མ་ཡུམ་སློབ་གླིང་ལ་བསྔགས་པ།

ལོ་རིམ་བཞི་པའི་སློབ་གཉེར་བ། བསྟན་འཛིན་དར་རྒྱས།

སྣ་མང་ཀུ་མུད་བཞད་པའི་ལྡུམ་ར་ན།།
མཐའ་དབུས་མེད་པར་བུང་བ་ངང་གིས་འདུ།།
དབྱར་གྱི་དགའ་ཚལ་བཞད་འདྲའི་སྐྱེད་མོས་ཚལ།།
སྐྱིད་ཀྱི་འོད་སྣང་འབར་བའི་གླིང་ལ་བསྟོད།།

ཡིད་འོང་དཀར་དམར་མེ་ཏོག་དར་ལ་བབས།།
མཛེས་པའི་ས་གཞི་སུམ་རྩེན་གནས་ལ་འགྲན།།
ལྔ་རིག་རིག་གཞུང་མེ་རླབས་རབ་ཏུ་འཕྱུར།།
བསྟན་པའི་རྒྱལ་མཚན་བསྒྲེང་བའི་གླིང་ལ་བསྟོད།།

མཁས་དབང་གསེར་རིའི་ཕྲེང་བ་བགྲང་ཡས་བྱོན།།
བསླབ་གསུམ་ཡོངས་རྫོགས་ཆོས་གོས་རྣམ་གསུམ་འཆང་།།
སྡེ་སྣོད་གསུམ་འཛིན་མདོ་སྔགས་གཞུང་བཟང་རྒྱན།།
བཤད་སྒྲུབ་བསྟན་པ་སྤེལ་བའི་གླིང་ལ་བསྟོད།།

ཕྱི་ཡི་བཀོད་པ་ལྷ་ཡི་ཁང་བཟང་འདྲ།།
ནང་གི་མཛེས་སྡུག་མདོ་སྔགས་གཙུག་ལག་སོགས།།
སྔ་འགྱུར་ཐུན་མིན་ཐེག་པ་རིམ་དགུ་སྟེ།།
གསང་ཆེན་བསྟན་པ་སྤེལ་བའི་གླིང་ལ་བསྟོད།།

ཕུན་ཚོགས་དཔལ་གྱིས་ཕྱུག་པའི་རྣམ་གླིང་སྡེ།།
ཤེས་རིག་བདུད་རྩི་རྡོལ་བའི་ལྟེ་གནས་ཏེ།།
དམ་ཆོས་སྙིང་པོ་ལེན་ས་ཡིད་བཞིན་ནོར།།
ཐར་པའི་གྲུ་གཟིངས་མཚུངས་པའི་གླིང་ལ་བསྟོད།།

ལས་ཀྱི་སྣེ་མོ་མཐུད་པའི་རྟེན་འབྲེལ་གྱིས།།
མི་རིགས་སྣ་མང་གཅིག་ཏུ་འདུས་ན་ཡང་།།
ཐུགས་མཐུན་ཁྲིམས་གཙང་ནོར་གྱིས་ཕྱུག་པ་ཡི།།
བསླབ་གསུམ་གཟི་འོད་རྒྱས་པའི་སྡེ་ལ་བསྟོད།།

ལེགས་བཤད་མན་ངག་འཁྱིལ་བའི་མཁས་གྲུབ་ཚོས།།
ཐོས་བསམ་བརྡར་ཤ་གཅོད་པའི་ལྡིར་སྒྲ་ཡིས།།
ཕྲིན་ལས་འོད་སྣང་ཕྱོགས་མཐར་སྤོར་མཛད་པ།།
མ་ཡུམ་སློབ་གླིང་ཆེན་མོར་སྙིང་ནས་བསྟོད།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།