སྙིང་ནས་དད་པའི་མཆོད་སྤྲིན།

ལོ་རིམ་དྲུག་པའི་སློབ་གཉེར་བ། འཆི་མེད་དབང་གྲུབ།

མི་མཇེད་བདག་པོའི་རིང་ལུགས་མ་ནོར་བར།།
སྐྱོང་བའི་པཎ་གྲུབ་ལྔ་བརྒྱའི་གཙུག་གི་ཏོག།།
བི་མའི་མཚན་ཅན་སྙིང་རྗེས་མ་བཟོད་པར།།
སྲིད་པར་བཟུང་བ་གྲུབ་པའི་དབང་པོ་རྒྱལ།།

འཇིགས་མེད་ཐུགས་བསྐྱེད་བཟང་པོའི་འོད་ཟེར་གྱིས།།
དྲི་མེད་ཐུབ་པའི་བསྟན་པ་མ་ལུས་པ།།
བཤད་སྒྲུབ་ཟུང་འཇུག་ལམ་ནས་གདུལ་བྱ་ལ།།
གསལ་མཛད་ཆོས་ཀྱི་སྒྲ་དབྱངས་ཀུན་ཏུ་ཁྱབ།།

ཁྱད་པར་རྒྱལ་བསྟན་ཕྱི་མོ་སྔ་འགྱུར་བའི།།
ལུང་རྟོགས་བསྟན་པ་ནུབ་རིར་ཕྱོགས་པ་ན།།
མུན་པའི་ཀློང་ནས་འོད་སྟོང་བཀྱེས་པ་བཞིན།།
རྨད་བྱུང་སྙིང་པོའི་སྙིང་པོ་སྤེལ་བར་མཛད།།

མདོར་ན་བསླབ་གསུམ་ནོར་གྱིས་ཕྱུག་པའི་རྗེ།།
བསྟན་འགྲོའི་དོན་དུ་ཡུད་ཙམ་ལྷོད་མེད་པར།།
འབད་པའི་མཛད་ཕྲིན་ནོར་བུའི་བང་མཛོད་ལས།།
ཕྱོགས་ཙམ་བགྲངས་ཀྱང་གྲངས་ཀྱིས་ལང་མི་འགྱུར།།

རེ་ཞིག་གདུལ་བྱའི་རྟག་འཛིན་ལྡོག་པའི་ཕྱིར།།
དགོངས་པ་ཞི་བའི་དབྱིངས་སུ་གཟིམས་ཚུལ་གྱིས།།
སྐྱབས་མེད་ཤུལ་དུ་ལུས་པའི་སེམས་ཅན་རྣམས།།
དུཿཁས་མནར་བའི་མཆི་མ་མཁུར་མགོར་འགྲིལ།།

འོན་ཀྱང་ལོ་ཟླ་ཤས་ལས་མ་འགྱངས་པར།།
ལང་ཚོ་གསར་པ་བཞད་པའི་རྣམ་ཐར་རྣམས།།
རྣ་བའི་ལམ་ནས་སྙིང་ལ་སིམས་པ་ན།།
ཡིད་ཀྱི་དགའ་སྟོན་གསར་པ་ངང་གིས་འཕེལ།།

ཁྱེད་སྐུ་ལོ་ཟླའི་བགྲོད་པ་མ་རྫོགས་ཀྱང་།།
མཁས་དང་གྲུབ་པ་བརྒྱ་མ་སྟོང་གི་དབུས།།
རིན་ཆེན་དང་པོའི་ཁྲི་ལ་མངའ་གསོལ་ཚེ།།
དམ་པའི་ཚུལ་བཟང་རྦ་རླབས་སྲིད་ན་གཡོ།།

མི༷་འགྱུ༷ར་བདེ༷་ཆེ༷ན་དག་པའི་ཀློང་ཡངས་ནས།།
རྣལ་འབྱོར་ག༷ར་གི་དབ༷ང་ཕྱུག་སྤྲུལ་པའི་སྐུ།།
ཁམས་གསུམ་ཟི༷ལ་གྱིས་གནོ༷ན་པའི་སེང་ཁྲིའི་སྟེང་།།
སྐྱེ་དགུ་འདུལ་བའི་དཔའ་བོ་རྡོ༷་རྗེ༷་ཆེ།།

ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་ཉི་གཞོན་གྱིས།།
རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བའི།།
དཔལ་གྱི་འདབ་ཅན་ལང་ཚོ་རྒྱས་པའི་བཅུད།།
བདག་སོགས་བུང་བའི་ཚོགས་ཀྱིས་མྱོང་བར་ཤོག།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།