ཨ་མ།

ལོ་རིམ་གསུམ་པའི་སློབ་གཉེར་བ། བསྟན་འཛིན་ལེགས་གྲུབ།

རྒྱང་གི་རི་བོའི་རྩེ་ནས་དལ་འཕགས་པའི།།
ཞོགས་པའི་ཉི་འོད་གཞོན་ནུའི་མཛེས་པ་དེ།།
དཀར་སེར་དམར་མདངས་འཕྲོ་ཞིང་མཛེས་པ་ཡི།།
ཨ་མའི་ཞལ་རས་ལ་ནི་རབ་ཏུ་འགྲན།།

སིར་སིར་ལྷོ་རླུང་གྲང་མོས་རེག་ཙ་ན།།
ཟང་ཟིང་ལུས་ཀྱི་བ་སྤུ་ལྡང་བཞིན་དུ།།
ཐག་རིང་ཡུལ་ན་བཞུགས་པའི་ཨ་མ་ཡི།།
དྲོ་འཇམ་ལྡན་པའི་པང་ཉིད་ལྷང་ལྷང་དྲན།།

ཁྱོད་ཀྱི་ལྷད་མེད་བྱམས་བརྩེའི་ཟིལ་མངར་དེ།།
བཅུད་འཛིན་སྦྲང་རྩི་ཁོ་ནར་མཚུངས་ལགས་ཀྱི།།
དཔེར་འོས་གཞན་འགའ་ས་གསུམ་གང་དུ་ཡང་།།
བུ་ངས་ལན་བརྒྱར་བརྟགས་ཀྱང་ཡོངས་མ་དམིགས།།

གལ་ཏེ་དགུང་གི་དཀར་གསལ་ཟླ་བ་ལ།།
དགའ་བའི་འཛུམ་གྱིས་བསུ་བའི་གསུང་སྐད་ཀྱིས།།
བརྩེ་བའི་བསླབ་ཚིག་འདོམས་པའི་ནུས་ལྡན་ན།།
བུ་ངའི་ཨ་མའི་རྗེས་སུ་རྐང་པ་འཇོག།།

བྱམས་བརྩེའི་དྲིན་གྱིས་བསྐྱངས་པའི་ཨ་མ་ཡི།།
ཞལ་རས་ཡང་དག་མཇལ་བའི་ཟླ་བ་དེ།།
སྤྲིན་ལམ་རྒྱུ་སྐར་དབུས་ན་མཛེས་པ་ནི།།
མིག་ལ་སྣང་བ་ཙམ་གྱིས་དགའ་སྣང་སྟེར།།

ནམ་མཁའི་འཇའ་རིས་མཛེས་ཀྱང་རླུང་གིས་གཡོ།།
ལྦུ་བ་མིག་ལ་མཛེས་རུང་གློ་བུར་ཡལ།།
སྙིང་ལ་རྟག་ཏུ་མཛའ་བའི་ཨ་མ་ཡི།།
མཚར་སྡུག་ཡོན་ཏན་རྗེས་སུ་ག་ལ་འགྲོ།།

གསེར་མདངས་འཕྲོ་བའི་དགོང་གའི་རྟ་བདུན་དབང་།།
དལ་གྱིས་ནུབ་རིའི་ཕག་ཏུ་ལྷུང་ཙ་ན།།
ཨ་མའི་ཞལ་རས་དོན་གཉེར་བུ་ཆུང་གིས།།
མཆི་མས་མིག་མཐའ་བརླན་ནས་རྗེས་སུ་སྙེག།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།