བྱང་ཆུབ་སེམས་ཀྱི་བསྟོད་པ།

ལོ་རིམ་དང་པོའི་སློབ་གཉེར་བ།  ངག་དབང་ལྷུན་གྲུབ།

གང་ལ་བྱང་ཆུབ་སེམས་མངའ་བ།།
དེ་ལ་རྟག་ཏུ་ཕྱག་འཚལ་ཞིང་།།
གང་གིས་སེམས་མཆོག་འདི་བསྟན་པ།།
དེ་ལ་ནམ་ཡང་རབ་ཏུ་གུས།།

བྱང་ཆུབ་སེམས་ཀྱི་ཁྲབ་རྨོག་དེ།།
སྐྱེ་བོའི་སེམས་ལ་བགོས་པ་ན།།
འཇིག་རྟེན་ཀུན་ཀྱི་དགྲ་བོས་ཀྱང་།།
བ་སྤུ་གཡོ་བའི་སྐབས་མི་སྲིིད།།

རྙེད་པར་དཀའ་སྟེ་ཡིད་ཀྱི་ནོར།།
བདག་འདྲ་བསྐལ་པ་ཐོག་མེད་ནས།།
སྡུག་གི་ཆུ་བོ་བརྒལ་བརྒལ་ཡང་།།
མ་རྙེད་སེམས་ཅན་བྱེ་མ་སྙེད།།

རྙེད་པར་སླ་སྟེ་སེམས་པ་འདི།།
འབུ་སྲིན་ཀུན་ཀྱི་རྣམ་ཤེས་སུ།།
བཙལ་ན་མི་ཐོབ་མ་ཡིན་གསུངས།།
རིན་ཆེན་འཚོལ་བར་ད་འབུང་ངོ་།།

ཀུན་ཀྱིས་རབ་ཏུ་གཅེས་པའི་བདག།།
ཁྱོད་ཀྱིས་དགྲ་བོ་གཤའ་མར་འདོད།།
རང་སྲོག་གཅོད་པའི་དགྲ་བོ་ཡང་།།
མ་རུ་ལྟ་བས་ཨེ་མ་མཚར།།

སྐྱེ་བོ་ཕལ་པའི་དགྲ་རྣམས་ཀྱིས།།
མགོ་བོ་རྡོག་པས་རབ་བརྫིས་ཀྱང་།།
སེམས་ཁྱོད་ལྡན་པའི་སྐྱེས་བུ་རྣམས།།
ཁྲོ་གཉེར་ཙམ་ཡང་སྟོན་མི་བྲ།།

རང་དོན་ས་ཡི་རྡུལ་ཙམ་མེད།།
གཞན་དོན་སྒྲུབ་ལ་དམྱལ་བའི་མེར།།
བསྐལ་པའི་བར་དུ་གནས་སྤྲོ་བ།།
མི་སྐམ་རྒྱ་མཚོའི་ཆུ་ཡང་སྐྱེངས།།

ཀུན་ཀྱིས་ཕན་པ་ཆུང་ངུ་ལའང་།།
རེ་བ་རི་བོའི་གཏོས་ལ་འཆོལ།།
ཁྱོད་ཀྱིས་བསྐལ་པའི་ཕན་འདོགས་ལ།།
རེ་བཅོལ་རྣམ་པ་ཀུན་ཏུ་དབེན།།

སེམས་མཆོག་ལྡན་པའི་འཛུམ་ཙམ་གྱིས།།
གྲངས་མེད་གསོད་བྱེད་བདུད་ཀྱི་ཁྲོ།།
ལྕགས་ཚན་ལ་སྦྱར་མར་ཇི་བཞིན།།
དེ་མུར་ཞི་ཞིང་རབ་ཏུ་ཞི།།

བྱང་སེམས་རྟ་མཆོག་བཞོན་པའི་མི།།
འཁོར་བ་མུ་མེད་ཐང་ཆེན་ལས།།
བརྒལ་བའི་སྤྲོ་བ་ཀུན་ཏུ་མཐོ།།
མཐོ་ཡང་མཐོ་སྟེ་གནམ་ལས་འཕགས།།

དེ་བས་ཐར་པའི་ལམ་སྙེག་ཅིང་།།
རང་གཞན་གདུང་བ་གཞིལ་འདོད་ན།།
འདི་ཉིད་ཁོ་ན་གཉེར་བྱ་ཞེས།།
འགྲོ་བའི་མགོན་པོ་ཐུབ་པས་གསུངས།།

བདག་འདྲ་མི་ཤེས་བསྟོད་ཁུལ་ཡང་།།
སྨད་པའི་ཚུལ་དུ་མི་འགྱུར་གྲང་།།
བསྟོད་ན་ལེགས་ཚོགས་དཔག་མེད་དེ།།
སྨད་ནའང་རྗེས་སུ་འཛིན་པར་གསུངས།།

འདི་ལྟར་སྤེལ་བས་དགེ་བའི་ཆ།།
ཅུང་ཟད་མཆིས་ན་རང་གཞན་ཀུན།།
བྱང་ཆུབ་སེམས་དཔའ་གཉེར་བའི་ལུས།།
ཚེ་རབས་ཚེ་རབས་ལེན་པར་བསྔོ།།

14/8/2016

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།