༸གོང་ས་མཆོག་ལ་བསྟོད་པ་སེམས་ཀྱི་སྦྲང་ཆར།

ལོ་རིམ་ལྔ་པའི་སློབ་གཉེར་བ། པདྨ་ཆོས་དར།

གསེར་སྐུད་ཕྲ་མོའི་ཕྲེང་བ་ཁ་བའི་རྒྱན།།
དངུལ་ཐག་དཀར་པོའི་ཕུ་མདའ་གངས་ལ་སྦྲེལ།།
དྲི་མེད་སེམས་ཀྱི་རང་མདངས་དཀར་པོ་དེས།།
གཞིས་བྱེས་ཡོངས་ལ་གཙང་ཆུ་དྲོན་མོ་སྟེར།།

མཛེས་སྡུག་སེར་པོའི་གོས་ཀྱི་ཐུ་འོག་ཏུ།།
བཙུན་པའི་ལང་ཚོའི་ལེགས་ཚོགས་རབ་ཏུ་བཞད།།
སྐུ་ཡི་བཀོད་པ་རེ་རེའི་འདབས་རོལ་ན།།
ལྷད་མེད་གཤིས་ཀའི་བརྩེ་སེམས་སྣང་བ་འབྱིན།།

རབ་དཀར་འཛུམ་བཟང་ཁྲ་མོའི་གྲིབ་གཟུགས་ན།།
རྒྱུས་མེད་དབུལ་ཕྱུག་ཀུན་ཀྱིས་ཡིད་དབང་འཕྲོག།
བརྟག་དཔྱད་བདེན་པ་བརྡར་བའི་མཇུག་འབྲས་ལ།།
འཚེ་མེད་ལྟ་གྲུབ་རིག་པའི་སོན་རྩ་བཞག།།

བསླབ་གསུམ་ནོར་བུའི་དྲི་བསུང་རྣལ་དུ་འཚེར།།
མདོ་སྔགས་བསྟན་པའི་ལང་ཚོ་གཙུག་ཏུ་བསྙེན།།
ཉམ་ཐག་འགྲོ་བའི་སྒྲོན་མེ་མུན་སེལ་མཆོག།།
འཆི་མེད་ལམ་གྱི་རྒྱུ་སྐར་བཞིན་དུ་འཚོལ།།

སྟོན་ཁའི་མཁའ་དབྱིངས་ཇི་བཞིན་དྭངས་མ་ཡིས།།
དཔྱིད་ཀའི་ཁུ་བྱུག་མགྲིན་པའི་གསུང་དབྱངས་སྒྲོག།།
དགུན་ཁའི་ཁ་བ་འབབ་འདྲའི་བརྩེ་སེམས་ལ།།
དབྱར་གསུམ་མེ་ཏོག་བཞད་པས་དྲི་བསུང་ཐུལ།།

དུས་གསུམ་རྒྱལ་བ་ཀུན་ཀྱི་ཐུགས་སྲས་ཤིག།།
བསིལ་ལྡན་ཁ་བ་རི་པའི་གཅེས་ཕྲུག་ཅིག།།
འཛམ་གླིང་གོ་ལ་ཧྲིལ་པོའི་དབུ་ཁྲིད་ཁྱེད།།
ས་ཡ་དྲུག་པོའི་སྙིང་གི་འདྲེན་པ་མཆོག།།

བཙན་པོའི་གདུང་རྒྱུད་རིས་སུ་མ་ཆད་པར།།
ཁ་བའི་ཟུངས་ཁྲག་བཞུར་རྒྱུན་དྭངས་མ་ལ།།
ཤེལ་དཀར་ལྷུན་པོའི་རང་བཞིན་ལྷད་མེད་ཅིག།།
རང་སྐལ་ཐོབ་པའི་རྣམ་འདྲེན་རྒྱལ་དབང་མཁྱེན།།

དེ་ལྟར་བྲིས་པའི་བསྟོད་དབྱངས་སྦྲང་ཆར་འདིས།།
ཡིད་བཞིན་ནོར་བུའི་ཐུགས་དགོངས་མཛེས་བྱས་ནས།།
བསོད་ནམས་དམ་པའི་གནས་མཆོག་ཞིང་ས་ལ།།
གདུལ་བྱའི་སྐྱེ་བོའི་ཚོགས་རྣམས་སྨིན་གྱུར་ཅིག།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།