མི་མཉམ་པའི་གཟུགས་ཅན།
སྒེག་ཉམས་འབར་བའི་དཀྱུས་རིང་སྤྱན་ཟུང་རྩེར།།
སྨིན་ལེགས་གཤོག་ཟུང་རྩལ་གྱི་ལྡིང་འགྲོས་ཅན།།
ཐགས་བཟང་ཚེམས་ཀྱི་གངས་རི་མུ་ཏིག་ཕྲེང་།།
དབྱངས་ཅན་མ་ཡིས་བདག་བློར་འཁྱུད་པར་མཛོད།།
ངག་གི་ལྷ་མོའི་ཞལ་སྐྱིན་ལྟ་ན་སྡུག།
ལི་ཁྲིས་བྱུགས་པའི་མཁུར་ཚོས་བྱུ་རུའི་མདངས།།
མགྲིན་པའི་གྲེ་བ་རྒྱུད་མང་ལྷ་བྱའི་གསུང་།།
ལམ་མཆོག་ཐར་པ་དབུགས་དབྱུང་གསུང་གིས་སྩོལ།།
ལང་ཚོའི་སྐེད་ལྡེམ་དགྱེ་གུག་སྟངས་སྟབས་མཚར།།
འབུར་བའི་ནུ་ཞོ་འདོད་འཇོ་བུམ་པའི་ལྟོ།།
ཟག་མེད་བདེ་བའི་ཉམས་སྣང་འབུམ་འཕྲོ་བའི།།
འོད་གསལ་དབྱིངས་ཀྱི་རྒྱལ་ཡུམ་ཀུན་ནས་མཆོད།།
ལོ་རིམ་གསུམ་པ་ཁ་སྡེའི་སློབ་གཉེར་བ། པདྨ་བཀྲ་ཤིས།
༡༽ ཆོས་དཔེ།
གདོད་ནས་སྦྱངས་པ་མཐར་སོན་ལྷུན་རྫོགས་པའི།།
གནས་ལུགས་ཀུན་མཁྱེན་བཤེས་གཉེན་དམ་པ་ཡི།།
དགྱེས་འཛུམ་ཞལ་གྱི་བྱམས་དང་བརྩེ་བའི་མདངས།།
སྟོན་ཀའི་ཟླ་བ་བཞིན་དུ་དཀར་ཞིང་མཛེས།།
༢༽ དངོས་དཔེ།
ཁྱེད་སྐུ་ཐར་ལམ་བགྲོད་པའི་ལམ་གྱི་ཟླ།།
འཆི་མེད་རྒྱུད་མང་ཇི་བཞིན་གང་གི་གསུང་།།
རོ་བརྒྱ་བདུད་རྩི་དང་མཚུངས་ལེགས་བཤད་མཆོག།
གྲུབ་དབང་བླ་མ་དབྱངས་ཅན་མ་དང་མཚུངས།།
ལོ་རིམ་གསུམ་པ་ཀ་སྡེའི་སློབ་གཉེར་བ། པདྨ་དབང་འདུས།
རིགས་རང་བཞིན་བརྗོད་པ།
མ་རིག་དང་བྲལ་མཚན་དཔེ་ཡང་དག་གསོལ།།
འགགས་མེད་གསུང་མཆོག་དྲུག་ཅུའི་ཆོས་སྒྲ་སྒྲོག།
ཟག་མེད་ཡེ་ཤེས་ལྷ་ལམ་དབྱིངས་གྱུར་པའི།།
དུས་གསུམ་བདེ་བར་གཤེགས་པ་རྫོགས་ལ་འདུད།།
མཐོང་ན་དབང་མེད་ཡིད་འཕྲོག་མཚན་བཟང་སྐུ།།
ཐོས་པས་སྲིད་རྩ་འཇོམས་པའི་ཟབ་རྒྱས་གསུང་།།
རྣམ་པར་རྟོག་པ་དང་བྲལ་མཁྱེན་པའི་གཟུགས།།
ལྷུན་གྲུབ་རྩལ་རྫོགས་རྒྱལ་བའི་ཚོགས་ལ་འདུད།།
ཆོས་སྐུའི་དབྱིངས་ལས་ཡེ་ཤེས་རོལ་པར་རྫོགས།།
ལོངས་སྐུ་མ་འགགས་ཐུགས་རྗེ་རྩལ་ཆེན་འབར།།
སྤྲུལ་སྐུའི་སྣང་བས་གདུལ་བྱ་འདྲེན་མཛད་པ།།
སྐུ་གསུམ་བདག་ཉིད་རྒྱལ་བ་རྣམས་ལ་མཆོད།།
ལོ་རིམ་གསུམ་པ་ཁ་སྡེའི་སློབ་གཉེར་བ། ཀརྨ་བསྟན་འཛིན།
༡༽ རིགས་རང་བཞིན་བརྗོད་པ།
རང་རྒྱུད་ཚུལ་ཁྲིམས་གཙང་མའི་ངད་འཐུལ་ཞིང་།།
ཐུབ་བསྟན་བཤད་སྒྲུབ་རྒྱས་པའི་ལེགས་བཤད་མངའ།།
མཛད་པ་བཟང་པོ་གླིང་འདིར་གྲགས་གྱུར་པའི།།
མཁན་ཆེན་རྣམས་ནི་ཚེ་རབས་གཏན་གྱི་སྐྱབས།།
༢༽ གཏན་འབེབས་ཀྱི་དཔེ།
གཟི་བརྗིད་འོད་སྟོང་འབར་བའི་མཚོ་སྐྱེས་ལ།།
ཞབས་གཉིས་རོལ་བའི་སྟབས་ཀྱིས་བཞུགས་པ་གང་།།
ཟ་ཧོར་རྒྱལ་པོའི་སྲས་མཆོག་མ་ལགས་ཏེ།།
རྒྱུད་མང་འཛིན་ཕྱིར་དབྱངས་ཅན་ལྷ་མོ་འོ།།
༣༽ ཁྱད་པར་གྱི་གཟུགས་ཅན།
ཁྱེད་གསུང་འབྲུག་སྒྲ་ལྡིར་བའི་ངང་ཚུལ་འདི།།
འཇམ་མགོན་སྨྲ་བའི་ངག་ཏུ་བསྲེས་བྱས་པས།།
ཐུབ་བསྟན་བཤད་སྒྲུབ་རྒྱས་པའི་ལེགས་བཤད་དག།
ཐོས་པས་སློབ་མའི་ཚོགས་རྣམས་སྨིན་པར་བྱེད།།
ལོ་རིམ་གསུམ་པ་ཀ་སྡེའི་སློབ་གཉེར་བ། བསོད་ནམས་ཆོས་འཕེལ་བླ་མ།
བསྡུས་པའི་དཔེ།
གཞུང་ཆེན་དབུ་མའི་སྙིང་དོན་སྟབས་ཅིག་སྡོམ་རྒྱག་པ།།
དད་ལྡན་དག་ལ་དམ་ཆོས་བདུད་རྩི་སྩོལ་བ་ཡིས།།
འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་དང་མཚུངས་མིན་ཏེ།།
མདོ་སྔགས་ཀུན་ཀྱི་ཉིང་ཁུ་ཟབ་རྒྱས་སྤྲོས་པས་ཀྱང་།།
བརྒྱད་གཉིས་གཞོན་ནུས་འཇོ་སྒེག་སོ་ཕྲེང་འཛུམ་མདངས་འབྱིན་པ་ཡིས།།
མཛེས་ཆོས་ལྡུམ་ར་བསྒྲོན་པའི་ཚངས་པའི་སྲས་མོར་འགྲན་མིན་ཏེ།།
རིག་བྱེད་གཞུང་སྨྲའི་བྲམ་ཟེའི་སློབ་དཔོན་ངང་གིས་དབང་དུ་འདུས།།
རྒྱལ་བ་སྲས་དང་བཅས་པར་བསྙེན་བཀུར་མཆོད་དབྱངས་གྱེར་པས་ཀྱང་།།
ལོ་རིམ་གསུམ་པ་ཁ་སྡེའི་སློབ་གཉེར་བ། ཟླ་དབང་རྡོ་རྗེ་ལོ་བླ་མ།
གྲགས་པའི་ཕུལ་བྱུང་།
མགོན་ཁྱོད་བརྩེ་བས་གཞན་དོན་ཁོ་ན་ལ།།
གཞོལ་བའི་རྣམ་དཀར་བསོད་ནམས་ཕུང་པོའི་གཟུགས།།
འཆི་མེད་ལམ་གྱིས་གཞལ་ནུས་མིན་པ་དེ།།
ནོར་འཛིན་མ་ཡིས་འདེགས་ནུས་ངོ་མཚར་ཆེ།།
འགྲོ་རྣམས་གྲོལ་བར་ཐོབ་པའི་མགོན་གཅིག་པུ།།
མཉམ་མེད་ཤཱཀྱ་སེང་གེའི་ཆོས་ཀྱི་གླུ།།
སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡོངས་ཤོང་བ།།
སྲིད་གསུམ་སྣོད་འདིའི་རྒྱ་ཁྱོན་ཨེ་མ་མཚར།།
ལོ་རིམ་བཞི་པ་ཀ་སྡེའི་སློབ་གཉེར་བ། མགོན་པོ་དབང་རྒྱལ།
གྲགས་པའི་ཕུལ་བྱུང་།
འོ་མཚོ་ལས་འཁྲུངས་རིག་བྱེད་བདག་པོའི་ཐུགས་རབ་དགྱེས་པའི་བློ་ཡི་གཏེར།།
ལེགས་བཤད་གསུང་གི་བདུད་རྩིར་འཁྱིལ་བ་དྲི་བྲལ་ནམ་མཁའི་མཛོད་འཆང་བ།།
དད་པའི་པདྨོ་རྒྱས་པ་དག་ལ་ཕན་བདེའི་རྒྱ་མཚོས་རབ་འཚོ་མ།།
ལྷ་ཡི་ལྷ་མཆོག་ཡེ་ནས་འདས་མ་ངོ་མཚར་མཚན་ལྡན་རྣམ་པར་རྒྱལ།།
ལོ་རིམ་བཞི་པ་ཀ་སྡེའི་སློབ་གཉེར་བ། ཐུགས་རྟེན་ཤེས་རབ།
སེམས་མེད་རབ་རྟོག
བདག་གི་སྐྱབས་གཅིག་གྲུབ་དབང་བླ་མ་ཡི།།
གཟུགས་སྐུའི་འོད་མདངས་ཀུན་ལས་ལྷག་པ་འདི།།
མ་བཟོད་གཉིས་སྐྱེས་རྒྱལ་པོ་དཔུང་དང་བཅས།།
ཀུན་གསལ་ལྷ་ལམ་ཞིང་དུ་བྲོས་པར་སྙམ།།
རིན་ཆེན་སྣ་ལྔས་བརྒྱན་པའི་དཔལ་རི་ཡི།།
མཚར་སྡུག་འོད་གསལ་ལྷ་ཡི་ཞིང་ཁམས་ནས།།
བརྐུས་པར་སེམས་ཤིང་ཉེས་པས་འཇིགས་སྐྱོབ་ཕྱིར།།
ནམ་དུའང་དཔའ་བོ་མཁའ་འགྲོས་སྲུང་བཞིན་མཆིས།།
རབ་དཀར་བསིལ་ཟེར་ཅན་གྱི་བཞིན་རས་དེ།།
མཚན་མོའི་ལྗོངས་སུ་འཛུམ་མདངས་འཕྲོ་བའི་ཚེ།།
འདབ་བརྒྱའི་སེམས་ཀྱིས་མ་བཟོད་ཕྲག་དོག་གིས།།
ལོ་མ་ཟུམ་ནས་མལ་དུ་ཡིབས་པ་འདྲ།།
ལོ་རིམ་བཞི་པ་ཁ་སྡེའི་སློབ་གཉེར་བ། ཡེ་ཤེས་རྒྱ་མཚོ།
༡༽ སྔོན་མེད་བསྡུས་བརྗོད་ཀྱི་དཔེ།
མུན་པ་མཐའ་དག་ཅིག་ཅར་འཇོམས་ནུས་པའི།།
རྟ་བདུན་དབང་པོ་འོད་ཟེར་ཕྲེང་བ་ཅན།།
ལྟ་བས་མི་ངོམ་མིག་གི་དགའ་སྟོན་མཆོག།
དུས་ཀྱི་དབང་གིས་སླར་ཡང་འཆར་བར་འགྱུར།།
༢༽ ཕན་ཚུན་མེད་པའི་བྱེད་རྒྱུའི་དཔེ།
མཛེས་པའི་ཡུལ་ལྗོངས་འདི་ནི་དག་ཞིང་མིན།།
མཛའ་བརྩེ་ལྡན་པའི་མི་རྣམས་གྲོགས་ངན་མིན།།
འཇིག་པའི་ཆོས་ཅན་འདུ་འཛིའི་བྱ་གཞག་ལ།།
འཇུག་པ་མིན་ཕྱིར་བདག་བློ་རབ་ཏུ་བདེ།།
༣༽ ཐ་དད་ཚིག་འདྲའི་སྦྱར་བའི་དཔེ།
ལོངས་སྤྱོད་ཚལ་དུ་ལས་ཀྱིས་མཐོང་བ་དག།
མཛེས་པའི་བྱད་བཞིན་ཡིད་རབ་ཆགས་པར་བྱས།།
སྐད་ཅིག་འགྱུར་བའི་ཡུལ་ལ་ཞེན་པ་རྣམས།།
སྒྱུ་མའི་སྣང་བས་བསླུས་པ་མ་ལགས་སམ།།
ལོ་རིམ་བཞི་པ་ཁ་སྡེའི་སློབ་གཉེར་བ། རྡོ་རྗེ་དཔལ་བཟང་།
༡༽ ཐེ་ཚོམ་ཕུལ་བྱུང་།
རབ་མཛེས་གྲུབ་དབང་བླ་མའི་ཞལ་འཛུམ་འདི།།
སྟོན་ཟླ་འབུམ་གྱི་དཀྱིལ་འཁོར་ཤར་བ་དེས།།
མཚོན་པར་ནུས་སམ་མི་ནུས་གང་ཡིན་ཞེས།།
བདག་གི་ཡིད་ཉིད་རྣམ་པར་འཕྱང་མོ་ཉུག།
གྲུབ་པའི་དབང་ཕྱུག་གང་གི་བློ་གྲོས་ཡངས་པའི་ཐུགས།།
ཟབ་རྒྱས་ཤེས་བྱའི་རྒྱུ་སྐར་ཚོགས་ཀྱིས་བརྒྱན་པ་འདི།།
གལ་ཏེ་གཟུགས་སུ་གྱུར་ན་ལྷ་ལམ་ཡངས་པོ་འདིར།།
ཤོང་ངམ་མི་ཤོང་ཐེ་ཚོམ་ད་དུང་ལྡོག་མ་གྱུར།།
མི་མཇེད་འཇིག་རྟེན་སྐྱོང་བའི་ཀློང་ཆེན་དང་།།
བློ་གསལ་མན་ངག་འདོམས་པའི་རྗེ་བླ་མའི།།
གསང་གསུམ་ཡོན་ཏན་རྒྱ་མཚོ་རྒྱལ་བས་ཀྱང་།།
བརྗོད་པར་ནུས་སམ་བདག་ཡིད་འཕྱང་མོ་ཉུག།
ལོ་རིམ་བཞི་པ་ཁ་སྡེའི་སློབ་གཉེར་བ། གནས་བརྟན་རྡོ་རྗེ།