༢༩༽མངོན་བརྗོད་ལས་ཉེ་བར་མཁོ་བའི་མིང་གི་རྣམ་གྲངས་འགའ་ཞིག

རྩོམ་སྒྲིག་པ།

རི་བྱིའི་མིང་།

མདོངས་སེལ་བུམ་སྐྱེས་ཆུ་ལྷའི་བུ།།
ཨ་གསྟྱཿརྣམས་རི་བྱིའི་མིང་།།
༡༽ མདོངས་སེལ། སྐར་མ་རི་བྱི་ཤར་བ་དང་མདོངས་མཐའ་ཅན་གདུང་བ་སེལ་བར་བྱེད་པའི་དོན་ལ་འཇུག ཡང་འགྲེལ་ཚུལ་གཞན་ནི། འདིར་འཛམ་བུ་གླིང་གི་ལྷོ་ཕྱོགས་ལ་གནས་ནས་ཆུའི་ནང་གི་དུག་རྣམས་སེལ་བ་སྟེ། རི་བྱི་མཐོང་བའི་ཆུ་རྣམས་ནི་དུག་མེད་ཅེས་འཇིག་རྟེན་ན་ཡང་སྐར་ཆུ་དུག་མེད་པར་གྲགས་ཞེས་འགྲེལ་བའང་སྣང་།
༢༽ བུམ་སྐྱེས། དྲང་སྲོང་ཆུ་ལྷ་ཞེས་བྱ་བས་ལྷ་མོ་ཨོ་སྦ་ཤ་མཐོང་བས་ཁུ་བ་ཤོར་བ་དེ་བུམ་པར་བླུགས་པ་དེ་ལས་བྱུང་ཟེར།
༣༽ ཆུ་ལྷའི་བུ། དྲང་སྲོང་ཆུ་ལྷའི་ས་བོན་ལས་སྐྱེས་ཞེས་པའི་དོན་ལ་གོ
༤༽ ཨ་ག་སྷྱ༔ལེགས་སྦྱར་སྐད་ཐོག་ནས་རི་བྱི་ཞེས་པའི་དོན་ལ་འཇུག

གཟའ་སྒྲ་གཅན་མིང་།

མཐོ་རིས་སྣང་བྱེད་མུན་པ་ཅན།།
སྲིད་གསུམ་རྣམ་རྒྱལ་རཱ་ཧུ་ལ།།
སེང་གེ་མོའི་བུ་སྒྲ་གཅན་མིང༌།།
༡༽ མཐོ་རིས་སྣང་བྱེད། སྒྲ་གཅན་གྱིས་ནམ་མཁའ་གསལ་བར་བྱས་པ་བཞིན་ལྷའི་གནས་ཀྱང་གསལ་བར་གྱུར་པས་ན་མིང་དེ་ལྟར་ཐོགས་སོ།།
༢༽ མུན་པ་ཅན། སྒྲ་གཅན་གྱི་མགོ་མཇུག་གཉིས་ཀྱིས་ཉི་ཟླ་སྒྲིབ་པར་བྱེད་པའི་དོན།
༣༽ སྲིད་གསུམ་རྣམ་རྒྱལ། ཁམས་གསུམ་ཟིལ་གྱིས་གནོན་པས་དེ་ལྟར་ཐོགས་སོ།།
༤༽ རཱ་ཧུ་ལ། ལེགས་སྦྱར་སྐད། གཟའ་མཆོག་གི་རྒྱལ་པོ་རཱ་ཧུ་ལ་སྟེ་སྒྲ་གཅན་ལ་གོ
༥༽ སེང་གེ་མོའི་བུ། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། དྲང་སྲོང་འགྲོ་སྐྱོབ་གསེར་ཅན་གྱི་སྲིང་མོ་སེདྒེ་མ་ཞེས་པ་དེའི་བུ་ཡིན་པར་བཤད།

རྭ་བའི་མིང་ནི།

རྭ་བ་ཡོངས་བསྐོར་ལྕགས་རིའི་མིང༌།།
༡༽ རྭ་བ། བདག་ཏུ་བཟུང་བའི་ཁང་པ་ས་ཞིང་སོགས་ཕྱི་ལ་མི་ཤོར་ཆེད་མཐའ་ནས་བསྐོར་བའི་དོན་ལ་འཇུག
༢༽ ཡོངས་བསྐོར། རྭ་བ་དེ་ཉིད་ཕྱོགས་དང་མཚམས་ཐམས་ཅད་ནས་མུ་ནས་མུར་སྦྲེལ་ཏེ་མ་ལུས་པར་ཡོངས་སུ་བསྐོར་བས་ན་མིང་དེ་ལྟར་ཐོགས།

གཅན་གཟན་གྱི་མིང་།

གཅན་གཟན་གཏུམ་པོ་དོམ་ལ་སྟེ།།
༡༽ གཅན་གཟན། གཙོ་བོ་ཤ་ཁྲག་ཟས་སུ་བསྟེན་ནས་འཚོ་བའི་རི་སྐྱེས་སྲོག་ཆགས་སྤྱིའི་མིང་ལ་གོ
༢༽ གཏུམ་པོ། གཅན་གཟན་དེ་རྣམས་རང་གཤིས་རྩུབ་ཅིང་ཁོང་ཁྲོས་མ་ཐག་མཆེ་སྡེར་ངོམས་པས་ན་མིང་དེ་ལྟར་ཐོགས།

དྲེད་ཀྱི་མིང་།

རི་དྭགས་ཟ་བ་དྲེད་ཀྱི་མིང་།།
༡༽ རི་དྭགས་ཟ་བ། ཉམས་ཆུང་གི་རི་དྭགས་རྣམས་བསད་ནས་ཟས་སུ་བསྟེན་པའི་ཕྱིར་ན་མིང་དེ་ལྟར་ཐོགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།