སེམས་ལ་ཟུག་པའི་མི།

ལོ་རིམ་ལྔ་པའི་སློབ་གཉེར་བ། དཀོན་མཆོག་བསམ་གཏན།

སེམས་ཀྱི་མི་དེ་རྒྱང་ལ་ལྷག་དུས།།
དྲན་པའི་སྡུག་གི་ཆུ་བོ་དེ་ཡང་།།
ཁྲ་ཆུང་མིག་གི་ཟུར་མཐའ་འདི་ནས།།
གཙང་པོའི་རླབས་བཞིན་འཛད་མེད་འཕྱུར་བྱུང་།།

རི་བོ་ཞིག་གི་ཕར་རྒྱབ་ཡིན་རུང་།།
བར་གྱི་ཟམ་པ་ལས་ཀྱིས་བཟུང་བས།།
ཁྱོར་བ་ཡ་གཅིག་གདོང་ལ་བཀན་ན།།
ཁྱེད་ཀྱི་བཞིན་མདངས་རྣམ་པ་དོད་འོང་།།

གནམ་གྱི་རྒྱལ་མོའི་བཀོད་སྒྲིག་འོག་ནས།།
ལང་ཚོའི་འདབ་མ་སོ་སོར་བྲལ་ཡང་།།
ཚོར་གཏིང་བརྐོས་པའི་རི་མོ་དེ་ནི།།
སུབ་ཕྱིས་བརྡར་གསུམ་ནུབ་རྒྱུ་མི་འདུག།།

ལོ་ཟླ་རིང་མོ་ཇི་ཙམ་སོང་རུང་།།
དྲན་གདུང་རྨ་ཁའི་མཐུད་མཚམས་དེ་ནས།།
ངུ་མ་དགོད་ཀྱི་ཚོར་སྣང་ཁྲ་བོ།།
སེམས་ཁམས་འདི་ན་བསྟིམས་ནས་བསྡད་འདུག།།

ལས་ཀྱི་ཕོ་ཉས་ཁ་ཐོར་བྱས་ཀྱང་།།
གཟུགས་མེད་རྣམ་ཤེས་འཁྱམ་པོ་དེ་ནི།།
སྙིང་གི་འཁྲིས་ལ་གནས་ཚང་གཡར་ནས།།
རྨི་ལམ་གྲོང་ནས་ཁྱེད་རང་བཙལ་ཡོད།།

མི་ཡུལ་ཐང་ལ་མི་ཚེ་བསྐྱལ་ཏེ།།
སྐྱིད་མ་སྡུག་གི་ཚོར་སྣང་མང་ཡང་།།
ཡིད་ཀྱི་མེ་ལོང་ཟུར་ངོས་ཤིག་ན།།
ཆུང་ནས་གཤིབས་པའི་མི་དེ་འཁོར་བྱུང་།།

ས་མཐའི་ནགས་ཀྱི་ཁུག་པ་འདི་ནས།།
གྲོགས་ཀྱི་ཚུགས་ཀའི་རྣམ་འགྱུར་དེ་ཡང་།།
སྲོག་སྐུད་ཕྲ་མོ་མ་ཆད་བར་ལ།།
ཞེན་ཆགས་འདི་ཡིས་གློད་ས་མ་རེད།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།