ང་ཁྱོད་དང་འབྲལ་མྱོང་མེད།

སྔོན་འགྲོ་འཛིན་གྲྭའི་སློོོབ་གཉེར་བ། ཐུབ་བསྟན་དབང་གྲགས།

ཨ་སྔོན་གནམ་ནས་འཕུར་བའི་བྱ་རྒོད་དེ་ཁྱོད་ཡིན་ན།།
དོག་མོ་ས་ནས་འགྲོ་བའི་གངས་སེང་དེ་ང་ལོས་ཡིན།།
གནམ་སའི་བར་ནས་རྒྱུ་བའི་ཆུ་འཛིན་དེ་ཁྱོད་ཡིན་ན།།
ཆུ་འཛིན་ཁ་ནས་ཤོར་བའི་རླན་གཤེར་དེ་ང་ལོས་ཡིན།།

མཐོན་པོ་རི་ལ་སྐྱེས་པའི་ནགས་ཚལ་དེ་ཁྱོད་ཡིན་ན།།
དམའ་མོ་ཐང་ལ་འབུས་པའི་ཆུ་སྐྱེས་དེ་ང་ལོས་ཡིན།།
རི་ཐང་བར་ལ་གནས་པའི་ཕྱུགས་ཟོག་དེ་ཁྱོད་ཡིན་ན།།
ཕྱུགས་ཟོག་རྗེས་སུ་སྙེག་པའི་རྫི་བོ་དེ་ང་ལོས་ཡིན།།

དགུན་ཁ་ལྷབ་ལྷུབ་འབབ་པའི་ཁ་བ་དེ་ཁྱོད་ཡིན་ན།།
དབྱར་ཁ་ལྷུང་ལྷུང་བཞུར་བའི་ཆུ་བོ་དེ་ང་ལོས་ཡིན།།
དབྱར་དགུན་དབར་གྱི་ནམ་ཟླ་རིང་མོ་དེ་ཁྱོད་ཡིན་ན།།
ནམ་ཟླའི་གྲོགས་སུ་གྱུར་པའི་ཕོ་ཉ་དེ་ང་ལོས་ཡིན།།

ཕྱག་ཟུང་བལ་ལས་འཇམ་པའི་ལྷ་མོ་དེ་ཁྱོད་ཡིན་ན།།
ཁྱོད་ཀྱི་ཕྱག་ཏུ་ཐོགས་པའི་རྒྱུད་མངས་དེ་ང་ལོས་ཡིན།།
སྙན་འཇེབས་རྣ་བ་གསོ་བའི་སྒྲ་དབྱངས་དེ་ཁྱོད་ཡིན་ན།།
པི་ཝང་སྒྲ་ལ་ཆགས་པའི་རི་དྭགས་དེ་ང་ལོས་ཡིན།།

ཟངས་གསེར་རྒྱ་ཕིབས་ཅན་གྱི་ལྷ་ཁང་དེ་ཁྱོད་ཡིན་ན།།
རིན་ཆེན་དངུལ་ལས་གྲུབ་པའི་འདྲ་སྐུ་དེ་ང་ལོས་ཡིན།།
ལྷ་མདུན་སོར་བཅུ་སྦྱོར་བའི་དད་ཅན་དེ་ཁྱོད་ཡིན་ན།།
ཁྱོད་ཀྱིས་ཕུལ་བའི་དྭངས་གཙང་ཁ་བཏགས་དེ་ང་ལོས་ཡིན།།

ཐག་རིང་གནས་མཇལ་ཡོང་བའི་རྒན་པོ་དེ་ཁྱོད་ཡིན་ན།།
ཁྱོད་དང་འབྲལ་ཐབས་མེད་པའི་དད་སེམས་དེ་ང་ལོས་ཡིན།།
རྒན་པོས་འདོར་དུ་མེད་པའི་རྡོག་ཁྲེས་དེ་ཁྱོད་ཡིན་ན།།
རྡོག་ཁྲེས་ནང་གི་ལྕི་བའི་དངོས་པོ་དེ་ང་ལོས་ཡིན།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།