་ཡུན་ཇི་ཙམ་འཚོ་གནས་བྱེད་ཐུབ་མིན་ནི་དེའི་ཤུན་པའི་བྱེད་པ་ལ་རག་ལས་ཡོད་པར་ཤུགས་ཀྱིས་རྟོགས་ནུས་སོ།།

ཕྲ་མཐོང་ཆེ་ཤེལ་སྤྱོད་པའི་རིག་རྩལ་གྱིས། །སེམས་མེད་བེམ་པོའི་ཆོས་རྣམས་ཡོངས་བརྟགས་ཏེ། །སྔོན་མེད་གསར་དུ་གཏོད་པའི་གྲུབ་དོན་ཏེ། །སྐྱེ་རྡུལ་ཕྲ་མོའི་རྣམ་གཞག་རྒྱ་ཆེར་བྱུང་།།

གཉིས་པ། Life ཚེ་སྲོག ཚེ་སྲོག་གི་གོ་དོན་ནི་སྐྱེ་ལྡན་གང་ཞིག་རང་ཉིད་རྒྱུན་འཁྱོངས་བྱེད་པའི་ཆ་ལག་མ་ཚང་བ་མེད་པ་དེ་རེད། དེ་ཡང་ཟས་ཟ་བ་དང་། དབུགས་གཏོང་ལེན་བྱེད་པ། ཚོར་རྐྱེན་ལ་ཚོར་ལེན་བྱེད་པ། བེད་མེད་སྙིགས་རོ་ཕྱིར་འདོན་བྱེད་པའི་ནུས་ཅན་ཞིག་ཡིན་ལ་དེ་འདྲ་བའི་ཚེ་སྲོག་དེ་ནི་ས་སྟེང་འདིར་ཐོག་མར་ངོ་བོ་འཛིན་པའི་གྲུབ་རྫས་ཇེ་མང་ནས་ཇེ་མང་དུ་འཕེལ་བ་དང་ངེས་མེད་དུ་བྱུང་བ་ཡིན། ངོ་བོ་འཛིན་པའི་གྲུབ་རྫས་ཞེས་པ་ནི་རྫས་རྡུལ་ཕྲ་མོའི་ Atom རང་བཞིན་ཞིག་རེད། ངེས་མེད་ཀྱི་རང་བཞིན་འདི་ནི་གཞན་ལ་ལྟོས་མེད་ཁེར་རྐྱང་གིས་གྲུབ་ཚུལ་ཞིག་མིན་པར་སྟེས་དབང་གིས་བྱུང་བའི་དོན་ཞིག་ལ་གོ་དགོས་པ་ཡིན། རྒྱུ་མཚན་ནི་གདོད་མའི་ཚེ་སྲོག་ངེས་མེད་རང་བཞིན་དུ་སྐྲུན་པར་བྱེད་པའི་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་ཡོད་ཀྱང་དེ་དག་བརྒྱུད་རིམ་གྱིས་དཀྲུགས་ནས་གོ་རིམ་མེད་པའི་གནས་སྟངས་ཤིག་བསྐྲུན་པས་སྟེས་དབང་གིས་གྲུབ་པ་རེད། འོན་ཏེ་ང་ཚོ་ཕལ་ཆེ་བས་ལྟོས་མེད་རང་དབང་གིས་ཐོལ་བྱུང་དུ་གྲུབ་པར་བསམས་ནས་སྟེས་དབང་གི་ལྟ་ཚུལ་འདི་ཐོག་མར་བློ་ངོར་འཆར་མི་བདེ་བ་ཞིག་ཡོང་སྲིད་པ་ཡིན། གཞན་དུ་རྟེན་འབྱུང་གི་བསམ་བློ་བ་ཞིག་གིས་ལྟ་ཚུལ་བྱས་ན་ངེས་མེད་རང་བཞིན་འདི་ནི་ཇི་ལྟར་རྫས་རིགས་འདྲ་མིན་དང་ཆ་ཤས་ཕུན་སུམ་ཚོགས་པ་ཞིག་གིས་དུས་རབས་གསར་པའི་དྲ་རྒྱ་དྲ་ལམ་དང་ལག་ཐོགས་ཁ་པར་གྲུབ་སྟངས་ཤིག་རེད།

གཞན་ཡང་ངེས་མེད་རང་བཞིན་འདི་ལ་དཔེ་མཚོན་གཉིས་ཀྱིས་བཤད་ན། འགྲུལ་བཞུད་པ་ཞིག་འགྲུལ་ལམ་དུ་གཞན་གྱི་རླངས་འཁོར་དང་གདོང་ཐུག་བརྒྱབ་པ་ནི་རང་ཉིད་ལ་མི་འདོད་པ་ཐོག་ཏུ་བབས་པའི་འགལ་རྐྱེན་ཕྲད་པ་ཞིག་ཡིན་ཀྱང་། ཞིབ་ཏུ་ལྟ་སྐབས་དེའི་ཚེ་ཁ་ལོ་བས་རླངས་འཁོར་བཏང་བའི་མགྱོགས་ཚད་དང་། ཁོས་ཆང་རག་བཏུངས་ཡོད་མེད། དེ་བཞིན་ཁོང་གི་སེམས་ཁམས་ཀྱི་གནས་སྟངས་དང་རླངས་འཁོར་གྱི་འཁོར་ལོའི་གནས་སྟངས་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་དོན་རྐྱེན་འདི་བྱུང་བ་དང་གཅིག་མཚུངས་སུ་གྱུར་ཡོད། དཔེ་མཚོན་གཞན་ནི་ཚན་རིག་པས་ཡོངས་གྲགས་སུ་ཚེ་སྲོག་ངེས་མེད་དམ་སྟེས་དབང་གིས་བྱུང་ཚུལ་འདི་གད་སྙིགས་ཕུང་གསོག་གི་ར་བའི་ནང་རླུང་འཚུབ་བརྒྱབ་ནས་ཧོབ་ཀྱིས་གནམ་གྲུ་ཞིག་གྲུབ་པ་དང་གཅིག་མཚུངས་སུ་བཤད། དཔེ་མཚོན་དེེ་ལྟར་ན་ནི་ཕལ་ཆེར་ས་སྟེང་འདིར་ཚེ་སྲོོག་འབྱུང་མི་སྲིད་པ་དང་རྨི་ལམ་དུ་འཆར་མི་ཐུབ་པའི་ཚོར་སྣང་ཞིག་རེད།

དེ་ལྟར་ཚེ་སྲོག་གི་གོ་དོན་ནི། ཚན་རིག་པས་འགྲེལ་བརྗོད་བྱས་པ་དེ་ཙམ་ཞིག་ལས། ད་བར་དེའི་ཐད་འགྲེལ་བཤད་ཁ་གསལ་གོ་བདེ་ཞིག་སུས་ཀྱང་རྒྱག་ཐུབ་མེད་ལ་དེ་ནི་ཧ་ཅང་རྙོག་འཛིང་ཆེ་ལ་དཀའ་གནད་ཕྲ་མོ་ཞིག་ཀྱང་རེད། འདི་ཡན་ཚེ་སྲོག་གི་ངོ་བོ་དང་དེའི་རང་བཞིན་མདོ་ཙམ་བརྗོད་ཟིན་ནས་ཚེ་སྲོག་དེ་ཆགས་ནས་རིམ་གྱིས་སྐྱེད་འཕེལ་ཇི་ལྟར་བྱུང་ཚུལ་ནི། ཐོག་མར་ས་ཡི་གོ་ལའི་ཁ་ངོས་ནི་བྲག་རྡོ་ཁོལ་བའི་རྡོ་ཞུན་གྱི་རང་བཞིན་ཡིན་ཅིང་། རིམ་གྱིས་མེ་རིའི་ཚ་དྲོད་ཉམས་ནས་རླན་གཤེར་གྱི་གྲུབ་རྫས་རླངས་པ་གྲུབ། དེ་ལས་ས་སྟེང་དུ་ཆར་ཆུ་བབས་ཏེ་གཏིང་ཐུང་བའི་རྒྱ་མཚོ་ཆགས། དེ་ནས་ཐོག་མར་ས་སྟེང་འདིར་འདམ་རྫབ་དང་ཚ་དྲང་མཉམ་པའི་ཆུའི་གསེབ་ནས་སྐྱེ་ལྡན་གྱི་སྔོ་རིགས་དང་སྐྱེ་རྡུལ་གཅིག་ཁོ་ན་ལས་གྲུབ་པའི་ཨ་མོའི་བྷ་ Amoeba ཞེས་པའི་སྲོག་ཆགས་འདི་ཆགས་འགོ་བརྩམས། དེ་ནས་ག་ལེར་ཨ་མོའི་བྷ་འདི་འཚོ་གནས་ཀྱི་ཤུགས་རྐྱེན་དབང་གིས་རྒྱ་མཚོའི་ཉ་རུ་གྱུར། ཉ་རིགས་ལས་རིམ་པས་སྦལ་པ་དང་སྐམ་སར་གནས་པའི་རྩངས་པ་ཆགས། དེ་ནས་རྩངས་པ་དེ་དག་གིས་གོ་ལ་ནི་ཤིན་ཏུ་རྒྱ་ཆེ་ཞིང་རྐང་པའི་འགུལ་སྐྱོད་ཁོ་ནས་ས་ཆེན་བགྲོད་མི་ནུས་པར་ཤེས་རྟོགས་བྱུང་སྟེ་ནམ་མཁར་འཕུར་འདོད་ཀྱི་འདུན་པ་ཤུགས་ཆེར་བསྐྱེད་པའི་དབང་གིས་རྩངས་པ་འགའ་ཞིག་གི་ལུས་ལ་གཤོག་པ་ཐོགས་ནས་བྱ་ཡི་རིགས་ཐོག་མར་ཆགས་པ་རེད། དེ་རྗེས་རྩངས་པ་འགའ་ཞིག་ནུ་ལྡན་དུ་གྱུར་ནས་རི་དྭགས་དང་སྤྲེའུའི་རིགས་བྱུང་སྟེ་མཐའ་མར་འགྲོ་བ་མིའི་རིགས་འདི་དག་བྱུང་བའི་རིམ་པ་དེ་ལྟར་རོ།།

ཇི་སྐད་བཤད་པའི་ཚུལ་དག་ནི། །ཡོངས་གྲགས་སྐྱེ་དངོས་ཚན་རིག་པས། །སྣོད་ཀྱི་འཇིག་རྟེན་ཁམས་འདི་ལ། །བརྟགས་ཤིང་དཔྱད་པའི་གྲུབ་དོན་ནོ། །ཆོས་མངོན་མཛོད་དང་དེང་གི་རིག་གསར་གྱིས། །ཚེ་སྲོག་རིག་པའི་རྣམ་གཞག་བརྗོད་ཚུལ་ལ། །ནང་པས་སེམས་ལྡན་འདོད་པའི་ཁྱད་པར་ཙམ། །དོན་ལ་འགལ་བའི་གོ་སྐབས་ཤིན་ཏུ་ཕྲ།།

གསུམ་པ་སྲོག་ལྡན། བཤད་ཟིན་པའི་ཚེ་སྲོག་དང་དེ་ཡི་ཁྱད་ཆོས་རྣམས་དངོས་གཟུགས་གང་འདྲ་ཞིག་ལ་ལྡན་པར་གྱུར་ན། དེ་འདྲའི་དངོས་གཟུགས་དེ་ལ་སྲོག་ལྡན་ནམ་སྲོག་ཆགས་ཞེས་བརྗོད་ཀྱི་ཡོད། ད་དུང་དེ་ལས་གོ་བདེར་བྱས་ན་རང་བྱུང་ཁམས་ལ་འཚོ་གནས་བྱེད་མཁན་ཞིག་ལ་སྲོག་ལྡན་ཟེར་གྱིན་ཡོད། དེ་དང་སྐྱེ་ལྡན་སྐྱེ་དངོས་གསུམ་མིང་གི་རྣམ་གྲངས་ཙམ་ལས་ཁྱད་པར་མེད། འདིར་ཀླད་པ་ལས་ཟུར་དུ་སེམས་ཀྱི་རྣམ་གཞག་ཁས་མི་ལེན་པས་སྣོད་བཅུད་ཡོངས་རྫོགས་གཟུགས་ཅན་ Physical གྱི་རང་བཞིན་དུ་འདོད་པ་ཡིན། གོང་གི་སྲོག་ལྡན་གྱི་གོང་བུ་ཆུང་ཤོས་ནི་སྐྱེ་ལྡན་ཀུན་ཀྱི་གཞི་མར་གྱུར་པའི་ཕྲ་ཕུང་ Cell ཞེས་བྱ་བ་དེ་ཡིན་པར་མ་ཟད་དེ་ནི་རང་ཉིད་ཀྱི་ཚོགས་སྤུང་ན་ཡོད་པའི་ཆ་ལག་དུ་མ་ལས་དོན་འདྲ་མིན་བྱེད་པའི་བཟོ་གྲྭ་ལྟ་བུ་ཞིག་རེད། རྩ་བའི་ཆ་ནས་སྲོག་ཆགས་ལ་ཚན་རིག་པས་སེམས་ཅན་ Animals དང་། རྩི་ཤིང་ Plant དེ་བཞིན་སེར་ཤ་སོགས་ཀྱི་རིགས་དང་། ལྟེ་རྡུལ་མེད་པའི་ཕྲ་རྡུལ་གཅིག་ལས་གྲུབ་པའི་སྐྱེ་ལྡན། ལྟེ་རྡུལ་ཡོད་པའི་ཕྲ་རྡུལ་གཅིག་གིས་གྲུབ་པའི་སྐྱེ་ལྡན་བཅས་རིགས་ལྔར་ཕྱེ་སྟེ་བཤད། དེ་བཞིན་སེམས་ཅན་ལ་སྒལ་ཚིགས་ཡོད་པ་དང་སྒལ་ཚིགས་མེད་པ་བཅས་རིགས་གཉིས་སུ་ཕྱེ་བ་ལས། དང་པོ་ལ་རིགས་མི་འདྲ་བ་བཞི་ཁྲི་གཉིས་སྟོང་དང་། གཉིས་པ་ལ་ས་ཡ་གཉིས་ཙམ་གྱི་སྐོར་ཡོད་ཚུལ་རྗོད་ཀྱིན་ཡོད། ད་དུང་འཚོ་བ་སྐྱེལ་སྟངས་ཀྱིས་སོ་སོའི་ཁོར་ཡུག་གི་གནས་བབ་དང་བསྟུན་ནས་ཤ་ཟན་སེམས་ཅན་ Carnivores རྩྭ་ཟན་སེམས་ཅན་ Herbivores ཟས་ཅི་ཐོབ་ལ་བརྟེན་པའི་སེམས་ཅན་ Omnivores འཚོ་བ་གཞན་བརྟེན་གྱི་སེམས་ཅན་ Parasite ཏེ་སྡེ་ཁག་བཞི་རུ་བཤད།

གཞན་ཡང་སེམས་ཅན་གྱི་སྡེར་མ་གཏོགས་པའི་རྩི་ཤིང་ལ་རིགས་འདྲ་མིན་ ༢༥༠,༠༠༠ ནས་ ༥༠༠,༠༠༠ བར་ཡོད་པར་བཤད། ཁོར་ཡུག་ Environment གི་ཆ་ནས་སྐམ་སར་གནས་པའི་སེམས་ཅན་ Terrestrial མཁའ་རླུང་སྤྱོད་པའི་སེམས་ཅན་ Aerial animals སྐམ་གཤེར་གཉིས་ཀར་གནས་པའི་སེམས་ཅན་ Amphibians རྩི་ཤིང་ལ་གནས་པའི་སེམས་ཅན་ Arboreal animals ཆུ་ལ་གནས་པའི་སེམས་ཅན་ Aquatic Animals བཅས་རིགས་ལྔ་རུ་བཤད། ད་ཡོད་འཛམ་གླིང་འདི་ཡི་སྟེང་གི་སྲོག་ལྡན་ཡོངས་རྫོགས་རྩ་བའི་རིགས་ལྔ་པོ་སོ་སོ་ལས་བྱུང་ཚུལ་འགྲེལ་བརྗོད་བྱེད་པས་མདུན་གྱི་སྒྲོག་ཙེ་དང་དེའི་སྟེང་གི་དཔེ་དེབ་རྣམས་ནི་རྩ་བའི་སྲོག་ཆགས་ཀྱི་སྡེ་ཁག་གང་དུའང་མ་གཏོགས་པའི་ཕྱིར་དང་། དེ་དག་གི་ཁྱད་ཆོས་ཏེ་ཟས་ཟ་བ་དང་སྙིགས་རོ་ཕྱིར་འདོན་བྱེད་པ་སོགས་འཚོ་གནས་ཀྱི་ཐུན་མིན་གྱི་ཁྱད་ཆོས་གང་ཡང་མི་ལྡན་པས་སྲོག་ལྡན་དང་སྐྱེ་ལྡན་གཉིས་ཀ་མི་འདོད་པ་ཡིན།

ཡང་ནང་པས་གསོན་པོ་ཞེས་པ་ནི་བདེ་སྡུག་འདོར་ལེན་གྱི་ཆ་ནས་སེམས་ཅན་ཁོ་ནར་གོ་བར་བྱས་ཏེ་ཚེ་སྲོག་གི་ཁྱད་ཆོས་གཙོ་བོ་ནི་རྣམ་ཤེས་ཁོ་ན་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། འོན་ཏེ་འདིར་ནི་ནང་པའི་འདོད་ཚུལ་དེ་ལས་ཁྱབ་རྒྱ་ཆེ་རུ་བཏང་སྟེ་རང་བྱུང་ཁོར་ཡུག་གི་སྐྱེ་དངོས་ཡོད་ཚད་ལ་གསོན་པོ་ཞེས་པའི་ཐ་སྙད་དོན་མཐུན་དུ་འཇུག་པ་ཡིན། དེ་ལྟར་ན་ས་རྡོ་རི་བྲག་སོགས་ལ་ཡང་གསོན་པོ་དང་སྲོག་ལྡན་གྱི་སྒྲ་འཇུག་གམ་རང་བྱུང་ཁོར་ཡུག་གི་དངོས་པོ་ཡིིན་པས་སོ་ཞེ་ན། དེ་དག་ནང་པས་བཤད་པའི་དོན་བྱེད་ནུས་པའི་དངོས་པོ་ཙམ་ཡིན་མོད། འོན་ཏེ་འདིར་བཤད་པའི་སྐྱེ་དངོས་ནི་མིན་ཏེ་དེ་ནི་གནམ་གཤིས་དང་ཁོར་ཡུག་གི་རྐྱེན་པས་དངོས་པོ་རང་གི་ངོ་བོ་དང་ཁྱད་ཆོས་འཕོ་འགྱུར་བྱེད་ཐུབ་མཁན་ཞིག་དང་འཚར་ལོངས་ཅན་གྱི་དངོས་པོ་ལ་གོ་དགོས་པ་ལས། དེ་དག་ཐམས་ཅད་ཐོག་མར་གྲུབ་པ་དང་བར་དུ་གནས་པ་མཐར་ཞིག་པའི་རང་བཞིན་ཏེ་སྐྱེ་འགག་གནས་གསུམ་གྱི་འགྱུར་བ་ཡོད་དང་དེ་ཙམ་གྱིས་ཚན་རིག་པས་སྐྱེ་དངོས་སུ་མི་འདོད་པ་རེད། དཔེར་ན་རྩི་ཤིང་ལྟ་བུ་དཔྱིད་དུས་ནས་འགོ་བཙུགས་ཏེ་ས་བོན་ནས་བཟུང་ག་ལེ་ག་ལེར་མྱུ་གུ་འབུས་པ་དང་ལོ་མ་སྐྱེས་པ། མེ་ཏོག་ཤར་བ། འབྲས་བུ་སྨིན་པ་བཅས་ཐོག་མར་སྐྱེས། བར་དུ་འཚར། མཐའ་མར་རྒས་ནས་ཤི་འགྲོ་བ་ནི་སྐྱེ་དངོས་དང་སྐྱེ་ལྡན་སྲོག་ལྡན་ཡིན་པའི་མཚོན་རྟགས་ཤིག་རེད། གསེར་དངུལ་ཟངས་ལྕགས་ས་རྡོ་རྣམས་ཐོག་མར་སྐྱེས་པ་བར་དུ་འཚར་བ་མཐའ་མར་རྒས་པའི་བྱ་བ་གང་ཡང་མི་བྱེད་པས་སྐྱེ་ལྡན་སྐྱེ་དངོས་སྲོག་ལྡན་མིན་པར་མཚོན་པ་ཡིན་ནོ།།

དེ་ལྟར་སྲོག་ལྡན་ཅེས་པའི་དངོས་གཟུགས་ཀྱི་ངོ་བོ་དང་ཁྱད་ཆོས་རྣམས་རྩ་བའི་རྒྱུ་གང་གིས་ཇི་ལྟར་གྲུབ་ཚུལ་ཅུང་ཟད་བརྗོད་པ་ལ། ད་བར་ཚན་རིག་པས་ཡོངས་གྲགས་ནས་སྲོག་ལྡན་ཡོངས་རྫོགས་སྐྱེ་ལྡན་ཀུན་ཀྱི་ཐོག་མའི་མེས་པོ་སྟེ་ཕྲ་ཕུང་ Cell ཞེས་བྱ་བ་དེས་གྲུབ་པར་བཤད། དེ་ལ་ཕྲ་ཕུང་གཅིག་ཁོ་ནས་གྲུབ་པ་དང་དུ་མས་གྲུབ་པའི་རིགས་གཉིས་ཡོད་པ་ལས་དང་པོ་ནི། མེས་པོ་དང་པོ་ལས་དངོས་སུ་བྱུང་བའི་གདོད་མའི་སྐྱེ་ལྡན་སྔོན་མ་ཐམས་ཅད་ཡིན་ཅིང་དེ་དག་ཀྱང་ཕལ་ཆེ་བ་ཨ་མོའི་བྷ་ཞེས་པའི་ཕྲ་འབུ་དེ་ཡིན་པ་རེད། རྒྱུ་མཚན་ནི་ཕྲ་ཕུང་གཅིག་ཅན་གྱི་རིགས་རྒྱུད་གཞན་ཏེ་ཡུ་བྷི་ལི་ན། པེ་ར་མི་ཤམ། ནད་འབུ། འཇར་ཌའི་ཡ་ཞེས་པའི་སྲོག་ལྡན་གྱི་འབུ་རིགས་རྣམས་ཕྱིས་སུ་བྱུང་བས་དེ་དག་གི་སྔོན་དུ་ཨ་མོའི་བྷ་ཁོ་ན་ལས་མེད་པའི་ཕྱིར་རོ། །འདིར་སྲོག་ལྡན་དང་སེམས་ཅན་བར་གྱི་དབྱེ་མཚམས་མ་ཆོད་པའི་མངོན་རྟགས་ཤིག་ནི་ཨ་མོའི་བྷ་ཞེས་པའི་ཕྲ་འབུ་དེ་ལ་མངར་རྫས་མྱོང་བའི་བློ་ཡི་འཛིན་པ་དང་། རང་སྟེང་ནས་གཡོ་འགུལ་དང་ཁོར་ཡུག་ལ་ཡ་ལན་སྤྲོད་པའི་ནུས་པ་ཡོད་ཀྱང་། སེམས་ཅན་དུ་མི་འདོད་པ་དེ་རེད། སྤྱིར་ལུས་ཚོར་གྱིས་མ་ཟིན་པའི་ཤིང་སྡོང་ལྟ་བུ་གཟུགས་ཅན་དག་གིས་འགུལ་སྐྱོད་བྱེད་ཀྱང་དེ་ནི་འབྱུང་གཞི་རླུང་གིས་དཀྲུགས་ཤིང་དེས་གཡོ་བ་ལས་འགུལ་སྐྱོད་ཀྱི་རྣམ་པ་བསྟན་པ་ལས་སེམས་ཅན་གྱི་ཡན་ལག་བཞིན་ཕྱིའི་རྐྱེན་ལ་མ་ལྟོས་པར་རང་དབང་གིས་རང་སྟེང་ནས་གཡོ་འགུལ་ཐེབས་པ་ཞིག་མ་རེད། འོན་ཏེ་རྩི་ཤིང་ཨ་ཙ་མ་ Touch-me-not plant ལྟ་བུ་ཚོར་བས་མ་ཟིན་པའི་གཟུགས་ཅན་འགའ་ཞིག་ནི་ལག་པས་རེག་ཐོགས་བྱུང་ཚེ་རང་བཞིན་གྱིས་འཁུམས་འགྲོ་བ་ནི་རིགས་རྫས་ཀྱི་ནུས་པ་ལ་བརྟེན་ནས་བྱུང་བ་རེད། གོང་གི་ཨ་མོའི་བྷ་ཞེས་པ་དེ་ནི་མངར་རྫས་མྱོང་བའི་བློའི་འཛིན་པ་དང་གཞན་གྱིས་རེག་ཐོགས་ལ་མ་ལྟོས་པར་རང་སྟེང་ནས་གཡོ་འགུལ་གྱི་ནུས་ཅན་དུ་བཤད་ཀྱང་ད་དུང་སེམས་ཅན་དུ་མི་འདོད་པ་དེ་ནི་ཚན་རིག་པས་སེམས་ཅན་གྱི་གནད་དོན་ཇི་ལྟར་མ་ཤེས་པའི་མངོན་རྟགས་རེད། གང་ལྟར་གོང་དུ་བཤད་པའི་ཨ་མོའི་བྷ་ལ་སོགས་པའི་སྐྱེ་ལྡན་ཀུན་ལས་གོང་བུ་ཆུང་ཤོས་དང་ཆ་ཤས་སྣ་ཚོགས་མི་ལྡན་པའི་སྲོག་ཆགས་ཡིན་པས་ཕྲ་ཕུང་གཅིག་ཁོ་ནས་གྲུབ་པར་འདོད་པ་ཡིན། མི་དང་དུད་འགྲོ་དེ་བཞིན་ཤིང་སྡོང་སོགས་སེམས་ཅན་དང་རྩི་ཤིང་ཕལ་ཆེ་བ་ནི་ཕྲ་ཕུང་དུ་མས་གྲུབ་པ་ཡིན་ཏེ། བོངས་ཚད་ཆེ་ཞིང་ཆ་ཤས་སྣ་ཚོགས་ལྡན་པའི་གཟུགས་ཅན་ཡིན་པས་སོ།།

ཕྲ་ཕུང་དཔྱོད་པའི་རིགས་པ་ལ་བརྟེན་ནས། །སེམས་མེད་ལྗོན་ཤིང་གསོན་པོར་གྲུབ་ལུགས་དེ། །རྐང་འོག་གོ་ལ་ཆེན་མོའི་ས་སྟེང་ན། །གནོད་མེད་དབང་པོའི་ཡུལ་དུ་ཅི་འདྲའི་མཛེས།།

བཞི་པ་རིགས་རྫས། གོང་དུ་བཤད་པའི་སྲོག་ཆགས་དེ་དག་ལ་རིགས་མི་གཅིག་པ་དང་རིགས་གཅིག་པ་ལ་ཡང་ནང་གསེས་མདོག་དབྱིབས་མི་འདྲ་བ་དང་བྱ་བྱེད་དང་འབྲེལ་བའི་རྣམ་འགྱུར་བཟང་ངན་སྣ་ཚོགས་རེ་ཡོད་པ་དེ་དག་རྒྱུ་རྐྱེན་གང་གིས་བཟོ་བཀོད་བྱས་སམ་ཞེ་ན། དེར་ནང་པས་མཛོད་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་སོགས་ཀྱིས་སེམས་ཅན་གྱི་ལས་ཀྱི་དབང་གིས་སྣ་ཚོགས་སྣང་བ་དང་སྣ་ཚོགས་གྲུབ་པ་རེད་ཅེས་དང་། རྣམ་འགྲེལ་ལས། སྡོད་འཇུག་དབྱིབས་ཀྱི་ཁྱད་པར་དང་། །དོན་བྱེད་པ་ལ་སོགས་པ་དག །ཅེས་པས་མུ་སྟེགས་པ་འགས་དབང་ཕྱུག་སོགས་ཀྱིས་བཀོད་པ་དང་སྤྲུལ་པར་འདོད་པ་དང་། ཡང་ལ་ལས་རྒྱུ་མེད་ངོ་བོ་ཉིད་ལས་བྱུང་བ་འདོད་པའི་ལུགས་མི་འདྲ་བ་རེ་སྣང་མོད། འདིར་ནི་འཇིག་རྟེན་བཀོད་པ་པོ་དང་ལས་ཀྱི་རྣམ་གཞག་མི་འདོད་ལ། ཕྱིའི་དངོས་གཟུགས་ཡོད་དོ་ཅོག་ཕན་ཚུན་ལྟོས་གྲུབ་ཏུ་ཁས་ལེན་པའི་ཕྱིར། དེ་དག་རྒྱུ་མེད་ལས་བྱུང་བ་ནི་དེ་བས་ཀྱང་མི་འདོད། དེས་ན་དངོས་ཁམས་ཚན་རིག་པ་རྣམས་ཀྱིས་དེའི་སྐོར་ཐུན་མིན་གྱི་བཤད་ཚུལ་ཞིག་ཡོད་པ་ནི་རིགས་རྫས་ཀྱི་ཐོག་ནས་འགྲེལ་བརྗོད་བྱེད་སྟངས་དེ་རེད། འོན་ཏེ་རིགས་རྫས་ཞེས་པ་ཅི་འདྲ་ཞིག་རེད་ཅེ་ན། དེའི་ཚུལ་ཇི་ལྟར་ཡིན་མིན་ཅུང་ཟད་བཤད་པར་བྱ། རིགས་རྫས་ཐོག་མའི་འབྱུང་ཁུངས་ལ་བརྟགས་ན་དེ་ནི་ཐོག་མར་བར་སྣང་སྟོང་པའི་ནང་དུ་གཟའ་སྐར་ཕན་ཚུན་གདོང་ཐུག་གིས་གས་འཐོར་གྱུར་པའི་དུམ་བུ་འགའ་ཞིག་འཛམ་གླིང་གི་སྟེང་དུ་བབས། དེ་སྐྱེ་འཕེལ་བྱས་ནས་སྲོག་ལྡན་གྱི་ཆ་ཤས་ཕྲ་ཕུང་ཞེས་བྱ་བ་དེ་ལས་རིམ་གྱིས་རིགས་རྫས་བྱུང་ཕྱིར་རིགས་རྫས་ཀྱི་ཐོག་མ་ནི་གོ་ལ་གཞན་གྱིི་སྟེང་ནས་བྱུང་བ་ཡིན། དེའི་བྱེད་ལས་ནི་གོ་ལ་གཞན་ནས་རང་རེའི་གོ་ལ་འདིར་ཆགས་པའི་སྐྱེ་རྡུལ་ཕྲ་མོ་དེས་སྲོག་ཆགས་ཀྱི་ཆ་ཤས་དང་དེའི་རིགས་དང་རིགས་རྒྱུན་བཟོ་སྐྲུན་བྱེད་པ་ལ་རིགས་རྫས་བྱེ་བྲག་པ་ཞིག་གིས་བཀོད་བརྡ་སྤྲོད་པའམ་ཐབས་བྱུས་བྱེད་པ་རེད། དེ་ཡང་འདི་ལྟར་ཏེ་སེམས་ཅན་གྱི་ལུས་ཕུང་ལ་མཚོན་ན་སྐྱེ་རྡུལ་ཕྲ་མོའི་ཆ་ལག་འགའ་ཞིག་པགས་པའི་ཕྲ་ཕུང་དུ་གྱུར་ཅིག་ཅེས་རིགས་རྫས་ཀྱིས་བརྡ་བཏགས་བཀོད་པའམ་བསྐུལ་བརྡ་བཏང་བ་དང་པགས་པ་གྲུབ་པའི་ཚུལ་དེ་རེད། དེ་ནི་ང་ཚོ་ལ་མི་ཞིག་གིས་བསྐུལ་མ་བྱས་པའི་ཚོར་སྣང་ཞིག་སྐྱེ་སྲིད་ཀྱང་དོན་ལ་དེ་ལྟར་མ་རེད། སྲོག་ཆགས་བྱེ་བྲག་པ་རེ་རེ་ལ་རིགས་རྫས་ཐ་དད་པ་སྣ་ཚོགས་ཡོད་པས་དེ་ཀུན་ཀྱིས་གྲུབ་བྱ་མི་འདྲ་ཡང་གྲུབ་ཚུལ་གཅིག་པ་ཡིན། གྲུབ་བྱ་ཇི་ལྟར་མི་འདྲ་ཞེ་ན་སེམས་ཅན་ཞིག་ལ་ནང་གི་དོན་སྣོད་དང་ཕྱི་ཡི་མདོག་དབྱིབས་སོགས་མི་འདྲ་བའི་ཁྱད་ཆོས་སྣ་ཚོགས་མཆིས་ཀྱང་དེ་དག་ཐམས་ཅད་ཕྲ་ཕུང་གཅིག་ཁོ་ནས་གྲུབ་པ་དང་རིགས་རྫས་བྱེ་བྲག་པ་གཅིག་གིས་བཟོ་བཀོད་བྱས་པ་མིན་པར་གྲུབ་བྱེད་ཀྱི་ཕྲ་ཕུང་དང་བཟོ་བཀོད་བྱེད་པའི་རིགས་རྫས་དུ་མ་ཡོད་པ་བཞིན་དེ་དག་ཀྱང་མི་འདྲ་བར་སྣ་ཚོགས་སུ་གྱུར་པ་རེད། འོན་ཏེ་རིགས་རྫས་ཐ་དད་པ་དག་གིས་རང་གི་གྲུབ་བྱ་ཐ་དད་པ་དག་ཇི་ལྟར་བཟོ་བཀོད་བྱེད་ཚུལ་ནི་བཤད་ཟིན་ལྟར་རིགས་རྫས་དེ་དག་གིས་བསྐུལ་མ་གཏོང་ཚུལ་དེ་ཡིན་པས་རིགས་རྫས་ཐམས་ཅད་གཅིག་མཚུངས་ཡིན། དེར་བརྟེན་ས་ཡི་གོ་ལའི་སྟེང་གི་ཚེ་སྲོག་གི་ཁྲོད་ན་ཕྲ་ཕུང་གཅིག་ཅན་གྱི་སྐྱེ་ལྡན་ཞིག་ཡིན་རུང་རིགས་རྫས་བརྒྱ་ཕྲག་མི་ལྡན་པ་མེད་དེ། ཐ་ན་ཕྲ་ཕུང་གཅིག་ཁོ་ནས་གྲུབ་པའི་ཨ་མོའི་བྷ་ལ་ཡང་རིགས་རྫས་སྟོང་ཕྲག་བརྒྱ་དང་། དེ་བཞིན་དུ་སྲིན་འབུ་ཕྲ་མོ་ཞིག་ལ་རིགས་རྫས་མི་འདྲ་བ་ལྔ་སྟོང་དང་། འབུ་སྲིན་ཞིག་ལ་སྟོང་ཕྲག་ཉི་ཤུ། རྩི་ཤིང་ཞིག་ལ་ཁྲི་གཉིས་དང་ཕྱེད་ཀ མི་ཞིག་ལ་ཁྲི་གསུམ་ཡོད་པར་ཚེ་སྲོག་རིག་པའི་རྣམ་གཞག་གིས་གསལ་བཤད་བྱས་ཡོད། རིགས་རྫས་འཕེལ་འགྱུར་ལ་བསམས་ན་ད་ལྟའི་མཐོང་ཆོས་ལ་ཡོད་པའི་ས་སྟེང་གི་ཚེ་སྲོག་ཁྲོད་ན་ཆེས་རྙོག་འཛིང་ཅན་གྱི་རིགས་རྫས་དེ་དག་ནི་ཐོག་མར་ཚེ་སྲོག་ཆགས་པའི་གནས་སྐབས་ནས་རང་ཆས་སུ་གྲུབ་པ་ཞིག་མིན་པར་ཕྱིས་སུ་རིམ་གྱིས་སྲོག་ཆགས་བྱེ་བྲག་པ་རེ་གཉིས་ཀྱིས་རང་བྱུང་ཁོར་ཡུག་ལ་འདྲིས་འགྱུར་དང་བསྟུན་ནས་རང་གི་རིགས་རྒྱུན་ཕྱི་མ་སྤེལ་ཞོར་དུ་གསར་སྐྲུན་དང་བསྐྱར་སྤེལ་བྱས་པ་ཞིག་རེད། དེའི་ཚུལ་ཡང་འདི་ལྟར་སྲིན་འབུ་ཕྲ་མོ་ཞིག་གིས་རིགས་རྫས་ཐ་དད་པ་ལྔ་སྟོང་གསར་སྐྲུན་བྱེད་པར་བཤད་པ་ལྟར་མི་དང་དུད་འགྲོ་རྩི་ཤིང་ཕལ་ཆེ་བས་ཀྱང་དེ་ལས་ཇེ་མང་དང་ཇེ་ཆེར་གསར་སྐྲུན་བྱེད་ངེས་རེད།

མདོར་ན་གོ་ལ་ཧྲིལ་པོ་འདིའི་སྟེང་གི་གླིང་ཕྱོགས་སོ་སོའི་མི་རྣམས་ཀྱི་མགོ་ཡི་སྐྲ་མདོག་དང་གདོང་གི་སྣ་དཀྱུས། ལུས་ཀྱི་སུག་ལག་རིང་ཐུང་སོགས་ཀྱི་ཁྱད་པར་ཡང་རང་བྱུང་གནས་ཡུལ་གྱི་ཁོར་ཡུག་དང་ཕྱི་ཡི་མཐུན་རྐྱེན་གྱི་ཁྱད་པར་སྣ་ཚོགས་ལས་འབྱུང་སྲིད་ཀྱང་། གཙོ་བོ་ནི་སྡེ་ཁག་སོ་སོའི་མེས་པོ་སྔ་མ་རྣམས་ཀྱིས་བརྒྱུད་གཏོང་བྱས་པའི་རིགས་རྫས་དང་འཕྲལ་གྱི་ཕ་མ་གཉིས་ཀྱི་ཁམས་དཀར་དམར་གྱི་ཁྱད་པར་ལས་བྱུང་བ་རེད་ཅེས་མཐའ་བསྡུས་སོ།།

མཇུག་མཚམས་སུ།

ལས་ཉོན་ཞེས་བྱ་དངོས་སུ་མི་འདོད་ཀྱང་། །སྣ་ཚོགས་འཇིག་རྟེན་ཌར་ཝིན་རིང་ལུགས་ཀྱིས།།
ཐོག་མར་ཆགས་ཤིང་བར་དུ་འཕེལ་ལུགས་ལ། །བཤད་པ་བརྒྱ་དང་སྒྲུབ་བྱེད་སྟོང་གིས་ཕྱུག།།

སླར་སྨྲས་པ།

གང་འདིར་ཁོ་བོས་སྐྱེ་དངོས་ཚན་རིག་གི །ཚེ་སྲོག་རིགས་པའི་རྣམ་གཞག་བླ་རྡོལ་གྱིས།།
ཉེས་བཤད་རྙོག་འཛིང་འཁྲུལ་བ་ཅི་ཞིག་མཆིས། །གཟུར་གནས་རིག་པའི་བདུད་རྩིས་དྭངས་པར་ཤོག།།

འོན་ཏེ་རྣམ་དཀར་དགེ་ཚོགས་ཅུང་མཆིས་ན། །ང་ཅག་ཁ་བ་ཅན་གྱི་སྐྱབས་གཅིག་པུ།།
འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་མགོན་གཅིག་པུ། །ཞབས་ཟུང་མི་གཤིགས་རྡོ་རྗེ་ཁྲིར་བརྟན་ཤོག།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།