འཕུར་སོང་བའི་རྒོད་པོ།

སློབ་དཔོན། དགའ་དགའ།

འཇིག་རྟེན་གྱི་ཁམས་ན།
ས་ཆེན་པོ་ཡོམ་ཡོམ་དུ་འགུལ་བཞིན།
མུན་པ་དང་ན་བུན་གྱི་ཁྲོད་ནས།
སྐར་ཚོགས་ལ་ཅེར་བའི་འགྲུལ་བཞུད་པ།
རླུང་བུས་ཁུར་བའི་སྡོང་ལོ་ལྟར་ག་སར་ལྷུང་།

འཚོ་གནས་ཀྱི་སྙིང་པོ།
ཁ་བའི་མེ་ཏོག
ལང་ཚོའི་མཛེས་པ་མཐའ་དག
རྨི་ལམ་དུ་ཡང་ཡང་འཁོར་ཞིང་།
རྨི་ལམ་དང་མཉམ་དུ་བཞུད་ཐལ།

རྒྱུ་སྐར་དང་འགྲོགས་ཤིང་།
སྐར་ཚོགས་ཀྱི་ཀློང་ན་འབར་བའི་འོད་པོ་ཆེ། དཀར་ལམ་མེ།
སྨག་རུམ་དུའང་གསལ་བའི་ཞལ་རས་གོར་གོར་ཅན་དེ།
ཤར་ནུབ་ཀྱི་གླིང་ཕྲན་བརྒྱུད་དེ།
ཧི་མ་ལའི་རི་བོ་བརྒལ་ནས་ཆས་སོང་།
ངས་བལྟས་བལྟས་རིག་རིག་ལ་ཆས་སོང་ཨང་།

དུས་རབས་ཤིག་གི་མི་ཡུལ་དུ།
དུས་རབས་ཤིག་གི་ལྷ་ཚོགས་མང་བས།
སྟོང་བསམ་གྱི་ཀོ་གྲུ་དང་མཉམ་དུ།
ཉི་མ་ལ་མོ་འཕྲེད་དུ་བཅད་དེ་གཙང་པོར་སྐྱོད་དུས།
ཆུ་རྡུལ་དང་རྦ་རླབས་ཀྱི་གསེབ་ཏུ་ཐིམ་སོང་བ་དེ་སུ་ཡིས་ཚོར།

སེམས་འཚབ་དང་སྔངས་སྐྲག་གི་ཀློང་ནས།
གསོན་ཤུགས་ལྡན་པའི་རོལ་དབྱངས་ཤིག
ཡིག་དྲུག་གི་དབྱངས་རྟ་དང་འདྲེས་ཏེ།
མེ་ཕུང་ནས་འུར་འུར་འབར་དུས།
མིག་ཀོང་ན་བསྐྱིལ་བའི་མིག་ཆུ་དེ་གང་དུ་ཟགས་སོང་།
ཨེ་མ། ངས་ཀྱང་ག་ལ་བརྗེད་ཐུབ་བམ།

ལོ་དང་ཟླ་བ།
སྐར་ཆ་རེ་རེ་ནས་རིམ་གྱིས་བགྲོད་དེ།
སྙིང་དབུས་སུ་བཞེངས་པའི་མཛའ་མོ་དེར།
ལག་ཟུང་བྲང་ཁར་སྦྱོར་དུས།
ང་ནི་འཛུམ་མདངས་ནང་གི་སྒོམ་ཆེན་ཞིག་ཡིན་ན།
ངུས་ཤིང་ཀི་བཏབ་པའི་རྒོད་པོ་ཁེར་བུ་ཞིག་ཀྱང་ཡིན་སོང་།

ཁ་སང་དང་དེ་རིང་བཀླགས་རྗེས།
ངུར་སྨྲིག་གི་ན་བཟའ་བཀླུབས་ཏེ།
བརྒྱ་ཚོགས་སྟོང་སྐོར་བྱེད་པའི་མི་བུ་ཚོར།
ངས་རྣ་བ་ཕྱོགས་བཅུར་གཏད་ཀྱང་།
སྲིད་པའི་སྨྲེང་གླུ་ཞིག་གི་སྒྲ་ཙམ་ལས་གང་ཡང་མི་གདའ། གང་ཡང་མི་གདའ… …

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།