ཡུལ་དིང་རི་དྲན་ན་སྙན་ངག་ཡོད།

ལོ་རིམ་ལྔ་པའི་སློབ་གཉེར་བ། བཤད་སྒྲུབ་ཉིན་བྱེད།

ཉི་མའི་འོད་སྣང་སྤྲིན་ལ་ཐོགས།།
རེག་འཇམ་ཆར་འབྲུ་རླུང་གིས་སྤུར།།
རི་ལུང་དག་ཀྱང་སྣུམ་ཤིག་གེ།
ཁོར་ཡུག་འདི་ལ་ལྷིང་འཇགས་ལྡན།།

གསེར་གྱི་ཕོ་བྲང་མིག་ལ་མཛེས།།
གྲགས་པ་དག་ཀྱང་མཁའ་ལ་འཕྱོ།།
རྨི་ལམ་ཤེལ་གྱི་ཕོ་བྲང་ན།།
རང་ཡུལ་ལུང་པའི་སྣང་ཆ་གྲུབ།།

བས་མཐའི་གྲུབ་ཆ་བསམ་ལས་འདས།།
དག་པའི་ཞིང་ཡང་སྐྱེངས་པར་བྱེད།།
རྡོ་ཕུང་རྩིག་པའི་ཕ་སའི་ཁམས།།
མ་བརྗེད་དྲན་པའི་ཀློང་ན་འགུལ།།

སྟོན་པའི་སྐད་ལ་རྣ་བ་བླགས།།
སེམས་གསོ་ཞིག་གི་གྲུབ་ཆ་བླངས།།
རྣམ་རྟོག་རྟ་ཕོ་རྒོད་དྲགས་པས།།
རང་ཡུལ་ཐང་ལ་ཡང་ཡང་ཤོར།།

དྲན་གདུང་ནད་རོ་སོར་རྩེར་ལུད།།
ཤོག་བུའི་ཐང་ལ་སྐྱུག་ཙམ་བྱས།།
ཕོ་གཞོན་ཞིག་གིས་ཤུགས་ལྡན་ཀྱང་།།
མིག་ཆུ་རྐང་གཉིས་ཤར་རེ་ཤོར།།

བས་མཐའི་ཤིང་ལོ་རྡོག་པས་བརྫིས།།
ལོ་ཟླའི་གོག་འགྲོས་ལས་ཀྱིས་དེད།།
ཡིད་ཀྱི་མེ་ལོང་ནག་པོ་རུ།།
ཕ་སའི་བཀོད་པ་འཇའ་ཚོན་འཁྱུག།།

གཉིད་དུ་ཡུར་བའི་འཇིག་རྟེན་དུ།།
སྣང་བའི་ཁ་དོག་ནག་པོར་གྱུར།།
དྲན་གདུང་སྙིང་གི་བུ་ག་ན།།
རང་ཡུལ་ཉི་ཟླའི་རྣ་ཆ་དཔྱངས།།

སྣང་བའི་ཕག་ན་མུན་པ་ཡོད།།
སྒྲོན་མེ་རྐང་གཅིག་མགྲོན་དུ་བོས།།
སུས་ཀྱང་བོར་བའི་ཁང་ཆུང་ནས།།
ཞེན་ས་འཁྲེང་ས་གཅིག་ལས་མེད།།

འཕགས་ཡུལ་ལོ་མའི་གསེང་ལ་ལྷུང་།།
འདབ་རྒྱའི་མེ་ཏོག་བསམ་ལས་འདས།།
བདག་སེམས་སྙིང་གི་སྦྲང་ཕྲུག་ཅན།།
གངས་རིའི་ཡུལ་ལ་ཕུར་ལྡིང་རྩེན།།

བེམ་གཟུགས་སྒྱུ་ལུས་གོག་ལ་ཉེ།།
རྣམ་རིག་གྲུང་ཤ་འཐོར་ལ་ཁད།།
ཤ་ཁྲག་བསླས་པའི་སྒྱུ་མའི་ལུས།།
དིང་རིའི་ཡུལ་དུ་གཡུག་ན་སྙམ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།