ཟླ་བ་གྲགས་པ།

སློབ་དཔོན། ཚུལ་ཁྲིམས་ཟླ་བ།

བདག་མེད་སྨྲ་བ་ཚོ་དཔུང་གདང་བསྒྲིགས་ཏེ།།
བདག་ལྟའི་མགོ་བོ་ལ་ཐལ་ལྕག་གཞུ་དུས།།
རིགས་པའི་ལན་བུ་རྣམས་སླ་ལུགས་མཛེས་པ།།
ཟླ་བ་གྲགས་པ་ཁྱེད་ཟླ་བ་ནང་བཞིན།།

རྩ་བ་ཤེས་རབ་ཀྱི་རྩ་ཚིག་འགྲེལ་སྐབས།།
རྒྱལ་པོའི་བུ་ཆེན་གྱིས་དཔུང་ཤེད་ངོམས་ཀྱང་།།
མཐའ་བྲལ་གཉུག་གཤིས་དེ་གཏན་ལ་འབེབས་དུས།།
ཟླ་བ་གྲགས་པ་ལ་འགྲན་ཟླ་མི་འདུག།

མྱུར་བགྲོད་ཤིང་རྟ་ཡི་གོམ་ཆེན་བདུན་གྱིས།།
སྲིད་པའི་འཕྲང་ཆེན་དེ་ཕྱེད་བཤགས་བྱས་ཏེ།།
གཏན་བདེ་ཐར་གླིང་གི་རྒྱལ་སྲིད་བཟུང་དུས།།
ཟླ་བ་གྲགས་པ་ཁྱོད་དཔའ་བོ་ཡ་མེད།།

མི་ཤེས་བྱིས་པ་ཚོའི་མིག་གི་སྣང་ངོར།།
སྒྱུ་མའི་དངོས་པོ་ལ་སྒྱུ་མར་བཅོས་ཏེ།།
བ་ཡི་རི་མོ་ལས་འོ་མ་བཞོས་དུས།།
ཟླ་བ་གྲགས་པ་ཡི་གྲགས་སྙན་འབར་སོང་།།

དྲི་མེད་རྒྱལ་གསུང་གི་གཡུང་དྲུང་རིས་ལ།།
གཞོམ་མེད་རིགས་པ་ཡི་ཕ་ལམ་བརྒྱན་ཏེ།།
ཞུམ་མེད་ཉམས་འགྱུར་གྱི་སྟངས་སྟབས་བསྒྱུར་དུས།།
ཟླ་བ་གྲགས་པ་ཁྱོད་སུ་ལས་མཛེས་པ།།

རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་གཞག་བཤད་དུས།།
བདེན་པ་རྣམ་གཉིས་ཀྱི་མཚན་ཉིད་གླེང་དུས།།
གོ་རྒྱུ་མྱང་རྒྱུ་གཉིས་རྫོགས་རྒྱུ་མེད་པ།།
ཟླ་བ་གྲགས་པ་ཁྱོད་བདུད་རྩིའི་མཛོད་དོ།།

གནས་ལུགས་མ་ཕིགས་པའི་གྲུབ་མཐའ་རེ་རེར།།
འགལ་འདུའི་འཕྲུལ་འཁོར་གྱི་སྤུ་གྲི་རེ་རེས།།
འཛིན་པ་ཨ་འཐས་རེ་ཕྱེ་མར་འཐག་དུས།།
ཟླ་བ་གྲགས་པ་ཁྱོད་ཐར་པའི་ལམ་མཁན།།

མཆི་མ་འཁྲུག་འཁྲུག་གི་སྙིང་རྗེ་སྦྱིན་མཁན།།
སྤུ་ལོང་གཡོ་གཡོ་ཡི་དད་པ་སྟེར་མཁན།།
སངས་རྒྱས་སེམས་ཅན་གཉིས་འབྲེལ་བ་བཟོ་མཁན།།
ཟླ་བ་གྲགས་པ་ཁྱོད་གསེར་གྱི་ཐག་པ།།

བརྗོད་མེད་དབུ་མ་ཡི་སྤང་གི་སྟེང་ནས།།
ཐབས་ཤེས་རྐང་བྲོ་ཞིག་འཁྲབ་པར་བརྩམས་པས།།
ངོམས་མེད་བདེ་ཆེན་དེ་ངོམ་རྒྱུ་རག་པ།།
ཟླ་བ་གྲགས་པ་ཡི་འཇུ་ས་དེ་འོ།།

ལྟར་སྣང་ཐལ་ངག་གི་རྦབ་རྒོད་རེ་རེར།།
ཡང་དག་སུན་འབྱིན་གྱི་གནམ་ལྕགས་རེ་རེས།།
མཁས་པའི་མིག་ངོ་རུ་ཕྱེ་མར་འཐག་དུས།།
ཟླ་བ་གྲགས་པ་ལ་བཟོད་པ་མེད་དོ།།

གཙུག་ལག་སློབ་ཆེན་གྱི་སྒོ་འགྲམ་དེ་ན།།
རིག་བྱེད་མཁན་པོ་ཚོས་རིག་ས་དེ་ན།།
ཚར་གཅོད་རྗེས་བཟུང་གི་ལྕགས་ཀྱུ་འདེབས་མཁན།།
ཟླ་བ་གྲགས་པ་ཁྱོད་ཆིག་ཐུབ་དཔའ་བོ།།

2016/5/26

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།